ང་ཡི་ཁེར་རྐྱང་མེ་ཏོག་གི་ལྡུམ་ར་ཞིག་ཡིན། I གསར།

 

ང་ཡི་ཁེར་རྐྱང་མེ་ཏོག་གི་ལྡུམ་ར་ཞིག་ཡིན། 

 

རྩོམ་མཁན་ཨེ་ཌོ་ནེ་སི། སྒྱུར་མཁན་ན་བུན།

____ཨེ་ཌོ་ནེ་སིའི་ཁྲག____ཚན་བསྒྱུར། 

༡༽

ཁེར་རྐྱང་ནི་མ་ཏོག་གི་སྐྱེད་ཚལ་ཞིག་རེད། ཡིན་ནའང་དེ་གར་མེ་ཏོག་རྐང་གཅིག་ལས་སྐྱེས་མེད། 

རེ་ཆད་ནི་ཆེས་རིང་བའི་མཛུབ་མོ་ལྔ་རེད། ཡིན་ནའང་དེ་ཡིས་ཕྱེ་ལེབ་ཤི་བོ་གཅིག་པུ་ལས་མི་ཟིན། 

སྐྱོ་སྡུག་གི་དུས་སུ། ཐ་ན་ཉི་མའི་འོད་མདངས་ཀྱང་རྒུད་འགྲོ། 


འཆི་བདག་ནི་མིག་མདུན་ནས་མངོན་རུང་། གློ་བུར་རྒྱབ་ཕྱོགས་ནས་འཇབ་འོང་། 

གསོན་པའི་རེ་བཞག་མདུན་ཕྱོགས་ན་ཡོད། 


སྨྱོ་འཚབ་ནི་བྱིས་པ་བསམ་མེད་ཅིག་སྟེ། གནས་ལུགས་ཀྱི་སྐྱེད་ཚལ་ནས། ཆེས་ཡིད་འོང་གི་སྐྱོ་གར་འཁྲབ། 

དུས་ཚོད་ནི། དགའ་བྲོད་ཀྱིས་འཕྱུར་ཏེ། སྐྱོ་གདུང་གིས་མེར་ཡོང་།


ཕྱིར་འདང་གིས། དྲན་འཆལ་གྱི་རྒྱུད་སྐུད་སྟེང་དུ། སྐྱོ་སྨྲེང་གི་རོལ་དབྱངས་དཀྲོལ།

འཇིག་རྟེན་གྱིས། ང་ཡི་ཕུང་བོར་འབྲད་དེ། རྨ་ཁར་གཤོག་པ་ཐོགས་བྱུང་། 


མིན་ནག་གིས། ང་ལ་ནག་ཐོམ་མེར་རྡེག་ནས། ང་ནི་དཀར་གསལ་ལེར་གྱུར་སོང་། 

ད་དུང་ཁེར་རྐྱང་ནི། ང་རང་འོད་སྣང་ལ་ཕྱོགས་པའི་ཐེམ་སྐས་ཤིག་ཡིན།

སྙན་ངག ཟམ་གྲུ་འདི། གདོད་ནས་ངོས་ཟིན་ཁག་པའི་ཁྱེད་རང་ཉིད་དང་།
ཁྱེད་ཀྱིས་གཏན་ནས་མ་རྟོགས་པའི་འཇིག་རྟེན་གཉིས་ཀྱི་བར་གྱང་དུ་རྩིག་ཡོད། 


༢༽

ལྷ་ཆེན་གྱི་ལྕོག་མཁར། 

ངས་ཁྱོད་ཀྱི་ཀླད་པ་དང་། ཁྱོད་ཀྱི་མིག་ཀོང་། ཁྱོད་ཀྱི་སྤར་བ། 

ཁྱོད་ཀྱི་བྲན་གཤིས་ཀྱི་ནང་སེམས་སུ་དུར་འཇུག་བྱས་ཡོད། 


ཉིན་མཚན་གཉིས་དང་། ཉི་ཟླ་གཉིས། 

ངས་ཕུང་པོ་གཉིས་དུས་འཇུག་བྱས་ཡོད། 


ཀྱེ་ཧུད། གདོད་མའི་ཚོ་ཁག 

མངལ་གྱི་སྲན་བུ། 

རླུང་གི་འཐག་འཁོར། 



༣༽

ངས་འཇིགས་སྐྲག་ལ་བསྟོད་གླུ་ལེན། 

ངས་གཉའ་གནོན་ལའང་བསྟོད་གླུ་ལེན། 


ཁྱེད་ཨང་། བྱེ་ཐང་ནས་མཆེད་པའི་གནམ་ལྕགས་ཐོག་རེད།

སྨྲ་ལྕེར་མདུད་པ་ཕོག་ཅིང་། 

ཆག་ཀྲུམ་ཤོར་བའི་མེས་རྒྱལ། 

གྲིབ་ནད་ཀྱིས་འཁྱོར་ནས།

བདག་གི་གན་ནས། མདུན་ཕྱོགས་སུ་སྐྱོད་ཀྱིན་འདུག  



༤༽

ངས་ཞི་འཇམ་གྱི་རྡོ་བར་མཆོད་ཅིང་།

དེ་ཡི་དཔུང་དང་། དེ་ཡི་གཉེན་ལས། 

ངས་རང་གི་ངོ་མདངས་མཐོང་བྱུང་། 

ཡིན་ཀྱང་། ངའི་སྙན་ངག་བོར་སོང་། 


༥༽

དམར་གསོད་འདིས། སྡེ་གྲོང་གི་བཟོ་ལྟ་སྣོག་བྱུང་།

རྡོ་བ་འདི། ཞ་ཡས་ཤིག་གི་ཀླད་པ་རེད། 

དུ་ཞག་འདི་ཡང་། མྱིའི་གློ་གསེང་ནས་འཕྱུར་སོང་། 

རྒྱུ་བ་རེ་རེས། ཡུལ་གྱར་གཅིག་པུར་གླེང་། 




༦༽

ཆར་ནག་གིས། བྲག་རྡོར་འདྲི་གཅོད་གཏོང་བ་ནང་བཞིན།

ཆར་ནག་གིས། ནམ་མཁར་འདྲི་གཅོད་གཏོང་བ་ནང་བཞིན།

ཆར་ནག་གིས་ད་དུང་། རྒྱུ་བ་རེ་རེར་འདྲི་གཅོད་གཏོང་བ་ནང་བཞིན།


ལོ་རྒྱུས་ནི། ང་ཡི་མིག་ནང་དུ་བཀྲུ་བ་ལྟར་དུ།

ཉིན་མོ་མཚན་མོ། ང་ཡི་ལག་མཐིལ་དུ་ཟགས་པ་ལྟར་དུ།

སིལ་ཏོག་ནང་བཞིན། 


ང་ཡི་རྨི་ལམ་འཁྲུག་སོང་།

རྩོམ་པ་པོའི་ལོ་རྒྱུས་རྒྱབ་ལྗོངས།

ཨ་ཌོ་ནེ་སི་(Adonis 1930)ནི་སེ་རེ་ཡ་(Syria)རྒྱལ་ཁབ་ཀྱི་དེང་རབས་སྨྲ་བའི་སྙན་ངག་པ་དང་དཔྱད་བརྗོད་པ། ལོ་ཙཱ་བ་ཡིན། ཁོང་ནི་དུས་རབས་༢༠ བའི་དུས་དཀྱིལ་གྱི་ཤུགས་རྐྱེན་ཆེས་ཆེ་བའི་གསར་བརྗེ་བ་དང་། ཨ་རབ་ཀྱི་དེང་རབས་སྨྲ་བའི་སྙན་ངག་(modernist poetry)གསར་རྩོམ་གྱི་ཐད་ནས་ཤུགས་རྐྱེན་ཆེ་ཤོས་སུ་སྨྲ། ཨ་ཌོ་ནེ་སི་ཞེས་པའི་སྨྱུག་མིང་འདི་སྤྱད་ནས་ཁོང་གིས་སྔ་རྗེས་སུ་བརྩམས་ཆོས་༡༥ ལྷག་གསར་རྩོམ་དང་ལོ་ཙཱ་བྱས་ཤིང་། དེའི་གྲས་ཀྱི་སྙན་རྩོམ་དང་རྩོམ་དེབ་ཁག་ཅིག་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བྱ་དགའ་༢༠ ཙམ་ཐོབ། 


སྤྱི་ལོ་༡༩༩༨ ལོ་ནས་ཁོང་ནོ་བྟིལ་རྩིམ་རིག་གཟེངས་རྟགས་ཀྱི་འོས་ཁོངས་སུ་ཐེངས་འགར་བདམས་ཐོན་བྱུང་ཡང་། ཆབ་སྲིད་དུས་ཟིང་གི་རྐྱེན་པས། ནོ་བྷིལ་རྩོམ་རིག་གཟེངས་རྟགས་མ་བསྩལ་བར་བཞེད། ཁོང་གི་དངོས་མིང་ལ་ཨ་ལེ་སེ་ཌི་ཨ་སི་བྷིར་(Ali Ahmad Said Esber)ཞུ་བ་དང་། སྤྱི་ལོ་༡༩༣༠ ནང་སེ་རེ་ཡའི་ནུབ་བྱང་རྒྱུད་ཀྱི་ཞིང་གྲོང་ཨལ་ཁི་ས་བྟེན་(Al Qassabin)གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ཡུལ་ལུང་དེའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་འགྲིམས་ཏེ། མཐར་སེ་རེ་ཡན་གཙུག་ལག་སློབ་ཆེན་དང་གནམ་བདག་ཆོས་ལུགས་ཀྱི་གཙུག་ལག་སློབ་ཆེན་དུ་ཁྲིམས་ལུགས་དང་མཚན་ཉིད་རིག་པ། ཨ་རབ་རྩོམ་རིག་བཅས་ཀྱི་ཞིབ་འཇུག་དང་འབུམ་རམས་པའི་ཐོབ་ཐང་བླངས། 


སྤྱི་ལོ་༡༩༥༠ ནང་ཆབ་སྲིད་ལས་འགུལ་གྱི་རྐྱེན་པས། མི་ལོ་གཅིག་རིང་དུས་བཙོན་བཀག་ཉར་ཐེབས། བཙོན་གྲོལ་བཏང་རྗེས་འདབས་འབྲེལ་རྒྱལ་ཁབ་ལི་བྷན་ནོན་(Lebanon)གྱི་རྒྱལ་ས་བྷི་རུ་ཊི་(Beirut)ནང་བྲོས་བྱོལ་དུ་ཕེབས། སྐབས་དེ་ནས་བཟུང་ཁོང་ཡུལ་དེའི་སྒྱུ་རྩལ་སྨྱུག་ཚོགས་དང་སྐྱབས་བཅོལ་སྐྱིད་སྡུག་ཚོགས་ཁོངས་སུ་ཞུགས་ནས་རྩོམ་རིག་གསར་རྩོམ་གྱི་ཕྱག་ལས་གནང་། སྤྱི་ལོ་༡༩༨༣ ལོར་ཁོང་ཧྥ་རན་སིའི་གྲོང་ཁྱེར་ཕ་རི་སིའི་ནང་རྟེན་གཞི་བྱས་པའི་སི་ཊི་ཧྥན་མཱ་ལར་རྩོམ་རིག་མཐུན་རྩོགས་ཀྱི་ཚོགས་མིར་བདམས། འདས་པའི་ལོ་ཤས་རིང་ཁོང་གིས་ལི་བྷན་ནོན་གཙུག་ལག་སློབ་ཆེན་དང་། སེ་རེ་ཡན་གཙུག་ལག་སློབ་ཆེན་དུ་ཨ་རབ་རྩོམ་རིག་དགེ་རྒན་ཆེན་མོའི་འགན་ཁུར། དེར་མ་ཟད། ཨ་རི་དང་ཧྥ་རན་སིའི་གཙུག་ལག་སློབ་ཆེན་ཁག་ཏུ་ཡང་གནའ་དེང་གི་ཨ་རབ་རྩོམ་རིག་སློབ་ཁྲིད་གནང་། སྤྱི་ལོ་༡༩༦༡ ལོ་ནས་ལི་བྷན་ནོན་རྒྱལ་ཁབ་ཀྱི་མི་སེར་ཆགས་མོད། སྤྱི་ལོ་༡༩༨༠ ནང་ལི་བྷན་ནོན་རྒྱལ་ནང་གི་སྡེ་གཟར་གྱི་རྐྱེན་པས། ཧྤ་རན་སིར་སྐབས་བཅོལ་དུ་འགྲོ་དགོས་བྱུང་།


བརྩམས་ཆོས་གཙོ་བོར་གསར་རྩོམ་དང་བསྒྱུར་རྩོམ་<<གྲོང་ཁྱེར་ཌ་མ་སི་སན་གྱི་སྙན་ངག་པ་མེ་ཧེར་གྱི་གླུ།>>(The Songs of Mihyar the Damascene) <<བག་འཁུམ་དང་སྒུལ་ཤུགས།>>(The Static and the Dynamic) <<ཨ་ཌོ་ནེ་སི་ཡི་སྙན་ངག་གཅེས་བཏུས།>> (Adonis: Selected Poems) <<ཉིན་མོ་དང་མཚན་མོའི་ཤོག་ལྷེ།>>(The pages of day and night) <<གལ་ཏེ་རྒྱ་མཚོ་གཉིད་དུ་ཡུར་ན།>>(If Only the Sea Could Sleep) <<རྒྱ་སེ་དང་གདུང་ཐལ་བར་གྱི་དུས་རབས་ཤིག>>(A Time Between Ashes And Roses) <<ཨ་ཌོ་ནེ་སི་ཡི་ཟུངས་ཁྲག>>(The blood of Adonis) <<འདི་ནི་ང་ཡི་མིང་ཡིག་ཡིན་>>(This Is My Name)སོགས་འདུག ཁོང་གིས་སྐད་ཡིག་གཞན་ནང་བསྒྱུར་བསྐྲུན་བྱས་པའི་ཨ་རབ་རྩོམ་རིག་དང་ལྷག་པར་དུ་ཁོང་གི་གསར་རྩོམ་སྙན་ངག་མང་ཤོས་སྐྱོ་སྣང་རིང་ལུགས་ཀྱི་རྩོམ་རིག་ཁོངས་སུ་གཏོགས་ཤིང་། སྙན་ངག་གི་མགོ་མཇུག་བར་གསུམ་ནི་སྐབས་རེར་ཆགས་སྡང་དང་། སྐྱོ་གདུང་། ཁ་འཐོར། གྱེས་བྲལ་གྱིས་ལྟེམས་ཤིང་། ཡང་ལན་རེར་བརྩེ་སེམས་དང་ཞི་ལྷོད། དགའ་བདེ། འདུ་འཛོམས་ཀྱིས་ཁེངས་པ་དེས། སྙན་ངག་པ་རང་ཉིད་དང་རྒྱ་ཆེའི་ཀློག་མཁན་རྣམས་རང་དབང་མེད་པར་བསམ་གཞིག་གི་ཀློང་ནས་སྙན་ངག་གི་ཟབ་སར་འཁྲིད།

འབྲེལ་ཡོད་བསྒྱུར་རྩོམ་འདིར་ཡོད། 


No comments:

Post a Comment

Adbox