གཉའ་བློ་གྲོས་རྒྱལ་མཚན་གྱི་ལྷུག་རྩོམ་<<ཁྱི།>>
ཤ་ཁྱི། སྤྱང་ཁྱི། འབྲོག་ཁྱི། ཕྱི་གླིང་བའི་ཁྱི་སོགས་ཁྱི་ལ་རིགས་མང་པོ་དབྱེ་ཆོག དེ་ལ་སྤུ་མདོག་ཀྱང་རྣམ་པ་སྣ་ཚོགས་སུ་ངེས། ཕྱི་གླིང་བ་རྣམས་གཡུང་དྭགས་གསོ་བར་ཧ་ཅང་དགའ་ཞིང་། བྱིས་པ་བཞིན་གཅེས་འབོད་དང་བྱིལ་བྱིལ་བྱས་ནས་གར་འགྲོ་ས་ལ་ཁྲིད་པའི་མི་དག་གིས་ཁྱི་ཡི་རང་བཞིན་ལ་ངན་སྨྲས་ཇི་ལྟར་བྱེད་མིན་མི་ཤེས་མོད། ཡིན་ནའང་། བསིལ་ལྗོངས་པ་རྣམས་ཀྱིས་ཁྱི་ཡི་རང་བཞིན་ལ་དྲང་བདེན་མིན་པའི་གདེང་འཇོག་དང་སྡིགས་དམོད་ཇི་ལྟར་བྱེད་པ་བདག་ལ་ཧ་ཅང་གསལ་ཆ་ཡོད་དེ། “མི་ཁྱི་འདྲ་བ་ཞིག་”གམ་ “མི་ཁྱི་ལའང་མི་དོ་བ་ཞིག་རེད་” ཅེས་དང་། “མི་ལ་ངོ་ཚ་མེད་ན་ཁྱི་དང་། ཁྱི་ལ་རྔ་མ་མེད་ན་འདྲེ་རེད་” ཅེས་ཁ་དཔེར་འཁྱེར་ཞིང་། ཡང་འདྲ་བ་རྒྱུ་མཚུན་དུ་བྱས་ནས་མི་ངན་པའི་རིགས་ལ་ “རྒྱུག་ཁྱི་” ཞེས་ངན་པའི་དཔེ་རུ་འཇོག
ཁྱོས་ཀྱིས་སོམས་དང་། བོད་མིས་ཤ་ཁྱི་ཁྲིད་དེ་རི་དྭགས་རྔོན་པ་དང་། སྤྱང་ཁྱི་ལ་སྤྱང་ཁུ་འདུལ་དུ་འཇུག་པ། སེང་ཁྱི་སྒོ་སྲུང་ལ་འཇོག་པ། འབྲོག་ཁྱི་གསོས་ནས་ཕྱུགས་ཟོག་སྲུང་དུ་འཇུག་པ་སོགས་བྱེད་པ་མ་ཟད། ཁྱི་ལྤགས་དྲོད་ཆེན་ཡིན་ཕྱིར་གྲང་གཞི་སོགས་གསོ་བྱེད་ཀྱི་སྟན་དུའང་འདིང་ངོ་།།
སྤྱིར་བཏང་དུ་སྦྱོང་བརྡར་མྱངས་པའི་ཁྱི་ཡིས་མི་ལ་ཡིད་འགུལ་ཐེབས་སུ་འཇུག་པ་ནང་བཞིན། འབྲོག་ཁྱིའི་ནང་ནའང་མི་ལ་ཡིད་འགུལ་ཐེབས་སུ་བཅུག་སྟེ་མིག་མཐར་མཆི་མ་རྣོང་དུ་འཇུག་པ་མང་། ཁྱི་ལ་ལ་བདག་པོ་དང་ཁ་བྲལ་ནས་ལོ་བཅུ་ཙམ་སོང་ནའང་། སླར་འཕྲད་མ་ཐུག་ཏུ་བདག་པོ་ངོས་ཟིན་ཏེ་མཇུག་པ་གཡུག་གཡུག་དང་། རྣ་བ་བསྙལ་བསྙལ་བྱེད་ཞོར་ཕར་ལྡིང་ཚུར་ལྡིང་གིས་དགའ་བའི་རྣམ་པ་མངོན་བཞིན་བདག་པོ་དང་བརྩེ་དགའ་བྱེད། མི་ངན་མཛའ་བརྩེ་ཕྱི་ཐག་མི་རིང་བ་ཞིག་ལ་མཚོན་ན་འདིས་ཅི་ཞིག་སྟོན་པ་ཡིན་ནམ།
ཡང་ཁྱི་ཁ་ཅིག་བདག་པོས་ཉར་མ་འདོད་པར་གཞན་ལ་སྤྲོད་པའམ། གཞན་ཞིག་གིས་བདག་བྱེད་པར་བརྩམས་པའི་ཚེ། དེ་ཉིད་ཀྱི་མིག་བཏུམས་ཏེ་དགུ་ལུང་དགུ་བརྒྱབ་ཅིང་། ཆུ་ཕྲན་ཆུ་བོ་གང་མང་བརྒལ་བ། རྐང་ལམ་དང་གཞུང་ལམ་མང་པོ་བརྒྱུད་དེ་གནས་གཞན་དུ་ཁྱེར་ནའང་། དེས་བདག་པོ་གསར་རྙིང་གི་དབུལ་ཕྱུག་དང་ལྟོ་ཡི་བཟང་ངན་ལ་མི་ལྟ་བ་དང་། རང་དབང་འབྱོར་པའི་ཚུལ་གྱིས་བསམ་དབང་དྲན་དབང་མེད་པར་ཕྱིར་བདག་པོའི་ཡུལ་དུ་ལོག་པར་ངེས། ཚུལ་དེས་ “འབྱོར་བའི་དུས་སུ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་། རྒུད་པའི་ཚེ་ན་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བའི་” གཤིས་ངན་དག་གི་སྤྱོད་ལམ་ལ་ཅོ་འདྲི་བྱས་པ་ཡིན་ན། དམན་དང་མཆོག་གི་རང་བཞིན་ཅི་འདྲ་ཡིན་པ་གསལ་བར་བསྟན་འདུག
གཞན་ཡང་། ཁྱི་འགའ་རེ་བདག་པོ་ལ་ལྟོ་སྣོད་བཀྲུས་ཆུ་ཙམ་ལས་ལྡུད་རྒྱུ་མེད་ནའང་གནས་གཞན་དུ་འབྲོ་མི་སྲིད། ཞི་མི་ནི་ཕྱུག་བདག་ལ་དགའ་བའི་གཡུང་དྭགས་ཤིག་ཡིན་ཞིང་། ཡོངས་གྲགས་ལྟར་ན། ཁྱིམ་ཚང་གི་འབྱོར་བ་དར་རྒུད་དེ་ཞི་མི་ཁྱིམ་དུ་རྒྱུན་པར་ལྡོད་མིན་ལ་བརྟག་ན་ཤེས་ཐུབ་ཟེར། དཔེར་ན། རང་ཁྱིམ་དུ་གསོས་པའི་ཞི་མི་དེ་སྐབས་འགར་མ་གཏོགས་དུས་ཕལ་ཆེ་བར་གཞན་དུ་འཁྱམས་པ་ནི། ཁྱིམ་དེའི་འབྱོར་བ་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་སམ་རྒུད་བཞིན་པའི་མཚོན་རྟགས་ཡིན་ཟེར།
ཁྱི་ནི་བདག་པོ་ལ་འདྲིས་སླ་བའི་རྐྱེན་གྱིས་བློ་འགྱུར་རྒྱུ་མེད་ལ། བསྟུད་མར་ཉིན་འགའ་ལྟོ་སྟེར་རྒྱུ་མེད་ནའང་དེའི་དབང་གིས་འགྱུར་ལྡོག་ཅི་ཡང་མེད། དེ་ནི་རྒྱུག་ཁྱི་དང་དེའི་བདག་པོའི་བར་ལ་ནམ་ཡང་ཡོད་མི་སྲིད་དེ། དཔེར་ན། འོ་མ་རུལ་བའི་ནང་དུ་ངོ་བོ་གཞན་དུ་འགྱུར་བའི་ཞོ་ཡི་རུ་རྟ་ཇི་ལྟར་བླུགས་ཀྱང་། སྐྱུར་བ་འཕེལ་ནས་སོབ་སོབ་ཏུ་གྱུར་ཏེ་དྲི་ང་བ་ལས་གཞན་ཅི་ཡོད། རྣམ་པ་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་རྒྱུག་ཁྱི་ཞེས་དཔེར་འཇོག་པ་མ་གཏོགས། རང་བཞིན་གྱིས་དཔྱད་པ་བཏང་ན། ཁྱི་ཡོད་ཚད་ལ་རྒྱུག་ཁྱིའི་སྐྱོན་གྱིས་ག་ལ་ཁྱབ་ཐུབ། དེ་བས་མིའི་ནང་ན་རངབཞིན་བསྲང་བ་མེད་པའི་དུས་ཚེར་སྡོང་པོ་ལྟ་བུ་ཡོད་ལ།
ཁྱིའི་ནང་ནའང་མི་ངན་བཞིན་དུ་རྐུ་བྱེད་པ་དང་གཞའ་རྒྱུགས་བྱེད་པ། བདག་པོའི་ངོའང་མི་ཟིན་པར་རྨུགས་པར་རྩོམ་པ། ཁྱིམ་གྱི་མགྲོན་པོའི་ཐོག་ལ་རྒྱུག་པའི་ཁྱི་ངན་ཡོད་དེ། “ཁྱི་ངན་པ་བཀག་ན་མི་ཐུབ། མི་ངན་པ་བཟུང་ན་མི་ཐུབ་” ཅེས་པའི་གཏམ་དཔེ་འདིས་ཀྱང་གོང་དུ་གསལ་བའི་དོན་དེའི་ཕྱོགས་གཅིག་མཚོན་ནོ།།
ཁྱི་ཡི་རིགས་ལ་དེ་ལྟ་བུའི་རང་བཞིན་བཟང་པོ་ཡོད་པ་མ་ཟད། མ་བསླབས་མཁས་པ་གླིང་ན་མེད། །བསླབས་ཀྱང་གླང་ཡང་མཁས་པར་འགྱུར། །ཞེས་པའི་དཔེ་བཞིན་དོན་བྱེད་ཀྱི་ནུས་པ་བསླབས་ཆོག་ལ། གོ་བརྡ་སྤྲད་དེ་མིའི་འདོད་མོས་བཞིན་བྱ་བ་མང་པོ་སྒྲུབ་ཏུའང་བཅུག་ཆོག དཔེར་ན། ཉེན་རྟོག་པའི་ཁྱི་དང་ཤ་ཁྱི་བཟང་པོའི་རིགས་ཀྱིས་མཚོན་ནོ།།
རྒྱུ་མཚན་དེ་དག་གི་དབང་གིས་ཁྱི་ངན་པའི་སྐྱོན་ཁྱི་ཐམས་ཅད་ལ་ཁྱབ་པའི་ལྟ་སྟངས་ནོར་འཁྲུལ་ཅན་དེ་ཁྱད་དུ་བསད་ན་མི་འོས་སམ། བྱ་དངོས་ཐམས་ཅད་ལ་བཟང་ངན་གྱི་ཕྱོགས་རེ་ཡོད་པའི་དབང་གིས། ཁྱི་ཀུན་ལ་སྐྱོན་ཡོད་པར་བརྗོད་པ་སྤངས་ཏེ་ཁྱི་བཟང་པོའི་རིགས་དཀར་སར་བཏོན་ན་མི་ལེགས་སམ།
སྒོ་ཁྱི་དང་བདག་པོ། རྒྱུག་ཁྱི་དང་བདག་པོ་ཞེས་པ་གཉིས་ཡིག་གཟུགས་མི་འདྲ་ལ་སྒྲ་ཡང་མི་འདྲ་ཞིང་། དོན་དང་ངོ་བོའི་ཁྱད་པར་མི་འདྲ་བ་མ་ཟད། དེ་གཉིས་ཀྱི་མཇུག་འབྲས་ལའང་གནམ་ས་ལྟ་བུའི་ཁྱད་པར་ཡོད། སྒོ་ཁྱི་ཞིག་གིས་བདག་པོ་དང་གཞན་ལ་ཐད་ཀར་རམ། བརྒྱུད་པ་གང་རུང་གི་སྒོ་ནས་ཕན་ཆེན་པོ་འདོགས་ཤིང་། རྒྱུག་ཁྱིས་དེ་ལས་ལྡོག་སྟེ་གནོད་པ་ཆེན་པོ་སྐྱེལ་ངེས་སོ།།
ཁྱི་ནི་ཇི་ལྟར་བཟང་ཡང་དེ་ལ་སྟག་སེང་ལྟ་བུའི་གྲགས་སྐད་དང་། གང་ཆེན་ལྟ་བུའི་རིན་ཐང་། ཤེའུ་ལྟ་བུའི་མཛེས་སྡུག་མེད་ལ། དོམ་བྱི་ལྟར་དགའ་མཁན་ཡང་སུ་ཞིག་ཡོད། དེའི་ནུས་པ་དང་བྱེད་ལས་ཀྱང་སྤྱིར་བཏང་བ་ཞིག་ཡིན་པ་ལས་མེ་འཁོར་ལྟ་བུའི་ཟིལ་ཤུགས་དང་། གནམ་གྲུ་ལྟ་བུའི་ལྡིང་རྩལ་མེད་མོད། འོན་ཀྱང་། ཞིབ་ཏུ་བསམས་ན། གོང་དུ་སྨྲས་པའི་ཁྱི་བཟང་བོ་དག་གི་གཤིས་ཀ་ལས། ང་ཚོས་རིན་གྱིས་ཁུགས་ཐབས་མེད་པའི་དངོས་པོ་རྣམས་ཀྱི་གཉུག་མའི་རང་བཞིན་མཚར་བོ་ཞིག་མཐོང་བ་མིན་ནམ། རིན་པོ་ཆེའི་རང་བཞིན་དང་འགྲན་ཐུབ་པའི་ཁྱི་བཟང་བོ་དག་གི་གཤིས་ཀ་དེ་ལྟ་བུ་ནི་རྒྱུག་ཁྱི་དག་ལ་གཏན་ནས་ཡོད་མི་སྲིད།
མེ་ཡི་དཀྱིལ་འཁོར་གསལ་བའི་ནང་། །ཆུ་ཡི་རང་བཞིན་འགྲོགས་པ་མེད། །དུག་སྦྲུལ་ཆེན་པོའི་ཁ་རླངས་ནི། །ཙན་དན་དྲི་ལ་འགྱུར་རམ་ཅི། །དེ་བས་ན་མི་ཁྱི་འདྲ་བ་དག་ལས་ཁྱི་མི་འདྲ་བ་དག་མི་བཟང་ངམ། རྒྱུག་ཁྱི་ཞིག་ཡིན་གཤིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མི་རིགས་ཀྱི་ལ་རྒྱ་དང་ཁེ་ཕན། ཡུལ་ཕ་མའི་དྲིན་ལན། ཤ་ཕུ་ནུའི་བརྩེ་སེམས། གྲོགས་དམ་པའི་མཛའ་མཐུན་བཅས་ནི་ཁོའི་ཡིད་ཀྱི་སྣང་ངོར་འཆར་ག་ལ་སྲིད། རྒྱུ་མཚན་ནི་དེ་དག་ངན་པ་འདུས་པའི་ཕུང་བོར་གྲུབ་པའི་ཕྱིར།
འདོད་རྔམ་ཆེ་བ། ཞེ་སྡང་ཆེ་བ། སེར་སྣ་ཆེ་བ། དྲིན་བྱས་དྲིན་དུ་མི་གོ་བ། རང་བཞིན་མི་བརྟན་སྲང་མདའ་བཞིན་དུ་ཅུང་ཟད་ཙམ་གྱིས་མཐོ་དམའ་འགྱུར་བ། འབྱོར་བའི་ཚེ་ན་སེང་གེ་བཞིན་དུ་འགྱིང་བ། རྒུད་པའི་ཚེ་ན་ཁྱི་རྐུན་བཞིན་དུ་ཞུམ་པ། གཉེན་དང་གྲོགས་ལ་ཚེར་མ་ལས་ཀྱང་རྩུབ་པ། དགྲ་དང་དྲག་ཤུལ་ཅན་ལ་སྲིང་བལ་ལྟར་འཇམ་པ། གཞན་སྐྱོན་ཏིལ་འབྲུ་ལྟ་བུའང་མིག་ལམ་དུ་རི་ལྟར་སྣང་ཞིང་། རང་སྐྱོན་རི་བོ་ལས་ཆེ་བའང་རྡུལ་ཕྲནབཞིན་དུ་མིག་ལ་མི་མཐོང་བ། རང་རྒྱུ་རི་བོར་ཁྱེམ་བུས་འཛུགས་པའང་མི་ནུས་བཞིན་དུ་གཞན་ནོར་མིག་འབྲས་ལྟ་བུ་ས་བརླགས་རྡོ་བརླགས་སུ་བཅོམ་པ། རང་ལུས་ཆུ་ཤིང་སྟེང་དུ་ཁབ་ཀྱིས་འཛུགས་པའང་མི་སྲོན་བཞིན་དུ་གཞན་ལུས་ཙན་དན་གྱི་ལྗོན་པ་མཚོན་རྣོན་གྱིས་གཏུབ་པ། ཕན་ཁབ་ཀྱི་རྩེ་མོ་ཙམ་བཏགས་པ་ལ་ལན་རྟ་ཁལ་མཛོ་ཁལ་ལྟ་བུར་རེ་བ། གཞན་ལ་ཕན་འདོགས་པ་ནི་ལན་ཁོ་ནའི་དོན་དུ་ཡིན་པ། ཕར་ལ་མཛའ་བའི་དར་ཟབ་བསྲིངས་ན་ལན་དུ་བསླུ་བྱེད་ལྕགས་ཀྱུས་འཛིན་པ། ཕར་ལ་འོ་མའི་དུང་གི་ཆར་ཕབ་ན་ཚུར་ལ་དུག་ཅན་ལྕེ་གཉིས་རྐྱོང་བ། གང་ཞིག་རང་གིས་མི་འདོད་མི་ཐེག་མི་ལྕོགས་པ་ཤེས་བཞིན་དུ། གཞན་ལ་བཙན་གྱིས་སྡུག་བསྔལ་གྱི་རྡོག་ཁྲོས་འགེལ་བ་ནི་རྒྱུག་ཁྱི་དང་ཁྱི་ངན་ལྟ་བུའི་མི་དག་གི་ངང་ཚུལ་ལོ།།
གཞན་ཡང་གང་ཡང་མ་ཐོས་ཅི་ཡང་མི་རྩོམ་པའི་མཁས་པ་དང་། ཤེས་རློམ་དབང་ཤེད་ཅན་གྱི་སློབ་དཔོན། རིན་པོ་ཆེའི་འབུལ་བར་བརྟེན་ནས་ཐོབ་པའི་དཔོན་པོ། དམངས་ཀྱི་གཤེད་མར་གྱུར་བའི་དམག་དཔོན། གསེར་དངུལ་གྱི་ཁོལ་པོར་གྱུར་བའི་ཕྱུག་པོ། ལུགས་དཀྲུགས་ཀྱི་གཏེ་བོར་གྱུར་བའི་ཁྲིམས་དཔོན། སྐྱེ་བོའི་སྲོག་ལ་གཟན་པའི་ཕྱི་གོས་ཙམ་གྱི་སྨན་པ། ཕྱི་ལ་སངས་རྒྱས་བསྟན་པའི་དར་འཕྱར་ཡང་ངོ་བོར་ཆོས་བརྒྱད་རླུང་གིས་སྐྱོད་པའི་རབ་བྱུང་བཙུན་པ། ལུག་མགོ་བཤམས་ནས་ཁྱི་ཤ་འཚོང་བའི་ཚོང་པ་བཅས་འདི་དག་རྣམས་ཀྱང་གང་གི་ངང་ཚུལ་ལ་མཐུན་པ་དཔྱོད་ལྡན་རྣམས་ལ་ཞུ་ཅི་དགོས་ཏེ་མི་དགོས་སོ།།
གོང་དུ་སྨྲས་པ་ནི། རྒྱུག་ཁྱི་དང་ཁྱི་ངན་ལྟ་བུའི་མི་དག་གི་རང་བཞིན་མཚོན་ཚུལ་ཡིན་ཏེ། རང་བཞིན་དེའི་དམིགས་བསལ་གྱི་མཚོན་ཚུལ་ཅི་ལྟ་བུ་ཡིན་ཞེ་ན། དེ་དག་ནི་མིའི་ཤ་ཚུགས་སུ་ལངས་ནའང་ཁྱི་ངན་གྱི་སྲོག་གིས་བཟུང་བ་དང་། རང་འཚོ་བའི་དོན་དུ་བདེན་དོན་ཁྱད་དུ་གསོད་ཐུབ་པ། རང་གི་ཚེ་སྲོག་ཕ་མ་དང་བུ་ཕྲུག་གི་ཚེ་སྲོག་གིས་ཉོ་ཕོད་པ་དང་། རང་གི་ཁེ་ཕན་གྱི་ཆེད་དུ་མེས་རྒྱལ་དང་མི་རིགས་ཀྱི་རང་དབང་དང་ལ་རྒྱ་འཚོང་ནུས་པ་སྟེ། མདོར་ན། འཇིག་རྟེན་དུ་དེ་དག་ལས་སྒེར་སེམས་ཆེ་བ་མེད་པ་དང་། སྒེར་གྱི་ཕུང་པོར་ཞུགས་པའི་སྐྱུག་བྲོ་བའི་བླ་སྲོག་འབའ་ཞིག་ཡིན་གཤིས་དྲི་ངན་བསྐལ་བརྒྱར་མི་ཟད་དོ།།
རྒྱུག་ཁྱི་དག་གི་བདག་པོ་ནི། འཇིག་རྟེན་ཧྲིལ་བོ་ཁམ་ཟས་སུ་བྱེད་པའི་སྲིན་པོ་ཤི་ཐེ་ལེ་དང་། ཡོད་ཚད་གསོད་པ་དང་། ཐམས་ཆད་འཕྲོག་པ། མ་ལུས་པར་སྲེག་པར་བྱེད་པའི་བདུད་རིགས་མངོན་སུམ་དུ་གྱུར་བའི་སྔོན་གྱི་ཇག་དཔོན་ལྟ་བུ་ཡིན་ལ། དེ་དག་ནི་མི་ཞིག་གསོད་པ་ལ་འབུ་ཞིག་རྡོག་པས་བརྫི་བའམ། རྩྭ་རྐང་ཞིག་རང་དགར་ལག་པས་འཐོག་པ་ལྟ་བུའི་སྣང་བའང་མེད་པའི་མ་རུང་གདུག་ཅན་ཡིན། དེ་དག་གིས་མི་དམངས་དང་སྤུན་ཟླ་ཁྲི་འབུམ་བཤས་རར་འདེད་སྐབས། རྒྱུག་ཁྱི་རྣམས་ནི་ལམ་སྣེ་འཁྲིད་མཁན་དང་ཇུས་ངན་འདོན་མཁན་ཡིན།
གཤེད་མ་དག་གིས་རང་གི་གྲོགས་པོ་དང་སྤུན་ཟླ་མྱུལ་ནས་འཛིན་སྐབས། རྒྱུག་ཁྱི་རྣམས་ནི་གསང་བ་བརྟོལ་མཁན་དང་གྲོགས་ཀྱི་གདོང་ལ་མཛུབ་མོ་བཙུགས་ཏེ་འཚོང་མཁན་ཡིན། གྲོགས་པོ་དང་སྤུན་ཟླར་ཡ་ང་སྙིང་རྗེ་མེད་པར་ཚད་ལས་བརྒལ་བའི་མནར་གཅོད་བྱེད་སྐབས། རྒྱུག་ཁྱི་རྣམས་ནི་ཡིད་ལ་དགའ་བ་འཕེལ་ཞིང་གདོང་ལ་འཚུལ་མདངས་སྟོན་མཁན་ཡིན། བཙན་འཛུལ་དམག་གིས་མེས་རྒྱལ་གྱི་མངའ་ཁོངས་དུམ་བུ་དང་དུམ་བུར་གཏུབས་ཏེ་རྡོག་རྗིས་གཏོང་སྐབས། རྒྱུག་ཁྱི་རྣམས་ནི་མགོ་ལ་སྤར་མོ་བཀབ་ནས་འབྲོ་མཁན་ཡིན། མི་དམངས་ལ་བཙན་གནོན་དང་རྒྱུ་ནོར་ཧམ་འཕྲོག་བྱེད་སྐབས། རྒྱུག་ཁྱི་རྣམས་ནི་ཨ་ཕྲུག་དང་ངན་རོགས་ཨམ་ཐང་ཡིན། ཕ་ཡུལ་དགྲ་ལག་ཏུ་ཤོར་སྐབས། རྒྱུག་ཁྱི་རྣམས་ནི་གཏེར་མཛོད་ཇག་པར་འབུལ་མཁན་དང་། དགྲ་བགེགས་ནག་པོར་ཕ་ཡི་འདུ་ཤེས་འཛིན་པའི་བླ་སྲོག་འཚོང་མཁན་ཡིན་པས། རྒྱུག་ཁྱི་ནི་ངན་པ་དགུ་ཚང་ཡིན་ལ། དེའི་བདག་པོ་ནི་རྒྱུག་ཁྱི་ལས་ཀྱང་ངན་པ་ལྡབ་འགྱུར་ཞིག་ཡིན། དེས་ན་རྒྱུག་ཁྱི་ལ་འཕུང་བར་འགྱུར་བའི་འབྲས་བུ་ངེས་པར་འབྱུང་ངམ་ཞེ་ན། རྒྱུག་ཁྱིའི་བདག་པོས་ཀྱང་རྒྱུག་ཁྱིའི་རང་བཞིན་ངན་པ་དག་མི་མཐོང་བ་མི་སྲིད་ཅིང་། དེས་ནམ་ཞིག་བདག་པོ་ལའང་རྨུག་པར་རྩོམ་པ་གདོན་མི་ཟ་བས། ཁོ་རང་དགར་འཇོག་མི་སྲིད་དོ།།
མཁས་པའི་དབང་བོ་གཉའ་བློ་གྲོས་རྒྱལ་མཚན་མཆོག
རྩོམ་ཡིག་འདི་༢༠༡༥ ལོར་མི་རིགས་དཔེ་སྐྲན་ཁང་གིས་པར་དུ་བསྐྲུན་པའི་<<གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བསྡུས་>>པོད་གཉིས་པ་ལས་བདམས། ཉུང་འཕྲི་བྱས་ཡོད། མཁས་དབང་གཉའ་བློ་གྲོས་རྒྱལ་མཚན་ནི་མཚོ་སྔོན་ཞིང་ཆེན་བཱ་ཡན་རྫོང་༼དཔའ་ལུང་རྫོང་།༽རྩ་བ་ཡུལ་ཚོའི་གཉའ་ཚང་དུ་འཁྲུངས། སྔ་རྗེས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་སུ་ཕྱག་ལས་གནང་། མརྩམས་ཆོས་ལ་གཙོ་བོར་<<གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བསྡུས་>>སོགས་ཡོད།
རྩོམ་ཁུངས། བོད་སྐད་ཡིག་བསླབ་དེབ།
No comments:
Post a Comment