རྒྱ་ནག་གི་འཁྲབ་སྟོན་འདྲ་ཆགས་པོ་དེའི་རྒྱབ་ལོགས་ཀྱི་དོན་དངོས། I སྲིད་དོན་དཔྱད་བརྗོད།

རྒྱ་ནག་གི་འཁྲབ་སྟོན་འདྲ་ཆགས་པོ་དེའི་རྒྱབ་ལོགས་ཀྱི་དོན་དངོས། 
རྩོམ་མཁན་མཁས་གྲུབ་དོན་གྲུབ། སྒྱུར་མཁན་ན་བུན། 

 

རྒྱ་ནག་དམར་ཤོག་གཞུང་གིས་ལོ་ལྔ་ཚན་བཅོ་ལྔ་བའི་འཆར་འགོད་གྲོས་གཞི་ཟེར་བ་གཏན་འབེབས་བྱས་ཤིང་། དེ་ནི་ཕྱི་ལོ་༢༠༣༠ བར་གྱི་རྒྱ་ནག་གི་མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ཡིག་ཆ་ཞིག་རེད།

 

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ནམ་ཞར་རྒྱ་ནག་གི་ཆབ་སྲིད་འཁྲབ་སྟོན་གྱི་གར་སྟེགས་གཙོ་བོ་ཆགས་ཡོད་པ་ལྟར། རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་ལ་ངེས་གཏན་མེད་པའི་དུས་སྐབས་སུ། དམར་ཤོག་སྲིད་གཞུང་གི་འགོ་ཁྲིད་ཚོས་རྒྱལ་ཡོངས་འཐུས་ཚོགས་བེད་སྤྱད་ནས་རྒྱ་ནག་གི་བརྟན་ལྷིང་མཚོན་པར་བྱས་ཡོད། 

ད་ལོའི་དཔྱིད་ཀར་དམར་ཤོག་སྲིད་གཞུང་གིས་ལོ་ལྔ་ཚན་བཅོ་ལྔ་བའི་འཆར་འགོད་གྲོས་གཞི་ཟེར་བ་གཏན་འབེབས་བྱས་ཤིང་། དེ་ནི་ཕྱི་ལོ་༢༠༣༠ བར་གྱི་རྒྱ་ནག་གི་མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ཡིག་ཆ་ཞིག་རེད།

འཆར་འགོད་དེའི་ནང་དུ་འཕྲུལ་རིག་བཟོ་ལས་གསར་གཏོད་དང་རང་མགོ་རང་ཐོན་དགོས་སྐོར་གལ་པོ་ཆེར་ནན་ཏན་གྱི་ཚུལ་དུ་བསྒྲགས་དོན་ནི་རྒྱལ་སྤྱི་དང་རྒྱ་ནག་མི་མང་གཉིས་ཀྱི་མཐོང་སྣང་དུ་གུང་ཁྲན་ཏང་གིས་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་ངང་འགོ་ཁྲིད་བྱེད་བཞིན་པར་ཡིད་ཆེས་བསྐྱེད་ཐབས་ཤིག་ཡིན་པ་རེད། 

 

དོན་དངོས་སུ་རྒྱ་ནག་གི་འཁྲབ་སྟོན་འདྲ་ཆགས་པོ་དེ་ལ་ངེས་གཏན་ཅི་གང་མེད་པར། རྒྱ་ནག་གི་བཟོ་ལས་ཐོན་སྐྱེད་མང་དྲགས་པ་དང་ཉོ་འཚོང་འཁོར་རྒྱུག་གི་ཁེ་སྤོགས་ཉུང་དྲགས་པ་དེས་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་བྱུང་སྟེ། རྒྱལ་ཕྱིའི་ཚོང་འབྲེལ་རྒྱལ་ཁབ་ཁག་དང་འགལ་ཟླར་གྱུར་ཅིང་། རྒྱ་ནང་གི་བཟོ་ཚོང་ཁྲོམ་རར་ཉམས་རྒུད་ཐེབས་ཡོད། 

རྒྱ་ནག་གི་ངར་ལྕགས་དང་ཨར་འདམ། ཉི་གློག་ཤེལ་ལེབ་བཟོ་སྐྲུན་བྱེད་ཚད་ཉོ་འཚོང་ཁྲོམ་རའི་དགོས་མཁོ་ལས་བརྒལ་ནས་ཁེ་བཟང་མེད་པ་དང་བུད་རྫས་རིགས་དགོས་མཁོ་མེད་པར་གྱུར་ལ། བཟོ་ལས་ཐོན་སྐྱེད་དང་ཉོ་འཚོང་ཁེ་སྤོགས་དོ་མཉམ་མེད་པའི་གནས་སྟངས་འདི་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ཁག་གཅིག་པུ་ཙམ་མིན་པར། དེ་ནི་པེ་ཅིན་སྲིད་གཞུང་གིས་འཆར་འགོད་བྱེད་བཞིན་པའི་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོང་གི་ཉེན་ཁར་ཐུག་ཡོད། 

 

དེར་མ་ཟད། མི་འབོར་གྱི་སྐྱེ་འཆིའི་འགྱུར་ལྡོག་ལས་རྒྱ་ནག་གི་དཀའ་ཁག་ཇེ་ཆེར་ཕྱིན་ཡོད། དེ་ཡང་རྒྱ་ནག་གི་ཕྲུ་གུ་སྐྱེས་ཚད་ནི་ལོ་རྒྱུས་སྟེང་ཨང་རིམ་དམའ་ཤོས་ཆགས་པ་དང་དུས་མཚུངས་སུ་རྒས་ཁོག་གི་གྲངས་འབོར་ནི་མྱུར་མོར་འཕར་བཞིན་ཡོད་ལ། རྒྱ་ནག་གི་མི་རབས་གསར་བ་སྐྱེད་སྲིང་དང་ལས་མི་རྒྱ་སྐྱེད་གཏོང་ཐབས་ཀྱི་སྤྱི་ཚོགས་ལམ་ལུགས་ནི་ད་ལྟ་རྒྱ་ནང་གི་རྒས་ཕོགས་དང་འཕྲོད་བསྟེན། རྒས་གསོ་སོགས་ཀྱི་ཁུར་བོའི་འོག་ཏུ་དཀའ་ངལ་ལ་འཕྲད་ཡོད། 

 

དཀའ་ཁག་གི་གནོན་ཤུགས་འདི་དག་ཆབ་སྲིད་ཀྱི་ཐོག་ནས་ཚོར་ཤུགས་སྐྱེན་པོ་དང་དཔལ་འབྱོར་གྱི་ཐད་ནས་འགྲོ་གྲོན་ཆེན་པོ་ཡིན་པས། དཀའ་ཁག་འདི་དག་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་གྱི་ཁ་གཡང་ཙམ་དང་འཕྲུལ་རིག་བཟོ་ལས་གསར་གཏོད་ཀྱི་ཁག་ཐེག་ཙམ་ལས་སེལ་མི་ཐུབ། 

 

རྒྱ་ནག་གིས་ལོ་ལྔ་ཚན་བཅོ་ལྔ་བའི་འཆར་འགོད་ཁྲོད་ནས་འཕྲུལ་རིག་བཟོ་ལས་གསར་གཏོད་ཀྱི་ལས་གཞི་དམིགས་སུ་འཛིན་དོན་ཡང་གོང་ཞུས་ཀྱི་དཀའ་ཁག་འདི་གཉིས་སེལ་ཐབས་ལ་དམིགས་པ་ཞིག་རེད་ལ། པེ་ཅིན་གཞུང་གིས་མིས་བཟོས་རིག་ནུས་དང་ཉེ་བའི་རྒྱུ་རྫས། ལྗང་སྒྱུར་འཕྲུལ་རིག་བཟོ་ལས་སོགས་ཀྱི་མ་རྐང་བཙུགས་ནས་དཀའ་ཁག་འདི་དག་ལས་མཆོང་བརྒལ་ཐུབ་པ་དང་། མ་འོངས་པའི་རྒྱ་ནག་ཕྱིའི་རྒྱལ་ཁབ་ཀྱི་ཚན་རྩལ་རམ་འདེགས་ལ་བརྟེན་མི་དགོས་པའི་རེ་བ་རྒྱག་གི་ཡོད་པ་རེད། 

རྒྱ་ནག་གི་དྲིལ་སྒྲོག་འདིའི་ནང་དུ་གསར་གཏོད་ནི་འགྲན་རྩོད་ཙམ་མིན་པར་འཚོ་གནས་ཀྱི་གནད་དོན་ཞིག་སྟེ། དམར་ཤོག་ཚོགས་པས་ཚན་རིག་དང་འཕྲུལ་རིག་ལ་བརྟེན་ནས་རྒྱ་ནག་གི་མི་འབོར་འཕེལ་རྒྱས་དང་ཚལ་བརྒལ་བཟོ་ལས་ཐོན་སྐྱེད་འདུ་འགོད་ཐུབ་པའི་རེ་བཅོལ་བྱེད་ཀྱི་འདུག 

 

ཡིན་ནའང་འཕྲུལ་རིག་བཟོ་ལས་ཁོ་ནས་རྒྱ་ནག་གི་མི་འབོར་འཕོ་འགྱུར་གྱི་དཀའ་ཁག་སེལ་མི་ཐུབ་པའི་ཁར། གསར་གཏོད་ལ་ནི་གུ་ཡངས་དང་། འགུལ་སྐྱོད་ཀྱི་རང་དབང་དང་། ཡིད་ཆེས་སོགས་དགོས་པ་ལས། ཆབ་སྲིད་ཀྱི་དམ་དྲག་འོག་ཏུ་ལས་ཆོད་འབྱུང་རྒྱུ་ཁག་པོ་རེད་ལ། དེ་བཞིན་དུ་སྲིད་གཞུང་དང་མི་མང་བར་གྱི་འགལ་འབྲལ་གྱི་དཀའ་རྙོག་ཀྱང་སེལ་མི་ཐུབ། 

རྒྱལ་ཡོངས་འཐུས་ཚོགས་ཀྱི་འཁྲབ་སྟོན་འདྲ་ཆགས་པོ་ལས་མངོན་པའི་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་གི་རྣམ་པ་དེས་རྒྱལ་སྤྱི་དང་རྒྱ་ནག་མི་མང་ལ་ཡིད་ཆེས་ཀྱི་སྣང་ཚུལ་བསྐྱེད་སྲིད་ཀྱང་ཕུགས་ནི་བརྟན་མི་སྲིད་དེ། རྒྱ་ནག་གི་འགོ་ཁྲིད་ཚོས་དྲག་གནོན་དབང་སྒྱུར་གྱི་འགྱི་བ་ཁོ་ན་ཧུར་ལེན་པ་དེས་རང་ཉིད་ཀྱིས་འཚོལ་ཞིང་འཁྲབ་འདོད་པའི་རྒྱ་ནག་གི་བརྟན་ལྷིང་རྒྱུན་འཁྱོང་བྱ་བ་ཉམས་དམས་སུ་གཏོང་བཞིན་ཡོད། 

 

མ་ཡིག་གི་འབྲེལ་ཐག 

https://sundayguardianlive.com/opinion/reality-behind-a-chinese-spectacle-183303/amp/


རྩོམ་ཡིག་སྔོན་མ། 


No comments:

Post a Comment

Adbox