དར་ལྕོག་དང་རང་དབང་། | འོས་སྦྱོར།

མེ་ལྕེའི་འབོལ་རྩོམ་གཉིས། 


 དར་ལྕོག་དང་རང་དབང་།


ཉིན་ཁ་ཤས་ཀྱི་སྔོན་ལ། གུས་པས<<ཕ་ཡུལ་གྱི་འགྱུར་ལྡོག>>ཅེས་པའི་རྩོམ་ཐུང་ཞིག་རང་གི་དཀར་མེ་འཕྲིན་སྟེགས་སུ་སྤེལ་བ་དང་། རྩོམ་ཐུང་དེར་ལོ་སར་སྐབས་ཀྱི་མཐོང་ཐོས་རེ་གཉིས་བརྗོད་གཞིར་བཟུང་ཞིང་། ཡང་གླེང་གཞི་དེ་ལས་འཕྲོས་པའི་དྲན་རྟོག་དང་སེམས་ཁྲལ་རིགས་ཤིག་ཀྱང་མི་བཤད་ཀ་མེད་བྱུང་སོང་།

ཕ་ཡུལ་གྱི་འགྱུར་ལྡོག་གླེང་བའི་སྐབས་སུ། ལམ་ལས་ཚུལ་དང་། ཆུ་དྲངས་ཚུལ་དང་། གློག་འཐེན་ཚུལ་དང་། ཁང་པ་བརྒྱབ་ཚུལ་དང་། ཅ་ལག་བསྒྲིགས་ཚུལ་དང་། མོ་ཊ་ཉོས་ཚུལ་སོགས་གཅིག་ཀྱང་མ་བཤད་པར། ཡུལ་མི་མང་ཆེ་ཤོསདྲ་བའི་གཅོང་རོངདུ་ལྷུང་འདུག་ཚུལ་དང་། ད་དུང་ཁྱིམ་ཚང་སོ་སོའི་སྒོ་ཁའི་དར་ལྕོག་མེད་པར་གྱུར་ཚུལ་གཉིས་གཙོར་བཟུང་ནས་གླེང་ཡོད། འདི་ལྟར་གླེང་དགོས་དོན་ག་རེ་ཡིན་ཟེར་ན། ང་རང་ཚོའི་ཁ་སང་དེ་རིང་གི་སྤྱི་ཚོགས་ལ་གནད་དོན་ཚབས་ཆེན་འབྱུང་གི་ཡོད་པ་དང་། ཡང་ན་ང་རང་ཚོ་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་ཀྱི་ཡོད་པ་དེ་བཤད་གི་ཡོད་དོ།

རྩོམ་ཐུང་དེ་སྤེལ་རྗེས་ཀློག་པ་པོ་སྐོར་ཞིག་གིས་དར་ལྕོག་རྫོགས་པ་ནི་ཁྱོད་ལ་མཚོན་ན་དགའ་འོས་པ་ཞིག་མ་ཡིན་ནམ་ཞེས་དང་། ཡང་ཁྱོད་ཚོའི་འདོད་ཐོག་ལ་རྟ་རྒྱུགས་པ་ཡིན་ཚུལ་སོགས་གཟུ་ལུམ་དུ་སྨྲ་བར་བྱེད། ང་ཚོས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་རང་དབང་བཤད་པའམ། དཀྱེལ་ཡངས་བཤད་པའམ། བློ་འབྱེད་བཤད་པའམ། དགག་སྒྲུབ་བཤད་པའམ། ཐོབ་ཐང་བཤད་པའམ། འདྲ་མཉམ་བཤད་པའམ། སྒེར་ཚུགས་བཤད་པ་སོགས་ཀྱི་མཐར་ཐུག་གི་དམིགས་ཡུལ་དེ་དར་ལྕོག་རྫོགས་རྒྱུ་ཙམ་ཞིག་ལ་ངོས་བཟུང་བ་ཡིན་ཚེ་ཅི་འདྲའི་དགོད་བྲོ་ཞིང་ཡི་མུག་པ་ལ་ཨང་།

རང་ཅག་བོད་པ་རྣམས་ལ་ཆ་མཚོན་ན། དར་ལྕོག་སློང་བ་དང་ལྷ་བསང་གཏོང་བ་དང་ཁ་ཏོན་འདོན་པ་དང་མཆོད་མེ་འབུལ་བ་སོགས་ནིརུས་ལ་ཟུག་ཅིང་རྐང་ལ་ཐིམཔའི་ཡུལ་སྲོལ་གོམས་གཤིས་སམཆོ་ག་ཕྱག་ལེནཞིག་ཏུ་གྲུབ་ཚར་ཡོད་པར་བརྟེན། དེ་གང་འདོད་དུ་འདོར་ཐུབ་པ་ཞིག་མ་ཡིན་ལ། ཅི་འདོད་དུ་དོར་ཆོག་པ་ཞིག་ཀྱང་ག་ལ་ཡིན།

རིག་གནས་ཀྱི་མཚོན་བྱེད་གལ་པོ་ཆེ་འདི་དག་མེད་པར་གཏོང་བ་ནི་དོན་ལ་གཞན་གྱི་རང་དབང་ཕྲོགས་པ་དང་། ཡང་གཅིག་བཤད་ན་ཕ་རོལ་པོའི་ཐོབ་ཐང་རྡོག་རོལ་དུ་བཏང་བ་ལས་མ་འདས་ཤིང་། བརྒྱ་ལ་དར་ལྕོག་རྫོགས་པ་དང་བསང་ཁྲི་བཤིག་པ་སོགས་ཀྱི་སྦྱོར་བ་རབ་དང་རིམ་པ་བརྩམས་ནའང་། བོད་མི་རེ་རེའི་སེམས་ཁོང་གིདར་ལྕོགནི་ནམ་ཡང་རྫོགས་མི་ཐུབ་ལ། བོད་མི་རེ་རེའི་སེམས་ཁོང་གིབསང་ཁྲིནི་ནམ་ཡང་བཤིག་མི་ཐུབ་བོ། གླེན་པ་ལྕགས་ཀྱི་གདོང་ཅནཞིག་མིན་ན་ཁུ་ཚུར་དགུང་ལ་འཕྱར་ནས་དར་ལྕོག་རྫོགས་དགོས་ཞེས་དང་བསང་ཁྲི་བཤིག་དགོས་ཞེས་ངག་ལས་ཇི་ལྟར་བརྡོལ།


དྲང་མོར་བཤད་ན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དགག་པ་ཚ་ནན་གཏོང་ས་ནི། “ཡུལ་གྱི་ཡོང་འབབ་གཞུང་ས་ཁོ་ནར་དབང་། །གཞུང་གི་དབང་ཐག་སྐྱེས་བུ་གཅིག་གིས་གཅོདཔ་དང་། “ཕོ་ལུས་ཐོབ་ཚད་རྒྱལ་པོའི་གཡོག་པོ་སྟེ། །མོ་ལུས་ཐོབ་ཚད་བཙན་པོའི་བཙུན་མོ་ཉིད། །ཡོད་ཚད་ཐམས་ཅད་རྗེ་ཡི་དཀོར་རྫས་ཡིནཔ་དང་། “ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས། །ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད། །རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམསཔ་དག་ཡིན་ལ། ཡང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལག་ཟུང་ཐལ་མོ་སྦྱར་ནས་སྨོན་ལམ་རྒྱག་ས་ནི། “སྐྱེས་བུ་རེ་རེར་རང་དབང་དང་རང་དབང་གི་རྒྱུ་དང་ལྡན་པར་གྱུར་ཅིགཅེས་དང་། “སྐྱེས་བུ་རེ་རེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིགཅེས་དང་། “སྐྱེས་བུ་རེ་རེ་སྡུག་བསྔལ་མེད་པའི་རང་དབང་དང་མི་འབྲལ་བར་གྱུར་ཅིགཅེས་པ་འདི་ཁོ་ན་ཉིད་དོ།

གཞན་ཡང་། མི་རིགས་ཤིག་གི་རིག་གནས་སྲོལ་རྒྱུན་དང་། ཆོས་ལུགས་དད་མོས་དང་། མི་ཆོས་ཀུན་སྤྱོད་དང་། ཡུལ་གོམས་གཤིས་ལུགས་སོགས་ཀྱི་ངོས་ནས་སྲུང་དགོས་པ་ཞིག་ངེས་པར་དུསྲུངདགོས་ཤིང་། སྐྱོབ་དགོས་པ་ཞིག་ངེས་པར་དུསྐྱོབདགོས་པས་མི་ཚད། མཐུད་དགོས་པ་ཞིག་ཀྱང་ངེས་པར་དུམཐུདདགོས་པ་ཡིན། དར་ལྕོག་འཛུགས་པའི་སྲོལ་འདི་ལ་དཔེ་བཞག་ནའང་། སྲོལ་འདིས་རང་དབང་ཞིག་མཚོན་གྱི་ཡོད་པ་སྟེ། ལོ་རེ་རེར་དར་ལྕོག་འཛུགས་པའི་རྒྱུན་མ་ཆད་ཚེ་རང་དབང་གི་ཕྲེང་ཐག་དེ་མ་ཆད་པར་ཡོད་པ་དང་། ནམ་ཞིག་དར་ལྕོག་སློང་བའི་སྲོལ་དེ་མེད་པར་གྱུར་ཚེ་རང་དབང་དེ་ཉིད་སྲུང་འཛིན་བྱས་མ་ཐུབ་པར་ཤོར་ཚར་བ་ཡིན་ནོ།

རྒྱུ་མཚན་དེའི་དབང་གིས། ང་རང་ཚོས་ཅིས་ཀྱང་ཡིད་ལ་ངེས་ཤིང་རྒྱུད་ལ་འཇགས་དགོས་པ་ཞིག་ནི། རང་ལ་ཐོག་མ་ནས་མངའ་བའི་རང་དབང་དེ་དག་ཨུ་ཚུགས་ཀྱིས་སྲུང་བའམ། ཡང་ན་ནི་ཐོབ་དང་འཐོབ་འགྱུར་གྱི་རང་དབང་མང་པོ་ཞིག་ག་ལེ་ག་ལེརགསོག་འཇོགབྱས་པ་ཡིན་ན་གཟོད་རང་དབང་མཚན་ཉིད་པ་ཞིག་ལོངས་སུ་སྤྱོད་ཐུབ་པ་དེའོ།

ཕྱི་ལོ2026ལོའི་ཟླ3པའི་ཚེས25ལ།


ཕ་ཡུལ་གྱི་འགྱུར་ལྡོག


ལོའི་ལོ་སར་ལ་ཕ་ཡུལ་དུ་ཕྱིན་ཅིང་། ཕ་ཡུལ་ནས་རང་གི་ཤ་ཉེ་རིང་དང་གཉེན་ཉེ་དུ། གྲོགས་མཛའ་བཤེས་ཀུན་ལ་ལོ་སར་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁོ་བོ་ནི་ལོ་སར་སོགས་ལ་མ་གཏོགས་ཕ་ཡུལ་དུ་འགྲོ་རྒྱུའི་གོ་སྐབས་ཤིན་ཏུ་ཉུང་བས་ན། སྤྱིར་བཏང་གིས་རང་གི་སྡེ་བ་ཚོ་བའི་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་ཀྱི་མེད།

ལོ་སར་ནང་ཡུལ་མི་རྣམས་ལ་ཁ་བརྡ་བྱས་པ་དང་། ཁྱིམ་ཚང་སྐོར་ཞིག་ཏུ་ལོ་སར་ལ་སོང་བའི་ཚེ་ན་ཕ་ཡུལ་ལ་འགྱུར་ལྡོག་མང་པོ་བྱུང་འདུག་པ་གཞི་ནས་ཚོར། འགྱུར་བ་གང་མང་མང་གི་ཁྲོད་ནས་བདག་ལ་བག་ཆགས་ཟབ་ཤོས་ནི་གཉིས་ཡོད་དེ། གཅིག་ནི་རྒན་དར་གཞོན་གསུམ་མེད་པརདྲ་བའི་གཅོང་རོངདུ་ལྷུང་འདུག་པ་དང་། ཅིག་ཤོས་ནི་ཁྱིམ་ཚང་སོ་སོའི་སྒོ་ཁའི་དར་ལྕོག་མེད་པ་དེ་རེད།

དེང་སང་མྱི་རེའི་ལག་ན་ཁ་པར་རེ་དང་ཁ་པར་རེ་ལ་བྱང་བུ་རེ་ཡོད་པས། ཁྱོད་ཡུལ་གང་ལ་སོང་ཡང་ས་གང་ནས་བསྡད་ཀྱང་ཁ་པར་ལ4Gའམ5Gཡི་བརྡ་རྟགས་གང་རུང་ཞིག་ཡོད་པ་ཡིན་ན། འཇིག་རྟེན་རིལ་མོ་ནི་རང་གི་ལག་མཐིལ་དུ་གནས་པ་དང་ཀུན་ནས་མཚུངས་ཤིང་། ལྷག་པར་དུ་སྐད་འཕྲིན་དང་མགྱོགས་འཕྲིན་དང་འདར་དབྱངས་སོགས་དར་བ་ནས་བཟུང་། བོད་ཡུལ་ལ་མཚོན་ན་དྲ་བའི་རིག་གནས་དར་ཁྱབ་ཆེན་པོ་བྱུང་སྟེ། དུས་དེ་རིང་དྲ་ཚོང་ནི་དབྱར་གྱི་མཚོ་མོ་འཕྱུར་འཕྱུར་དང་། དྲ་འབར་ནི་སེང་གེ་དཀར་མོ་འགྱིང་འགྱིང་དང་། དྲ་ཇག་ནི་རུ་སྤྱང་སྔོན་མོ་འདུར་འདུར་དང་། དྲ་འབུ་ནི་ཁ་བ་བུ་ཡུག་འཚུབ་འཚུབ་ཡིན་པའོ།

དེར་འབྲེལ་ནས་དྲ་ཐོག་གིབླ་མཟེར་བ་དང་། དྲ་ཐོག་གིགྲུབ་ཐོབ་པཟེར་བ་དང་། དྲ་ཐོག་གིམཁས་པཟེར་བ་དང་། དྲ་ཐོག་གིཚོང་དཔོནཟེར་བ་དང་། དྲ་ཐོག་གིསྨན་པཟེར་བ་དང་། དྲ་ཐོག་གིདགེ་རྒནཟེར་བ་སོགས་སྤང་ལ་ཤ་མོ་བརྡོལ་བ་བཞིན་མང་པོ་བྱུང་ཞིང་། ཁ་བདེ་ལྕེ་བདེ་ཅན་པོ་དང་མགོ་བདེ་དྲན་འཕྲུལ་ཚ་བ་དེ་ཚོས་རང་རེའི་རོང་འབྲོག་མང་ཚོགས་དག་ལ་རྟག་པར་མགོ་སྐོར་གཏོང་བ་དང་། ཀླད་པ་བཀྲུ་བ་དང་། བློ་ཁ་སྒྱུར་བ་བཅས་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་གྱི་ཡོད་འདུག

ང་རང་ཚོའི་ཡུལ་མི་སྤུན་ཟླ་རྣམས་ལ་ཆ་བཞག་ནའང་། མང་ཆེ་བ་ཞིག་ཁ་སང་དེ་རིངདྲ་བའི་གཅོང་རོངཆེན་པོ་དེའི་ནང་ལྷུང་སྟེ་ཁ་པར་ཐོག་ཅེར་ཅེར་ལ་འདུག་པར་མ་ཟད། ད་དུང་ཁོ་རང་ཚོའི་ངོས་ནསཝང་ཧུངངམ་དྲ་འབར་དག་གིས་ནི་ཅི་གསུང་ཆོས་ཡིན་ལ། “ཝང་ཧུངངམ་དྲ་འབར་དག་གིས་ནི་མཛུབ་མོས་གར་བསྟན་ཤར་ཡིན་པ་འདི་ཅི་འདྲའི་སྐྱོ་བ་ལ་ཨང་།

དེབ་དཀར་མཁན་པོ་ན་རེ། “ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོདཅེས་གསུངས་པ་ལྟར། བོད་ཀྱི་མི་ཁྱིམ་ཞིག་ལ་མཚོན་ན་ཁྱིམ་ཚང་གི་ཐོག་ཀའམ་སྒོ་ཁར་དར་ལྕོག་སློང་བའི་སྲོལ་འདི་གནའ་སྔ་མོ་ནས་མཆིས་ཤིང་། ཐོག་མར་དམག་གི་རྟགས་དང་གཞུག་ནས་ཆོས་ཀྱི་ལས་སུ་སོང་བའི་དར་ལྕོག་འདི་ཉིད་དུས་ད་ལྟར་ཡང་བོད་པའི་ཁྱིམ་ཚང་རེ་ལ་ཧ་ལམ་མེད་མཁན་དཀོན།

བོད་མི་རྣམས་ལ་ཆ་བཞག་ནས་བཤད་ན། ལོ་སར་ལ་སྒོ་སྟེང་དུ་དར་ལྕོག་སོ་མ་ཞིག་སློང་བ་ནི་ཕྱོགས་གཅིག་ནས་ལོ་གསར་པའི་ནང་སོ་སོའི་བསོད་ནམས་འཕེལ་བ་དང་རླུང་རྟ་རྒྱས་པ་དང་ཁ་ལས་དགེ་བ་དང་བསམ་དོན་འགྲུབ་པར་གསོལ་བ་འདེབས་པ་མཚོན་གྱི་ཡོད་ལ། ཡང་ཕྱོགས་གཞན་ཞིག་ནས་སྒོ་ཁར་དར་ལྕོག་བཙུགས་པ་དེས་ཁྱིམ་འདི་ཀོ་བོད་པའི་ཁྱིམ་ཚང་གཤའ་མ་ཞིག་ཡིན་པ་དེ་གསལ་པོར་མཚོན་གྱི་ཡོད།

ཡ་མཚན་པ་ཞིག་ལ་ད་ལོར་ཕ་ཡུལ་ན་དར་ལྕོག་མཐོང་རྒྱུ་མི་འདུག་ལ། རླུང་གིས་གཡོ་བའི་དར་ལྕེ་ནི་དེ་བས་ཀྱང་མཐོང་རྒྱུ་མི་འདུག གོ་ཐོས་ལྟར་ན་གོང་རིམ་ནས་དར་ལྕོག་སློང་མི་ཆོག་པའི་བཀའ་བབས་པ་རེད་ཟེར། སྐབས་འདིར་ངས་ཆུང་དུས་ཀྱི་ལོ་རེ་རེའི་ལོ་སར་འཐོན་ལ་ཉེ་བའི་ཚེ་དར་ལྕོག་དཔར་བའི་ཚུལ་དང་། ལོ་སར་ཚེས་གཅིག་ཉིན་སྒོ་སྟེང་དུ་དར་ལྕོག་བསླངས་པའི་ཚུལ་དག་དྲན་བྱུང་། དེ་མིན་ཉིན་བཟང་སྐར་བཟང་ལ་རི་རྩེ་ནས་ལྷ་བསང་ཕུད་པ་དང་། རླུང་རྟ་སྤུར་བ་དང་། དར་ལྕོག་བཙུགས་པ་སོགས་ཀྱང་ཡིད་ལ་ཝ་ལེར་དྲན་བྱུང་ངོ་།  


ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་ལུགས་སྲོལ་འདི་གྲ་མ་ཉམས་གྲུ་མ་ཆག་པར་རྒྱུན་འཛིན་བྱས་ན་ཅི་ཞིག་ལ་གནོད་འགྲོ་གི་ཡོད་ཨང་། ཁྱིམ་ཚང་རེ་རེའི་སྒོ་སྟེང་དུ་དར་ལྕོག་ལྷབ་ལྷུབ་ཏུ་བསྐྱོད་ན་ཅི་ཞིག་མེད་པ་ཆགས་འགྲོ་གི་ཡོད་ཨང་། ད་ལོར་དར་ལྕོག་སློང་མི་ཆོག་ན། སང་ལོར་བསང་ཁྲི་ཡོད་མི་ཆོག་ཟེར་རམ། སང་ལོར་བསང་ཁྲི་ཡོད་མི་ཆོག་ན། གནངས་ལོར་མཆོད་མེ་འབུལ་མི་ཆོག་ཟེར་རམ།


ཕྱི་ལོ2026ལོའི་ཟླ3པའི་ཚེས19ལ།




No comments:

Post a Comment

Adbox