རྩོམ་རིག་དཔྱད་བརྗོད་སྐོར་རགས་ཙམ་གླེང་བ། I འོས་སྦྱོར།


རྩོམ་རིག་དཔྱད་བརྗོད་སྐོར་རགས་ཙམ་གླེང་བ།

 

དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ།

 

རྩོམ་རིག་དཔྱད་བརྗོད་ནི་རྩོམ་རིག་ལ་མྱོང་རོལ་བྱས་པའི་རྗེས་སུ་སྒྲུབ་པའི་བྱ་བ་ཞིག་ཡིན། ཀློག་པ་པོས་རྩོམ་རིག་ལ་མྱོང་རོལ་བྱས་རྗེས། རང་ཉིད་ཀྱི་ཚོར་བ་དང་འཆར་སྒོའི་རྒྱུན་མཐུད་ནས་མུ་མཐུད་དུ་དཔྱད་པ་བཏང་སྟེ། མ་ལག་ཅུང་ཆ་ཚང་བའི་བསམ་ཚུལ་ཅན་ཞིག་ཡིན་ཚེ། དེ་ནི་རྩོམ་རིག་དཔྱད་བརྗོད་ཅིག་རེད།

རྩོམ་རིག་དཔྱད་བརྗོད་ནི་དཔྱད་བརྗོད་པས་བརྩམས་ཆོས་དང་། རྩོམ་པ་པོ། རྩོམ་རིག་གི་སྣང་ཚུལ་སོགས་འགྲེལ་བཤད་དང་། དབྱེ་ཞིབ། གདེང་འཇོག་བྱེད་པ་ལ་ཟེར། རྩོམ་རིག་རོལ་མྱོང་ནི་ཕལ་ཆེར་ཚོར་ཤེས་ཐན་ཐུན་དང་། འཆར་སྒོ་སིལ་བུ་བ་ཞིག་ཡིན་ལ། དེ་ནི་བབ་ཆགས་པའི་དགའ་མི་དགའ་ཙམ་གྱི་ཚོར་བ་ཞིག་ལས་སྒྲུབ་བྱེད་ཡང་དག་ལྡན་པའི་ལྟ་ཚུལ་ཞིག་ཏུ་གྲུབ་མེད། འོན་ཀྱང་། དེ་ནི་རྩོམ་རིག་དཔྱད་བརྗོད་ཀྱི་ཐོག་མའི་རྣམ་པ་ཡིན། གལ་ཏེ་འཆར་སྒོ་དེ་དག་ལ་དག་སྒྲིག་དང་། སྒྲུབ་བྱེད་དང་ལྡན་པའི་སྒོ་ནས་བརྩམས་ཆོས་གང་ཞིག་བཟང་ཚུལ་དང་། ཉེས་ན་ཉེས་ཚུལ་བརྗོད་ཐུབ་པར་མ་ཟད། ད་དུང་གཞུང་ལུགས་ཀྱི་རྒྱབ་ལྗོངས་དང་ལྡན་ཞིང་། རྩོམ་རིག་གི་ལོ་རྒྱུས་ངོས་ནས་བརྗོད་ཐུབ་ཚེ། དེ་ནི་ངེས་པ་དོན་གྱི་རྩོམ་རིག་དཔྱད་བརྗོད་ཅིག་ཏུ་གྱུར་པ་རེད།

 

དེ་བས། རྩོམ་རིག་རོལ་མྱོང་ནི་རང་གི་ཚོར་སྣང་ཙམ་ཡིན་པས། དེ་ལ་རང་གི་ཁྱད་ཆོས་ཡོད་པ་ཞིག་ཡིན་ན། རྩོམ་རིག་དཔྱད་བརྗོད་ནི་སྒྲུབ་བྱེད་མང་པོ་ཡོད་པ་ཞིག་ཡིན་པས། དེ་ནི་ཚན་རིག་རང་བཞིན་གྱི་ལས་ཀ་ཞིག་ཡིན། དེ་ལ་ཡོངས་ཁྱབ་ཀྱི་རང་བཞིན་ཡོད། རྒྱུ་མཚན་ནི།

 

གཅིག རྩོམ་རིག་དཔྱད་བརྗོད་ནི་ནམ་ཡང་རྩོམ་རིག་གི་གཞུང་ལུགས་དང་རྩོམ་རིག་གི་ལྟ་བ་ངེས་ཅན་ཞིག་གིས་ཁྲིད་སྟོན་བྱས་པ་ཞིག་ཡིན་པས་སོ།། རྩོམ་རིག་དཔྱད་བརྗོད་པ་སུ་དང་གང་ཞིག་གིས་རྩོམ་རིག་ལ་དབྱེ་ཞིབ་བམ་གདེང་འཇོག་བྱེད་ཚེ། ངེས་པར་དུ་དེ་ལ་རང་གི་ལྟ་ཚུལ་འབྱུང་སའི་གཞིའམ། ཡང་ན་བརྟེན་ས་ཞིག་ཡོད། དེ་ནི་ངེས་པར་དུ་རྩོམ་རིག་གཞུང་ལུགས་ཤིག་གམ་རྩོམ་རིག་གི་ལྟ་བ་ཞིག་དང་འབྲེལ་ཡོད། དཔེར་ན། རྩོམ་རིག་ལ་སྤྱི་ཚོགས་འཚོ་བར་ངོས་འཛིན་ཡོང་བའི་ནུས་པ་ཡོད་ཅེས་པའི་རྩོམ་རིག་གི་གཞུང་ལུགས་ཡོད་པས་ན། རྩོམ་རིག་དཔྱད་བརྗོད་པས་ཀྱང་བརྩམས་ཆོས་ལ་དཔྱད་བརྗོད་བྱེད་དུས་བརྩམས་ཆོས་ཀྱིས་སྤྱི་ཚོགས་འཚོ་བ་མཚོན་ཐུབ་ཡོད་མེད་ཀྱི་སྒོ་ནས་དཔྱད་བརྗོད་པར་འགྱུར་བ་དང་། ཡང་རྩོམ་རིག་དེ་རྩོམ་རིག་ཡིན་ཕྱིན་རྩོམ་རིག་གི་སྒྱུ་རྩལ་རང་བཞིན་ཁོ་ན་ལ་རག་ལས་ཟེར་བའི་རྩོམ་རིག་གི་ལྟ་བ་གྲུབ་ཡོད་པས། དཔྱད་བརྗོད་པས་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་གཙོ་བོར་མི་བྱེད་པར་བརྩམས་ཆོས་ཀྱི་སྒྲིག་གཞི་དང་། བྱུང་རིམ། སྐད་ཆ་སོགས་ཀྱི་སྒོ་ནས་དཔྱད་བརྗོད་བྱེད་པར་འགྱུར་བ་ལྟ་བུའོ།།

 

གཉིས། རྩོམ་རིག་ལ་དཔྱད་བརྗོད་བྱེད་པར་ངེེས་པར་དུ་མིག་སྔའི་རྩོམ་རིག་གི་སྣང་ཚུལ་ཡོངས་ལ་དབྱེ་ཞིབ་དང་། ཞིབ་འཇུག གདེང་འཇོག་བཅས་བྱེད་དགོས་པའི་ཆ་ནས་ཀྱང་རྩོམ་རིག་དཔྱད་བརྗོད་ནི་ཚན་རིག་གི་ལས་ཀ་ཞིག་རེད་ཟེར་བ་ཡིན། དབྱེ་ཞིབ་དང་གདེང་འཇོག་ནི་ཚོར་ཤེས་ཀྱི་ལས་ཀ་དང་ཁྱད་པར་ཡོད་པའི་རིགས་ཤེས་ཀྱི་ལས་ཀ་ཞིག་དང་། ཆོས་ཉིད་ཀྱི་ཕྱོགས་སྡོམ་ཞིག་ཡིན་ཏེ། རིགས་པའི་ཁྲིད་སྟོན་འོག་ནས་བྱ་དངོས་ཀྱི་ངོ་བོ་དང་རང་བཞིན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན།

 

དེ་ལྟར་དཔྱད་བརྗོད་བྱེད་པ་ནི་ཡོངས་ཁྱབ་རང་བཞིན་དོན་དུ་གཉེར་བའི་ཚན་རིག་གི་ལས་ཀ་ཞིག་ཡིན་ཡང་། བརྩམས་ཆོས་གང་ཞིག་གི་བསམ་བློའི་ནང་དོན་ལ་ཐོག་མའི་ངོས་འཛིན་ནམ་འགྲེལ་བ་བྱེད་དུས། རང་གི་བློས་ཤན་མ་ཞུགས་པའི་ཚན་རིག་རང་བཞིན་ཡོད་དཀའ་བ་ཡིན། ང་ཚོས་འདི་གཉིས་ཀྱི་ཁྱད་པར་འབྱེད་ཤེས་དགོས།

 

དེ་ཡང་། བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ལ་ཐོག་མར་ངོས་འཛིན་བྱེད་དུས། བསམ་བློའི་ནང་དོན་དེ་རྩོམ་པ་པོའི་བརྗོད་འདོད་པའི་བསམ་བློ་ལ་གོ་རྒྱུ་ཡིན་ནམ། ཡང་ན་བརྩམས་ཆོས་རང་ནས་མངོན་པའི་བསམ་བློ་ལ་གོ་རྒྱུ་ཡིན། འདི་ལས་བརྩམས་ཏེ་དཔྱད་བརྗོད་ཀྱིས་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ལ་འགྲེལ་བ་བྱེད་པར་ལྟ་བ་རིགས་མི་འདྲ་བ་གཉིས་བྱུང་ཡོད།

 

གཅིག་གིས་ནི། བརྩམས་ཆོས་ནི་རྩོམ་པ་པོས་བརྗོད་འདོད་ཀྱི་བསམ་བློ་མངོན་དུ་གྱུར་པ་ཞིག་ཡིན། བརྗོད་འདོད་ཀྱི་བསམ་བློ་དེ་བརྩམས་ཆོས་ཀྱི་ནང་དུ་བཅུག་པའི་མོད་ལ་བསམ་བློ་དེ་འགྱུར་མེད་ཐེར་ཟུག་ཏུ་གྱུར་པ་རེད། དེ་ནི་རོལ་མྱོང་དང་འགྲེལ་བ་བརྒྱུད་ནས་སླར་མངོན་ཐུབ་ལ། ཚང་མས་ལོངས་སུའང་སྤྱོད་ཐུབ་པ་ཡིན། བརྩམས་ཆོས་ཁྲོད་ཀྱི་བསམ་བློ་དེའི་བདག་དབང་རྩོམ་པ་པོ་ལ་ཡོད་པས། ཀློག་པ་པོ་དང་དཔྱད་བརྗོད་པས་དེ་ལ་བསྒྱུར་བཅོས་དང་ལོག་བཤད་གཏན་ནས་བྱེད་མི་ཆོག་ཟེར།

 

ཅིག་ཤོས་ཀྱིས་ནི། གོང་ལྟར་དུ་རྩོམ་པ་པོའི་བརྗོད་འདོད་ཀྱི་བསམ་བློ་རྟོགས་རྒྱུ་ཤིན་ཏུ་དཀའ་སྟེ། དེ་ཉིད་རྩོམ་པ་པོའི་སེམས་ཁོང་ན་ཡོད་ལ། རྩོམ་པ་པོ་ལ་ལ་ཚེ་ལས་འདས་ཟིན་པས་ང་ཚོས་ཅི་ལྟར་འཚོལ། གལ་ཏེ་རྩོམ་པ་པོའི་ལོ་རྒྱུས་དང་ཉིན་ཐོ། ཕྲིན་ཡིག་སོགས་རྙེད་ཐུབ་པའི་དབང་དུ་བཏང་ཡང་། དེ་ཡང་ཡིད་རྟོན་འཕེར་བ་ཞིག་ཡིན་པའི་གདེང་ཚོད་མེད། རྒྱུ་མཚན་ནི། ང་ཚོས་རྙེད་པའི་བརྗོད་འདོད་ཀྱི་བསམ་བློ་དེ་རྩོམ་གྱི་ནང་དུ་ཡོད་མེད་ཆ་ཅི་འཚལ། རྩོམ་པ་པོའི་བརྗོད་འདོད་ཀྱི་བསམ་བློོ་དང་བརྩམས་ཆོས་ཁྲོད་ཀྱི་བསམ་བློ་གཉིས་ཐོད་མི་ཐུག་པ་ཡོད་སྲིད། 

 

ལྷག་པར་དུ་རྩོམ་རིག་བརྩམས་ཆོས་ནི་ཉེར་སྤྱོད་བརྡ་ཕྲིན་དང་ཉེར་སྤྱོད་ཡི་གེ་དང་མི་འདྲ། འདི་དག་གིས་བསམ་དོན་གང་ཞིག་ཐད་ཀར་བརྗོད་པ་ཡིན་པས། བལྟས་མ་ཐག་ཏུ་འབྲི་མཁན་གྱི་བསམ་དོན་ཇི་མ་ཇི་བཞིན་དུ་རྟོགས་ཐུབ། འོན་ཀྱང་། རྩོམ་རིག་ནི་བསམ་དོན་ཐད་ཀར་བརྗོད་པ་ཞིག་མིན་པར། སྤྱི་ཚོགས་འཚོ་བ་འབྲི་བ་དང་། ཡང་ན་སྣང་བརྙན་དང་ཡིད་བརྙན་བཅས་ཀྱི་སྒོ་ནས་མཚོན་པར་བྱེད་པའི་བདག་ཉིད་ཅན་ཞིག་ཡིན་པས། རྩོམ་པ་པོའི་བརྗོད་འདོད་ཀྱི་བསམ་བློ་རྩོམ་གྱི་ནང་དུ་གསལ་ཐག་ཆོད་པ་མ་ཡིན་པའམ་བཀྲམ་སྟེ་ཡོད་པ་ཞིག་དང་། ཡང་ན་རྩོམ་པ་པོས་ཚོར་སྣང་ཙམ་ཞིག་དང་འཚོ་བའི་རྣམ་པ་སྤྱི་རྩོམ་དུ་བྲིས་པས་དཔྱད་བརྗོད་པས་དེ་ལ་འགྲེལ་སྣ་ཚོགས་བརྒྱབ་ཆོག་ཟེར།

 

འདོད་ལུགས་འདི་གཉིས་ཀྱི་ལྟ་བ་ལ་ད་དུང་རྒྱས་བཤད་དང་དགག་སྒྲུབ་བྱེད་ཆོག་ཀྱང་། ཡིག་ཚོགས་ལ་འཇིགས་པས་རང་གི་བསམ་ཚུལ་མདོར་བསྡུས་སུ་བརྗོད་ན། བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པའི་བརྩམས་ཆོས་དག་ལ་ནང་དོན་དུ་མ་ཡོད་སྲིད་དེ། དཔེར་ན། <<ཐོག་ཁང་དམར་པོའི་རྨི་ལམ་>>ལ་མཚོན་ན། ལ་ལས་གཟུགས་སྟོང་པ་ཡིན་པར་གོ། ལ་ལས་བཀས་བཀོད་རྒྱུད་འཛིན་གྱི་རུལ་སོང་སྟོན་པར་གོ། ལ་ལས་པའོ་ཡུས་ཀྱི་གྱེན་ལྡོག་གི་གཤིས་ཀའི་སྟེང་གི་བརྩེ་དུང་ལ་བསྔགས་བརྗོད་བྱེད་པར་གོ། ཧམ་ལེ་ཐེ་ཡང་དེ་བཞིན་རེད། བོད་ཀྱི་སྒྲུང་ཐུང་<<རྟ་ནག་སྒྲོག་འགྲོས་>>ལ་མཚོན་ནའང་། ཕྱུག་པོས་དབུལ་པོར་བརྙས་བཅོས་བྱེད་པའི་སྤྱི་ཚོགས་རྙིང་བའི་ནག་ཉེས་མཚོན་པ་དང་། མི་རྒྱུད་ཀྱི་བརྩི་ཐང་ལ་གོང་བཀུར་དང་སྲུང་སྐྱོབ་བྱེད་པར་བསྔགས་བརྗོད་བྱེད་པ་དང་། མགོ་སྒུར་ཁས་ལེན་གྱི་ལྟ་སྤྱོད་ལ་དགག་པ་བརྒྱབ་ནས་ཕྱིར་རྒོལ་དང་འཐབ་རྩོད་བྱེད་དགོས་པར་བསྟན་པ་བཅས་ཀྱི་ནང་དོན་རིམ་པ་གསུམ་ལྡན་པ་ལྟ་བུའོ།།

 

དེ་བས། རྩོམ་རིག་བརྩམས་ཆོས་ཀྱི་ནང་དོན་ནི་གཅིག་ཁོ་ན་ཉིད་མིན་པ་དང་། སྒོས་སུ་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་རྩོམ་པ་པོའི་བསམ་དོན་ཉིད་མ་ཡིན་པས། རྩོམ་རིག་བརྩམས་ཆོས་གཅིག་ལ་གོ་བ་ལེན་སྟངས་འདྲ་མིན་ཡོད་པའི་སྒོ་ནས་ནང་དོན་གྱི་ངོས་འཛིན་ཐད་ཚན་རིག་གི་རང་བཞིན་ཡོད་ཅེས་བཤད་དུ་མི་རུང་། ཡིན་ན་ཡང་། ནང་དོན་ལ་འགྲེལ་བ་གང་བྱེད་ཀྱང་། དེ་ཉིད་གོང་ནས་བཤད་པ་ལྟར་གཞུང་ལུགས་ཀྱི་ཁྲིད་སྟོན་ཡོད་པ་དང་། མང་པོར་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པའི་ཆ་ནས་དཔྱད་བརྗོད་ཀྱི་ལས་ཀ་བགྱི་བ་ནི་ཚན་རིག་གི་ལས་ཤིག་ཡིན་པའི་ཤན་འབྱེད་ཤེས་དགོས།

 

ང་ཚོས་འདིར་གོ་བདེ་བའི་ཆེད་དུ་དཔྱད་བརྗོད་ཀྱི་ཡུལ་ལ་བརྩམས་ཆོས་བཞག་ནས་དཔྱད་བརྗོད་ཀྱི་ངོ་བོ་བརྗོད་པ་མ་གཏོགས། སྤྱིར་དཔྱད་བརྗོད་ཀྱི་ཡུལ་ལ་གསུམ་ཡོད་དེ།

 

གཅིག ཕྱིའི་འཇིག་རྟེན། རྩོམ་པ་པོ། བརྩམས་ཆོས། ཀློག་པ་པོའི་མ་ལག་གིས་གྲུབ་པའི་རྩོམ་རིག་གི་ལས་ཀའི་དཔྱད་བརྗོད།

 

རྩོམ་རིག་བརྩམས་ཆོས་དེ་ཕྱི་རོལ་གྱི་འཇིག་རྟེན་ལ་བརྟེན་ནས་རྩོམ་པ་པོར་འཆར་སྒོ་མང་པོ་འཆར་བ་གཞི་བྱས་ཏེ་བརྩམས་པ་ཞིག་དང་། བརྩམས་ཆོས་ཀྱི་མཐར་ཀློག་པ་པོས་ཉམས་སུ་མྱོང་དགོས་པ་ཞིག་ཡིན་པའི་ཆ་ནས། རྩོམ་རིག་གི་ལས་ཀ་དེ་ཕྱི་རོལ་འཇིག་རྟེན་དང་། རྩོམ་པ་པོ། བརྩམས་ཆོས། ཀློག་པ་པོ་བཅས་ཚིགས་བཞི་ཡིས་གྲུབ་ཡོད། 


དེ་བས། རྩོམ་རིག་དཔྱད་བརྗོད་ཀྱིས་ཀྱང་ཡང་ན་བརྩམས་ཆོས་དང་ཕྱི་རོལ་གྱི་འཇིག་རྟེན་གྱི་འབྲེལ་བ་དཔྱད་ཡུལ་དུ་བྱས་ཏེ། གནད་བརྩམས་ཆོས་ཀྱིས་འཇིག་རྟེན་འཚོ་བ་གང་ཞིག་མཚོན་པའི་སྟེང་འཇོག་པ་དང་། ཡང་ན་རྩོམ་པ་པོ་ཁོའི་ལོ་རྒྱུས་ཉམས་མྱོང་དང་བརྩམས་ཆོས་ཀྱི་འབྲེལ་བ་དཔྱད་ཡུལ་དུ་བྱས་ཏེ། བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་བསྐྱུར་ཏེ་གནད་བརྩམས་ཆོས་ཀྱི་སྒྲིག་གཞི་དང་། ཞིབ་བརྗོད། སྐད་ཆའི་རྣམ་པའི་སྟེང་དུ་འཇོག་པ་དང་། ཡང་ན་ནི་བརྩམས་ཆོས་དང་ཀློག་པ་པོའི་འབྲེལ་བ་དཔྱད་ཡུལ་དུ་བྱས་ཏེ། གནད་བརྩམས་ཆོས་གང་དེས་ཀློག་པ་པོ་ལ་ནུས་པ་གང་ཐོན་པ་དང་ཐོན་པར་འགྱུར་བ་དང་། ཀློག་པ་པོས་བརྩམས་ཆོས་གང་དེ་དེ་ལྟར་དུ་གོ་བ་ལེན་དོན་ཅི་ཡིན་གྱི་སྟེང་འཇོག་པ་ཡིན།

 

གཉིས། “རྩོམ་རིག་གསར་རྩོམ། རྩོམ་རིག་གྲུབ་མཐའ། རྩོམ་རིག་གི་རླབས་རྒྱུན་བཅས་ཀྱི་མ་ལག་གིས་གྲུབ་པའི་རྩོམ་རིག་སྣང་ཚུལ་གྱི་དཔྱད་བརྗོད།

 

དུས་སྐབས་ངེས་ཅན་ཞིག་གི་ནང་དུ་རྩོམ་རིག་བརྩམས་ཆོས་མང་དུ་ཐོན་ངེས་ཤིང་། དེ་དག་ལ་ཐུན་མོང་གི་ཆ་ཕྱོགས་སོ་སོ་ན་ཡོད་སྲིད་པས། སྐབས་དེའི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་གང་འདྲ་ཞིག་དང་། དེ་ལ་ཁྱད་ཆོས་གང་དག་ཡོད་པ་དང་། ཡང་ན་རྩོམ་རིག་གི་ལྟ་བ་དང་ལག་ལེན་གྱི་སྟེང་ན་ཐུན་མོང་གི་ལྟ་བ་ཡོད་པ་རྩོམ་པ་པོ་དུ་མ་ཞིག་གིས་ཁ་མཚུངས་པར་ཁས་ལེན་པས། རྩོམ་རིག་ལ་གྲུབ་མཐའ་ཆགས་པ་དེ་དག་གི་རང་སོ་སོའི་ཁྱད་ཆོས་གང་དག་ཡིན་པ་དང་། ཡང་ན་དུས་སྐབས་ངེས་ཅན་ཞིག་གི་ནང་དུ་བརྗོད་བྱ་དང་། བསམ་བློའི་ནང་དོན་དང་། འབྲི་ཐབས་གང་ཞིག་ཤིན་ཏུ་དར་བར་གྱུར་ཏེ་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་ཆགས་ནས་རྩོམ་རིག་གི་རླབས་རྒྱུན་འཕྱུར་བ་ལ། དེ་ཉིད་ལ་ཁྱད་ཆོས་གང་ཡོད་དང་རྐྱེན་གང་གིས་བྱས་པ་སོགས་དཔྱད་བརྗོད་ཀྱི་ཡུལ་དུ་བྱེད་ཆོག

 

དང་པོ་དེ་བརྩམས་ཆོས་བྱེ་བྲག་པ་ལྟེ་བར་བྱས་པ་ཡིན་ན། འདི་ནི་བརྩམས་ཆོས་དུ་མ་ཞིག་གི་ཐུན་མོང་གི་ཁྱད་ཆོས་ལྟེ་བར་བྱས་པ་རེད།

 

གསུམ། “རྩོམ་རིག་གཞུང་ལུགས། རྩོམ་འབྱུང་ལོ་རྒྱུས། རྩོམ་རིག་དཔྱད་བརྗོད་བཅས་ཀྱི་མ་ལག་ཡུལ་དུ་བྱེད་པའི་རྩོམ་རིག་གི་ལྟ་གྲུབ་ཀྱི་དཔྱད་བརྗོད།

 

རྩོམ་རིག་གཞུང་ལུགས་ནི་རྩོམ་རིག་གསར་རྩོམ་གྱི་ལག་ལེན་ལས་ཐོན་པ་ཡིན་པས། ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་གནས་དུས་ཀྱི་འགྱུར་བའི་དབང་གིས་འགྱུར་འགྲོ་བའི་སྟབས་ཀྱིས་གཞུང་ལུགས་གང་དེ་ལ་བདེན་རྫུན་ལེགས་ཉེས་ཀྱི་བརྡར་ཤ་དུས་ནམ་ཡང་གཅོད་དགོས་ཤིང་། དེའི་སྒོ་ནས་གཞུང་ལུགས་འཕེལ་རྒྱས་སུ་འགྲོ་བ་ཡིན། དེ་བས་དཔྱད་བརྗོད་ནི་རྩོམ་རིག་བརྩམས་ཆོས་ཁོ་ན་ཡུལ་དུ་བྱེད་པ་མིན་པར། གཞུང་ལུགས་དང་ཤེས་བྱ་ལའང་དཔྱད་བརྗོད་བྱེད་ཆོག རྩོམ་འབྱུང་ལོ་རྒྱུས་ལ་དཔྱད་བརྗོད་བྱེད་དུས། རྩོམ་རིག་གཞུང་ལུགས། གསར་རྩོམ། རྩོམ་པ་པོ། བརྩམས་ཆོས། ཀློག་པ་པོའི་འབྲེལ་བ་བཅས་ཀྱི་ཁྲོད་ནས། གནད་རྩོམ་རིག་འཕེལ་རྒྱས་སུ་ཕྱིན་པའི་རྒྱུ་རྐྱེན་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ། འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་སྟེང་དུ་འཇོག་པ་དང་། རྩོམ་རིག་དཔྱད་བརྗོད་དེ་དཔྱད་བརྗོད་ཀྱི་ཡུལ་དུ་བྱེད་དུས་དཔྱད་བརྗོད་བྱེད་ཐབས་དེའི་རྟེན་གཞིའི་གཞུང་ལུགས་གང་ཡིན་པ་དང་། དཔྱད་ཐབས་གང་སྤྱད་པ་དང་། དཔྱད་བརྗོད་པའི་རྩོམ་རིག་གི་ལྟ་བ་གང་ཡིན་བཅས་ལྟེ་གནད་དུ་འཛིན་པ་ཡིན།

 

མདོར་ན། རྩོམ་རིག་དཔྱད་བརྗོད་ཀྱི་ཡུལ་དང་ཁྱབ་ཁོངས་ནི་རྒྱ་ཆེན་པོ་ཡིན་ཞིང་། གནད་གང་ཞིག་གཞིར་བཟུང་ནས་དཔྱད་བརྗོད་བྱས་ཀྱང་། དེ་ཉིད་ཕལ་ཆེར་གནད་གཞན་དང་ངེས་པར་འབྲེལ་ཏེ་ཡོད་པ་ཞིག་ལས་ཆིག་རྐྱང་ཅན་ནི་ཉུང་། མང་ཤས་ནི་སྣ་འཛོམས་སམ་ཕྱོགས་བསྡུས་ཅན་ཞིག་ཡིན།

 

དེ་ལྟར་དཔྱད་བརྗོད་ཀྱི་ཡུལ་བརྗོད་ཟིན་ནས། ད་ནི་དཔྱད་བརྗོད་ཀྱི་བྱེད་ནུས་བཤད་པ་ལ། དཔྱད་བརྗོད་ལ་བྱེད་ནུས་གཙོ་བོ་གཉིས་ཡོད་དེ། འགྲེལ་བཤད་བྱ་བ་དང་། གདེང་འཇོག་བྱ་བའོ།།

 

རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་དེ་ལ་བསམ་བློའི་བསྟན་དོན་ཞིག་ངེས་པར་དུ་ཡོད་ངེས་ཡིན། ཡིན་ན་ཡང་། རྩོམ་རིག་བརྩམས་ཆོས་ཀྱི་བསྟན་དོན་དེ་ཉེར་སྤྱོད་རྩོམ་རིགས་ཀྱིས་བསྟན་དོན་སྟོན་པ་ལྟར་ཐད་ཀར་བ་མ་ཡིན་པར། འཚོ་བའི་རི་མོའམ་སྣང་བརྙན་གྱི་ཚོགས་པའི་ཁྲོད་དུ་གབ་ནས་ཡོད་པ་ཞིག་རེད། དེ་ཡང་དེ་ལ་བརྩམས་ཆོས་ཀྱི་ནང་དུ་མངོན་པའི་འཚོ་བའི་རྣམ་པའམ། ཡང་ན་བརྩམས་ཆོས་ལས་བསྟན་དོན་རགས་རིམ་བདེ་བླག་ཏུ་རྟོགས་ཐུབ་པ་ཞིག་དང་། དེ་ལྟའི་བསྟན་དོན་རྟོགས་ཐུབ་ཀྱང་དེའི་ཕ་རོལ་ན་ད་རུང་གཏིང་ཟབ་ཀྱི་ནང་དོན་འཚོ་བའི་རྣམ་པའི་ནང་རོལ་ཏུ་བསྐུངས་པའི་ནང་དོན་གྱི་རིམ་པ་ཞིག་བཅས་གཉིས་ཡོད། དཔེར་ན། <<རྟ་ནག་སྒྲོག་འགྲོས་>>ལ་མཚོན་ནས་བཤད་ན། རྩོམ་དེར་བལྟས་མ་ཐག་ཏུ་དེས་སྤྱི་ཚོགས་རྙིང་པའི་ནང་གི་འབྱོར་མེད་ལ་བརྙས་བཅོས་བྱེད་པའི་སྤྱི་ཚོགས་རྙིང་པའི་གནས་ཚུལ་མཚོན་པ་ང་ཚོས་མཐོང་ཐུབ་ལ། དེ་ནི་བསྟན་དོན་གྱི་རིམ་པ་ཞིག་ཡིན། འདི་མཐོང་སླ། འོན་ཀྱང་། ད་དུང་འདི་ལས་གཏིང་ཟབ་ཏུ་ཕྱིན་ན། འབད་འཐབ་ཀྱི་སྙིང་སྟོབས་གསར་བ་ཞིག་དགོས་པའི་དུས་རབས་ཀྱི་བསམ་བློ་གསར་བ་ཞིག་བཏོན་ཡོད་པ་ལྟ་བུ།

 

ད་དུང་<<ཧམ་ལེ་ཐེ་>>ལ་མཚོན་ན། རྩོམ་ཡིག་གི་ནང་དུ་བྲིས་པའི་ཕའི་དགྲ་ཤ་ལེན་པ་ལས་བརྩམས་པའི་འཚོ་བའི་རྣམ་པ་ལས་ཀློག་པ་པོ་དག་གིས་རྒྱལ་པོའི་ཕོ་བྲང་ནང་གི་ལྐོག་གཡོ་དང་། ངན་ཇུས། སྡིག་ཉེས་སོགས་མཐོང་ཐུབ་པ་དང་། དེ་ལས་རྒྱལ་རྒྱུ་ཅི་འདྲའི་དཀའ་བ་ཞིག་ཡིན་པའི་ནང་དོན་གྱི་རིམ་པ་ཅུང་བདེ་བླག་ཏུ་གོ་ཐུབ་ཀྱང་། ད་དུང་གཏིང་ཟབ་ཏུ་ཕྱིན་ན་ཤག་སེ་ཕེ་ཡཱའི་སྐབས་ཀྱི་མི་གཞི་རིང་ལུགས་ཀྱི་བསམ་བློའི་སྔོན་ཐོན་རང་བཞིན་དང་མི་འདང་བའི་ཆ་མཚོན་པ་ཡིན་ཞེས་བཤད་བཞིན་པ་ལྟ་བུ།

 

གང་ལྟར་བརྩམས་ཆོས་ཀྱི་ཕྱི་ངོས་ཀྱི་ནང་དོན་ཡིན་ནའང་འདྲ། ནང་ངོས་ཀྱི་ནང་དོན་ཡིན་ནའང་འདྲ། དཔྱད་བརྗོད་ལ་མཚོན་ན་ཁོས་ནང་དོན་དེ་དག་བརྩམས་ཆོས་དང་ལེགས་པར་སྦྱར་ཏེ་འགྲེལ་བཤད་གསལ་པོ་བྱེད་དགོས་པ་ཡིན།

 

འདི་ནི་བརྩམས་ཆོས་ཀྱིས་ཅི་ཞིག་བཤད་པ་དེ་ལ་དཔྱད་བརྗོད་ཀྱིས་གསལ་བཤད་དམ་འགྲེལ་བཤད་བྱས་པ་ཞིག་ཡིན་ཞིང་། རྩོམ་རིག་བརྩམས་ཆོས་ལ་ཅི་ཞིག་བཤད་པ་ལས་གཞན་ད་དུང་བསྟན་དོན་དེ་རྩོམ་ཡིག་ཏུ་ཇི་ལྟར་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡོད། དཔྱད་བརྗོད་ཀྱིས་འདིའི་ཕྱོགས་ནས་ཀྱང་གསལ་བཤད་དང་འགྲེལ་བཤད་བྱེད་དགོས་པ་ཡིན།

 

བརྩམས་ཆོས་གང་ཡིན་ཡང་། ང་ཚོས་དེའི་བསམ་བློའི་བསྟན་དོན་ཅི་ཞིག་ཡིན་ཞེས་བསམ་གཞིག་བྱེད་དུས། ང་ཚོས་བརྩམས་ཆོས་དེའི་བསམ་བློའི་ནང་དོན་གྱི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་པ་ཡིན། འདི་ལས་བརྩམས་ཆོས་ཀྱི་ནང་དོན་ལ་ཤེས་རྟོགས་འབྱུང་བ་ཡིན། གལ་ཏེ་ཅི་ཞིག་ཅེས་པ་ལས་ཅི་འདྲ་ཞེས་པར་བསྒྱུར་ཚེ་བརྩམས་ཆོས་ཀྱི་རིན་ཐང་གི་མཆོག་དམན་ལ་དམིགས་པ་རེད། དེ་ནི་གདེང་འཇོག་ངོར་གྱུར་པ་རེད།

 

རྩོམ་རིག་ལ་སྤྱིར་ན་རིན་ཐང་མང་པོ་ཡོད། དཔེར་ན། ཆབ་སྲིད་ཀྱི་རིན་ཐང་དང་། ཀུན་སྤྱོད་ཀྱི་རིན་ཐང་། ཤེས་རྟོགས་ཀྱི་རིན་ཐང་། རྩེད་འཇོའི་རིན་ཐང་སོགས་ལྟ་བུ། ཡིན་ན་ཡང་། རྩོམ་རིག་གི་རྩ་བའི་ཁྱད་ཆོས་མཛེས་རྟོག་གི་སྟེང་ན་ཡོད། མཛེས་རྟོག་དང་ཁ་བྲལ་ཚེ་རྩོམ་རིག་ཀྱང་རྩོམ་རིག་ཏུ་མི་འགྱུར། དེ་བས་རྩོམ་རིག་གི་རིན་ཐང་སྨྲ་བ་དེ་རྩ་བའི་ཆ་ནས་དེའི་མཛེས་རྟོག་གི་རིན་ཐང་ལ་བརྡར་ཤ་གཅོད་པ་ཡིན། འདི་ལ་དཔྱད་བརྗོད་ཀྱི་གདེང་འཇོག་གི་བྱེད་ནུས་ཟེར།

 

འདིར་ཅི་ཞིག་ལ་རིན་ཐང་ཟེར་བ་དང་། ཅི་ཞིག་ལ་མཛེས་རྟོག་གི་རིན་ཐང་ཟེར་བ་བཤད་ཀྱང་། དེ་བཤད་སླ་མོ་ཞིག་མ་རེད། མདོར་བསྡུས་ནས་བཤད་ན། རིན་ཐང་གི་ཡུལ་དང་ཡུལ་ཅན་བར་གྱི་འབྲེལ་བ་ཞིག་ཡིན་ལ། དེས་ཡུལ་དེ་ཡུལ་ཅན་ལ་མཚོན་ན་དགོས་ཕན་དང་དོན་སྙིང་ག་རེ་ཡོད་པ་མཚོན། མཛེས་རྟོག་གི་རིན་ཐང་གིས་ཀྱང་ཡུལ་དང་ཡུལ་ཅན་བར་གྱི་མཛེས་རྟོག་གི་རིན་ཐང་མཚོན་པ་ཡིན། དེས་ཡུལ་ཏེ་རང་བྱུང་གི་སྣང་བའམ་སྤྱི་ཚོགས་སྣང་ཚུལ་དང་། ཡང་ན་སྣང་བ་དེ་དག་སྒྱུ་རྩལ་གྱི་བརྡ་མཚོན་དང་སྐད་ཆའི་བརྡ་མཚོན་གྱི་ཚོགས་པ་བརྒྱུད་ནས་གྲུབ་པར་བརྩམས་པའི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་དེ། ཡུལ་ཅན་མི་ལ་མཛེས་རྟོག་གི་དགོས་ཕན་ཡོད་པ་ཡིན། ཅུང་ཟད་ཞིབ་ཏུ་བཤད་ན། རྩོམ་རིག་བརྩམས་ཆོས་དང་ཀློག་པ་པོས་གྲུབ་པའི་མཛེས་རྟོག་གི་རིན་ཐང་དེ། ཡུལ་ཅན་ཀློག་པ་པོས་རང་གི་ཚོར་བ་དང་། བརྩེ་དུང་། རིགས་ཤེས། འཆར་ཡན་བཅས་སྤྱད་དེ་བརྩམས་ཆོས་ལ་ཚོར་ཤེས་བྱ་བ་དང་། གོ་བ་ལོན་པའི་སྒོ་ནས་མཚོན་པ་ཡིན་ཏེ། དེ་ཡང་ཡུལ་ཅན་ཀློག་པ་པོས་རང་གི་དབང་ཤེས་ཀྱི་སྒོ་ནས་སྣང་བརྙན་དང་ཡིད་ཡུལ་ལ་ཚོར་ཤེས་བྱེད་པ་དང་། རང་གི་སེམས་བྱུང་གི་སྒོ་ནས་ཡུལ་གྱི་རྣམ་པ་ལ་མྱོང་རྟོག་བྱེད་པ། རང་གི་རིགས་ཤེས་ཀྱི་སྒོ་ནས་བརྩམས་ཆོས་ཀྱིས་འབྲི་བཞེངས་བྱས་པའི་འཚོ་བའི་སྣང་ཚུལ་ལ་ཤེས་རྟོགས་བྱེད་པ། རང་གི་འཆར་ཡན་གྱི་སྒོ་ནས་སྣང་བརྙན་འཛིན་པའམ་སྣང་བརྙན་བསྐྱར་སློང་བྱེད་པ་འདི་ལྟ་བུའི་ཡུལ་ཡུལ་ཅན་གྱི་འབྲེལ་བའི་ཁྲོད། ཡུལ་ཅན་གྱིས་ཡུལ་གྱི་ཕྱོགས་ནས་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་ལོངས་སུ་སྤྱོད་ཐུབ་ཚེ། ཡུལ་དེ་ལ་མཛེས་རྟོག་གི་རིན་ཐང་ཡོད་པ་ཡིན། དེའི་སྒོ་ནས་བརྩམས་ཆོས་ཀྱི་རིན་ཐང་ལ་གདེང་འཇོག་མཐོན་པོ་བྱེད་ཆོག་པ་ཡིན།

 

གཙོ་བོ་ནི་རྩོམ་རིག་བརྩམས་ཆོས་ནི་མ་གཞི་ནས་ཉེར་སྤྱོད་རྩོམ་ཡིག་ལྟ་བུ་མ་ཡིན་པས། དེའི་རིན་ཐང་ནི་བསམ་བློ་གང་རུང་ཞིག་ཀློག་པ་པོར་བརྡ་སྤྲད་པ་ཙམ་གྱིས་མི་ཆོག་པར། རྩོམ་རིག་ནི་ཚོར་འདུའམ། མྱོང་རྟོག་གམ། འཚོ་བའི་རི་མོ་དང་བཅས་ཏེ་བསྟན་དོན་མཚོན་པར་བྱེད་པ་ཞིག་ཡིན་པས། དེ་ཉམས་སུ་མྱོང་བའམ་རོལ་མྱོང་བྱེད་པའང་རིགས་པའི་དཔྱད་པ་གཙོ་བོ་མིན་པར། ཚོར་བ་གཙོ་བོ་ཡིན། རྩོམ་རིག་ནི་མ་གཞི་ནས་ཚོར་བས་བརྒྱངས་པ་ཞིག་ཡིན་པས་རྩོམ་རིག་གི་མཛེས་རྟོག་གི་རིན་ཐང་ཐོག་མར་ཚོར་བ་ལ་གཏད་ནས་ཡོད་པ་ཡིན། གནད་འགག་ནི་རིགས་པ་དང་ཚོར་བ་གཉིས་ཀྱི་གོ་དོན་ཤེས་རྒྱུ་དེ་ཡིན།

 

འདིར་ང་ཚོས་བཤད་བདེ་བའི་ཆེད་དུ་འགྲེལ་བཤད་དང་གདེང་འཇོག་གཉིས་སོ་སོར་བཤད་པ་མ་གཏོགས། དཔྱད་བརྗོད་ཀྱི་གོ་རིམ་དངོས་ཀྱི་ཁྲོད་ནས་འགྲེལ་བཤད་དང་གདེང་འཇོག་གཉིས་དམ་དུ་འབྲེལ་ནས་ཡོད། འགྲེལ་བཤད་བྱེད་པའི་དུས་མཚུངས་སུ་གདེང་འཇོག་ཀྱང་བྱས་ཡོད་ལ། གདེང་འཇོག་གི་དུས་སུ་འགྲེལ་བཤད་ཀྱང་བྱས་ཡོད།

 

གདེང་འཇོག་ལ་མཚོན་ན། དེ་ནི་རིན་ཐང་གི་མཆོག་དམན་བརྗོད་པ་ཞིག་ཡིན་པས་ན། དེ་ལ་ཚད་གཞི་ཞིག་ཅིས་ཀྱང་ཡོད་པ་ཡིན། དཔེར་ན། གོན་པ་ཞིག་ལ་གདེང་འཇོག་བྱེད་པར། ལ་ལས་དྲོན་པོ་ཡིན་མིན་གྱི་ཆ་ནས་བཟང་ངན་གྱི་དབྱེ་བ་འབྱེད་ལ། ལ་ལས་མིག་ལ་ཡག་མིན་གྱི་ཆ་ནས་དང་། ལ་ལས་ལུས་ལ་བདེ་མིན་གྱི་ཆ་ནས། ལ་ལས་སྤུས་ཀའི་ཆ་ནས་བཟང་ངན་གྱི་དབྱེ་བ་འབྱེད། དེ་བཞིན་རྩོམ་རིག་བརྩམས་ཆོས་དང་སྣང་ཚུལ་ལ་འགྲེལ་བཤད་དང་དེ་འབྲེལ་གྱི་གདེང་འཇོག་བྱེད་པར་ཡང་དེ་ལྟའི་སྤྱིའི་ཚད་གཞི་ཞིག་ཡོད་པ་ཡིན།

 

ཚད་གཞི་དེ་གཏན་ལ་འབེབ་པ་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད། གཅིག་གིས་ནི། རྩོམ་རིག་ནི་སྤྱི་ཚོགས་དང་རྒྱ་ཆེ་ས་ནས་འབྲེལ་ནས་ཡོད་པར་དམིགས་ཏེ། དེའི་འབྲེལ་བའི་ཁྲོད་ནས་བདེན་དགེ་མཛེས་གསུམ་གྱི་ཚད་གཞི་དང་། ཀུན་སྤྱོད་ཀྱི་ཚད་གཞི་ལ་སོགས་པའི་ཚད་གཞི་འདོན། ཅིག་ཤོས་ཀྱིས་ནི། རྩོམ་རིག་ནི་རང་རྐྱེ་འཕེར་བ། རང་ཆས་རྫོགས་པ་ཞིག་ཡིན་པས། དཔྱད་བརྗོད་ཀྱི་ཚད་གཞི་ནི་ཕྱི་རོལ་གྱི་འཇིག་རྟེན་ནམ་སྤྱི་ཚོགས་ལས་འབྱུང་དགོས་པ་ཞིག་མིན་པར། བརྩམས་ཆོས་རང་སྟེང་ནས་འབྱུང་དགོས་པར་འདོད། ཚད་གཞི་འདིས་བརྩམས་ཆོས་ཀྱི་རྣམ་པ་ཁོ་ན་གཙིགས་སུ་བཟུང་བས། དཔྱད་བརྗོད་བྱེད་དུས་ཀྱང་རྩོམ་གྱི་སྐད་ཆ་དང་། སྒྲིག་གཞི། ཞིབ་བརྗོད་ལ་སོགས་པའི་ཆ་ནས་དཔྱད་བརྗོད་བྱས་ཏེ། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་ནང་དོན་སྣང་མེད་དུ་བྱེད། 


དཔེར་ན། “དཔྱད་བརྗོད་གསར་མའིདཔྱད་བརྗོད་ལྟ་བུ། འདི་འདྲ་ལ་ང་ཚོ་ད་དུང་འབྲེལ་འདྲིས་མང་པོ་བྱས་མེད་པས་རྒྱས་པར་མི་སྤྲོའོ།། ང་ཚོས་དུས་རྒྱུན་མཐོང་ཐོས་སུ་ཡོད་པ་སྤྱི་ཚོགས་དང་བརྩམས་ཆོས་ཀྱི་འབྲེལ་བའི་ངོས་ནས་དཔྱད་བརྗོད་བྱེད་པ་ཡིན་པས། འདི་ལ་ད་དུང་སྤྲོས་པ་ཅུང་ཟད་བྱེད་ན། གཙོ་བོ་བྱེ་བྲག་པའི་ཚད་གཞི་གསུམ་བཟུང་ཆོག 

 

དང་པོ། རྩོམ་རིག་ཀུན་སྤྱོད་རིན་ཐང་ཐད་ཀྱི་ཚད་གཞི།

 

རྩོམ་རིག་དང་མིའི་རིགས་ཀྱི་མི་ཆོས་ཀུན་སྤྱོད་བར་འབྲེལ་བ་དམ་པོ་ཡོད་པ་ཡིན། ཀུན་སྤྱོད་ནི་ལག་ལེན་གྱི་ཕྱོགས་སུ་གཏོགས་ཤིང་། ཀུན་སྤྱོད་ཀྱིས་སྤྱོད་ལམ་གྱི་རྣམ་གཞག་གི་སྒོ་ནས་མི་ལ་རེ་བ་འདོན་པ་དང་། མི་ལ་བསླབ་གཅུན་བྱེད་པ། མི་དང་མིའི་བར་གྱི་སྤྱི་ཚོགས་འབྲེལ་བར་འཆམ་མཐུན་བཟོ་བ་ཡིན། རྩོམ་རིག་གིས་མི་དང་མིའི་སྤྱོད་ལམ་ཞིབ་འབྲི་བྱས་ནས་མི་དང་མིའི་བར་གྱི་འབྲེལ་བ་མཚོན་པར་བྱེད་པ་ཡིན་པས། སྤྱི་ཚོགས་ཀྱི་མི་ཆོས་ཀུན་སྤྱོད་ཐད་ཀྱི་སྣང་ཚུལ་ནི་ངང་ངམ་ཤུགས་ཀྱིས་རྩོམ་རིག་བརྩམས་ཆོས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་བས་རྩོམ་རིག་གི་རིན་ཐང་མ་ལག་ཁྲོད་དུ་ཀུན་སྤྱོད་ཀྱི་རིན་ཐང་ཡོད་པ་ནི་རྟོགས་དཀའ་བ་ཞིག་མ་རེད། རྩོམ་པ་པོ་ལ་ལས་ཆེད་དམིགས་ཀྱིས་རྩོམ་རིག་བརྩམས་ཆོས་ཁྲོད་དུ་ཀུན་སྤྱོད་ཀྱི་ལྟ་ཚུལ་འགོད་པ་ཡིན། དཔེར་ན་རྩོམ་པ་པོ་ཧུག་གོའི་(雨果)<<ཡ་ང་བའི་འཇིག་རྟེན་>>ལྟ་བུ། དེ་ལས་གཞན་བོད་ཀྱི་རྩོམ་རིག་ཕལ་ཆེ་བས་ཀུན་སྤྱོད་ཀྱི་ལྟ་བ་རྩོམ་གྱི་ནང་དུ་བཏོན་ཡོད། དཔེར་ན་དོན་གྲུབ་རྒྱལ་གྱི་<<ཤ་དང་རུས་པའི་བརྩེ་དུང་>>ལྟ་བུ།

 

རྩོམ་རིག་དང་ཀུན་སྤྱོད་ཀྱི་འབྲེལ་བ་དེ་ལྟར་དམ་པས་ན། དཔྱད་བརྗོད་ཀྱིས་ཀྱང་ངེས་པར་དུ་ཀུན་སྤྱོད་ཀྱི་ལྟ་ཚུལ་ལ་གདེང་འཇོག་བྱེད་དགོས་པར་གྱུར་ཡོད། ཡིན་ནའང་། ཀུན་སྤྱོད་ཚད་གཞི་རུ་བཟུང་ནས་དཔྱད་བརྗོད་བྱེད་དུས། ཐོག་མར་བརྩམས་ཆོས་ཁྲོད་ཀྱི་ཀུན་སྤྱོད་སྟོན་ཚུལ་དེ་སྤྱི་ཚོགས་འཚོ་བ་བྲིས་པ་བརྒྱུད་ནས་ཚོར་ཤེས་དང་བཅས་ཏེ་མཚོན་པ་ཞིག་ཡིན་དགོས་པ་ལས། རྩོམ་པ་པོ་རང་གི་ཀུན་སྤྱོད་ཀྱི་ལྟ་ཚུལ་སྒྲོག་བྱེད་ཀྱི་གཏམ་རྒྱུད་ཅིག་ཡིན་མི་རུང་། འདི་གསལ་པོར་ཤེས་དགོས། དེ་ནས་དུས་དང་ལོ་རྒྱུས་ཀྱི་འགྱུར་བར་བསྟུན་ནས། སྔོན་མའི་ཀུན་སྤྱོད་ཀྱི་ཚད་གཞི་ད་ལྟར་མི་འཚམ་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་འདིའང་ཤེས་དགོས་པ་ཞིག་ཡིན། དཔེར་ན། སྔོན་ཆད་བུད་མེད་ལ་མཚོན་ན་ནམ་ཡང་གཞན་བསྟུན་བྱེད་པ་བུད་མེད་མཛངས་མ་རུ་སེམས་ཀྱང་། དེ་ཉིད་ད་ལྟ་དངོས་སུ་ནས་སྐྱོན་ཅན་དུ་སྣང་སྟེ། དེས་རང་གཤིས་དང་རང་དབང་ཉམས་དམས་སུ་བཏང་བ་རེད།

 

གཉིས། ཤེས་རྟོགས་རིན་ཐང་ཐད་ཀྱི་ཚད་གཞི།

 

རྩོམ་རིག་གིས་རང་བྱུང་སྣང་ཚུལ་དང་། སྤྱི་ཚོགས་སྣང་ཚུལ། མིའི་ནང་སེམས་ཀྱི་འཇིག་རྟེན་བསྐྱར་མཚོན་ནམ་མཚོན་ཡུལ་དུ་བྱེད་པས། རྩོམ་རིག་གིས་མི་རྣམས་ཀྱི་ངོར་འཚོ་བའི་གནས་སྟངས་སྣ་ཚོགས་པ་ཞིག་བསྟར་ཡོད། ལྷག་པར་དུ་ཞིབ་འབྲིའི་བདེན་སྣང་རང་བཞིན་ཆེ་ལ། འཚོ་བའི་ཁྱབ་རྒྱ་ཆེ་བ། མི་ཚེའི་དོན་སྙིང་ལ་སྔོག་འདོན་བྱས་པ་གཏིང་ཟབ་པའི་རྩོམ་རིག་བརྩམས་ཆོས་དག་གི་ཁྲོད་ན་ཡོད་པའི་ཕུན་སུམ་ཚོགས་པའི་ཆ་འཕྲིན་ནི་དངོས་སུ་ངོ་མཚར་དགོས་པ་ཞིག་རེད། དེ་བས། རྩོམ་རིག་གིས་ང་ཚོར་འཇིག་རྟེན་ལ་ཤེས་རྟོགས་བྱ་བའི་སྒོ་མོ་ཆེན་པོ་ཞིག་ཕྱེ་ནས་ཡོད། སྤྱི་ཚོགས་དང་། མི་ཚེ། མིའི་ནང་སེམས་ཀྱི་འཇིག་རྟེན་དང་མིའི་སེམས་ཁམས་ཀྱི་གཏིང་རིམ་གྱི་ཆ་ལ་ཤེས་རྟོགས་བྱེད་པའི་ཐད་ནས། རྩོམ་རིག་གི་ཤེས་རྟོགས་རིན་ཐང་དེ་ཚན་རིག་ལས་ཀྱང་བརྒལ་བ་རེད། ཨེན་ཀེ་སི་ཡིས་པལ་ཙག་གི་རྩོམ་ལ་གདེང་འཇོག་བྱས་པ་ལྟ་བུས་ཤེས་ཐུབ།

 

ང་ཚོ་བོད་ཀྱི་རྩོམ་རིག་གི་སྟེང་ནས་བཤད་ནའང་། བོད་ཀྱི་དུས་སྐབས་གསར་བ་ནི་བསྒྱུར་བཅོས་ལྷུག་གཏོང་གི་དུས་སྐབས་ཤིག་ཡིན་ལ། སྐབས་དེར་བསམ་བློ་གསར་རྙིང་གི་འགལ་འདུ་རྣོ་ངར་ཅན་དུ་གྱུར་ཡོད་པ་ལ། དེ་ལྟའི་དུས་རབས་ལ་ཤེས་རྟོགས་བྱེད་པར་ང་ཚོས་རྩོམ་རིག་བརྩམས་ཆོས་<<གནའ་བོའི་ཅོང་རྙིང་>>ལྟ་བུ་ལས་ཤེས་རྟོགས་བྱེད་ཐུབ་པ་ལྟ་བུ།

 

རྩོམ་རིག་བརྩམས་ཆོས་བརྒྱུད་ནས་སྤྱི་ཚོགས་ལ་ཤེས་རྟོགས་བྱེད་པ་དང་། མི་ཚེ་ལ་ཤེས་རྟོགས་བྱེད་པ་ནི་མི་སྒེར་དང་སྤྱི་ཚོགས་གཉིས་ཀའི་རེ་འདོད་ཡོངས་ཁྱབ་པ་ཞིག་ཡིན་པས། རྩོམ་རིག་གི་དཔྱད་བརྗོད་ཀྱིས་གནད་འདི་ཡལ་བར་འདོར་ག་ལ་རུང་། ཡིན་ནའང་། རྩོམ་རིག་གི་ཤེས་རྟོགས་རིན་ཐང་གི་ཤེས་རྟོགས་བྱེད་ནུས་དང་ཚན་རིག་གི་ཤེས་རྟོགས་རིན་ཐང་གི་ཤེས་རྟོགས་བྱེད་ནུས་གཉིས་ཀྱི་ཁྱད་པར་ངེས་པར་དུ་ཤེས་དགོས། ཚན་རིག་གི་ཤེས་རྟོགས་ནི་ཕྱི་དོན་(客观)ཅན་ཞིག་དང་། རྩོམ་རིག་གི་ཤེས་རྟོགས་ཁྲོད་དུ་རང་གི་ཞེན་དོན་(主观)འདྲེས་ནས་ཡོད། མདོར་ན། རྩོམ་རིག་དཔྱད་བརྗོད་ཀྱིས་བརྩམས་ཆོས་ཀྱི་ཤེས་རྟོགས་བྱེད་ནུས་དམིགས་སུ་བཟུང་ནས་དཔྱད་བརྗོད་བྱེད་དུས། ངེས་པར་དུ་མཛེས་རྟོག་རང་བཞིན་ཅན་གྱི་ཤེས་རྟོགས་དང་མཛེས་རྟོག་རང་བཞིན་ཅན་མ་ཡིན་པའི་དབྱེ་བ་གསལ་པོར་བཀར་ཤེས་དགོས།

 

གསུམ་པ། རྩེད་འཇོའི་རིན་ཐང་ཐད་ཀྱི་ཚད་གཞི།

 

རྩོམ་རིག་ཀྱང་སྒྱུ་རྩལ་གྱི་རིགས་གཞན་དང་འདྲ་བར། དེས་མིའི་རྩེད་འཇོའི་དགོས་མཁོ་སྐོང་ཐུབ་པ་ཡིན། རྩེད་འཇོ་ནི་རྩོམ་རིག་རོལ་མྱོང་ཐད་ཀར་འདྲེན་པའི་ཐོག་མའི་རྐྱེན་ཡང་ཡིན། མིའི་ཚོར་སྣང་གི་འཚོ་བའི་ཁྲོད་དུ་རྩེད་འཇོས་གོ་ས་ཆེན་པོ་བཟུང་ཡོད། སྒོས་སུ་དེང་རབས་སྤྱི་ཚོགས་ཁྲོད། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་འཚོ་བའི་འགྲོས་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱིས་ལུས་ཀྱི་ངལ་དུབ་དང་སེམས་ཀྱི་གནོན་ཤུགས་བསང་བའི་ཕྱིར་དུ། རྩེད་འཇོ་ལ་རོལ་བའི་དགོས་མཁོ་ཡོད། དུས་རབས་བཅོ་བརྒྱད་པའི་དབྱིན་ཇིའི་མཛེས་རྟོག་སྨྲ་བ་པོ་པའོ་ཁི་ཡིས། མཛེས་རྟོག་གིས་སྲ་མཁྲེགས་ཀྱི་ལུས་ཕུང་ཡོངས་རྫོགས་ལྷོད་འཇམ་བྱེད་པའི་སྒོ་ནས་ནུས་པ་འདོན་པ་ཡིན། ཞེས་གསུངས་ཡོད། དེ་བས་དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་ནི་མི་ཉུང་ཤས་ཀྱིས་ལོངས་སུ་སྤྱོད་པ་ནས། མི་མང་གིས་ལོངས་སུ་སྤྱོད་ཆོག་པ་ཞིག་ཏུ་འགྱུར་བཞིན་ཡོད།

 

རྩེད་འཇོའི་དོན་དུ་རྩོམ་རིག་སྒྱུ་རྩལ་ལ་ཞུགས་པ་ལས་ལུས་སེམས་ཀྱི་ངལ་དུབ་བསངས་ཐུབ་པ་མ་ཟད། ད་དུང་བསམ་པའི་སྟེང་ལ་རང་དབང་ཞིག་ཀྱང་ཐོབ་པར་འགྱུར་ཏེ། རྩོམ་རིག་ལ་འཇུག་པའི་དུས་དེར་དངོས་ཡོད་ཀྱི་སྐྱོ་ངལ་དང་། དོན་ཆུང་གི་སེམས་ཁྲལ་ལས་ཐར་ནས། རྟོག་སྣང་གི་སྒྱུ་རྩལ་འཇིག་རྟེན་ཞིག་ཏུ་འབྱམས་ནས་ཡོད་པས་སོ།།

 

ཡིན་ནའང་། རྩེད་འཇོའི་རིན་ཐང་དེ་རྩོམ་རིག་ལ་རིན་ཐང་བྱེད་ནུས་མང་དུ་ཡོད་པའི་ནང་གི་གཅིག་ཡིན་པ་ལས། དེ་རྩོམ་རིག་གི་དམིགས་ཡུལ་ཡོངས་རྫོགས་མིན་པ་ཤེས་དགོས། དེ་མིན་ན་རྩོམ་རིག་རིན་ཐང་གི་སྣ་འདུས་རང་བཞིན་དང་། རྩོམ་རིག་གི་རྩ་བའི་རང་བཞིན་ཏེ་མཛེས་རྟོག་གི་རིན་ཐང་ཉམས་དམས་བཟོས་པ་རེད། དཔེར་ན། ཀློག་པ་པོའི་མོས་པ་ཁོ་ནར་བསྟུན་པ་ལས་བྱུང་བའི་འཛིང་འཐབ་རྩོམ་རིག་དང་། མཛའ་དགའི་རྩོམ་རིག ཆགས་སྲེད་རྩོམ་རིག གསང་འབྱིན་རྩོམ་རིག ཚོང་འཐབ་རྩོམ་རིག་ལྟ་བུས་རྩེད་འཇོའི་བྱེད་ནུས་ལ་ཚོད་འཛིན་མེེད་པར་བེད་སྤྱོད་ཐལ་དྲགས་བཏང་བས། རྩོམ་རིག་གི་ཆུ་ཚད་ཉམས་དམས་སུ་བཏང་བ་ལྟ་བུ། དེས་ན། རྩོམ་རིག་དཔྱད་བརྗོད་ཀྱིས་རྩེད་འཇོ་ཡོད་ཆོག་ལ་ཐལ་དྲགས་མི་རུང་བའི་ཆ་ལ་དོ་སྣང་བྱེད་དགོས་པ་ཡིན།

 

འདིའི་ཐད་ནས་དཔྱད་བརྗོད་ལ་ལས་ཀ་མང་པོ་ཡོད་པ་ཡིན། མི་མང་གི་རྩོམ་རིག་མོས་པ་དང་རོལ་མྱོང་གི་གནས་བབ་ལ་ཞིབ་འཇུག་བྱེད་ཆོག་ལ། རྩེད་འཇོའི་རྩོམ་རིག་གིས་མི་མང་གི་བློ་ཇི་ལྟར་དྲངས་སོང་བ་དང་། རྩེད་འཇོའི་རྩོམ་རིག་གི་གསར་རྩོམ་ལ་ཆོས་ཉིད་ཅི་ཡོད་སོགས་ལ་དཔྱད་བརྗོད་བྱས་ནས་རྩོམ་རིག་གསར་རྩོམ་འཕེལ་རྒྱས་སུ་འགྲོ་བའི་ཐད་ནས་ནུས་ཤུགས་བཏོན་ཆོག་པ་དང་། དེར་མ་ཟད། ཀློག་པ་པོའི་རོལ་མྱོང་གི་ཐད་ལ་བསམ་འཆར་བརྗོད་ནས། རིམ་གྱིས་ཁོ་ཚོ་མཛེས་རྟོག་གི་རིན་ཐང་ཆེན་པོ་ཡོད་པའི་རྩོམ་རིག་གི་ཕྱོགས་ལ་འདྲེན་པ་དང་། རྩེད་འཇོའི་རྩོམ་རིག་གི་བསམ་བློའི་ཆུ་ཚད་ལ་དཔྱད་བརྗོད་སྤེལ་ནས་རྩེད་འཇོའི་རྩོམ་རིག་གི་གསར་རྩོམ་དང་རོལ་མྱོང་ཉིད་རིག་གནས་འཛུགས་སྐྲུན་གྱི་མ་ལག་ཁྲོད་དུ་འདྲེན་པར་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་ཆོག

 

རྩོམ་རིག་དཔྱད་བརྗོད་ཀྱིས་གོང་གི་བྱ་བ་དེ་དག་བསྒྲུབས་མཐར། དཔྱད་བརྗོད་ལས་ཕན་ཡོན་བཞི་ཐོན་པར་འགྱུར་ཏེ། ཀློག་པ་པོའི་རྩོམ་རིག་རོལ་མྱོང་ལ་ཁྲིད་སྟོན་བྱེད་པ་དང་། རྩོམ་པ་པོའི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་པ། རྩོམ་རིག་གཞུང་ལུགས་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་དུ་ཞུགས་པ་བཅས་སོ།།

བོད་ཀྱི་རྩོད་རིག་དཔྱད་རྗོད་པ་ཆེན་མོ་བདུད་ལྷ་རྒྱལ། 




No comments:

Post a Comment

Adbox