བོད་རང་བཙན་ལ་མོས་མཐུན་བྱེད། I སྲིད་དོན་དཔྱད་བརྗོད།

བོད་རང་བཙན་ལ་མོས་མཐུན་བྱེད།
རྩོམ་མཁན་མཁས་གྲུབ་དོན་གྲུབ། སྒྱུར་མཁན་ན་བུན། 

 

འདས་པའི་མི་ལོ་བདུན་བཅུ་ལྷག་གི་རིང་ལ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་ཕན་སེམས་འཕེལ་རྒྱས་ཀྱི་སྒོ་ནས་མངའ་མཛད་ལུགས་དྲིལ་དུ་བསྒྲགས་ཀྱང་། ངས་ནི་དྲིལ་སྒྲོག་འདི་དག་གི་རྒྱབ་ལོགས་ཀྱི་བདེན་པ་མཐོང་བྱུང་། 

ངས་ནི་བོད་ནང་དུ་༧གོང་ས་མཆོག་གི་མཚན་ཙམ་གླེང་མི་ཆོག་པའི་དགེ་འདུན་པ་ཚོའི་ཁུ་སིམ་སིམ་གྱི་སེམས་སྒྲར་ཉན་པ་དང་། སློབ་གྲྭ་ཁག་གི་འཛིན་ཁང་ནང་དུ་བོད་སྐད་ཡིག་ཉམས་རྒུད་བཟོ་བཞིན་པར་བལྟོས་པ་དང་། བོད་མིའི་གསོལ་འདེབས་ལ་སོ་ལྟ་བྱེད་པ་དང་བོད་མིའི་རིག་གཞུང་ནི་རྒྱ་ནག་གི་ཉེན་ཁར་བརྩི་བའི་ཁུ་སིམ་སིམ་གྱི་མྱ་ངན་ཚོར་བྱུང་། རྒྱུ་མཚན་དེའི་དབང་གིས། ངས་ནི་བོད་རང་བཙན་ལ་མོས་མཐུན་བྱེད་ཀྱི་ཡིན། 

 

ཚད་མཐོའི་རང་སྐྱོང་ཟེར་བ་ནི་རང་སྐྱོང་གི་མིང་ཙམ་ལས་མི་འདའ་བར། བོད་མིའི་ཆོས་ལུགས་དང་བོད་མིའི་སློབ་གསོ་དང་བོད་མིའི་རིག་གཞུང་སྲུང་སྐྱོང་གི་ལས་དོན་ཡོད་ཚད་པེ་ཅིན་གཞུང་གིས་གཏན་འབེབས་བྱེད་ཀྱི་ཡོད་པ་ལས་བོད་གཞུང་གིས་ཐག་གཅོད་བྱེད་ཀྱི་མེད་པ་དང་། བོད་ཡུལ་གང་སར་རྒྱ་ནག་གི་ལྟ་རྟོག་ཞིབ་བཤེར་གྱིས་ཁྱབ་ཅིང་། བོད་མིའི་དགོན་སྡེ་ཁག་དམར་ཤོག་སྲིད་གཞུང་གི་བཙན་དབང་གི་ལྟ་རྟོག་འོག་ཏུ་བཅུག་ལ། བོད་ཕྲུག་ཚོར་སངས་རྒྱས་ཀྱི་གསུང་མ་གོ་སྔོན་ནས་མའོ་ཙེ་ཏུང་(毛澤東)ལ་གུས་འདུད་ཞུ་སྟངས་བསླབས་འདུག 

 

ལ་ལས་རྒྱ་ནག་གི་རྨང་གཞིའི་འཛུགས་སྐྲུན་དང་དཔལ་འབྱོར་གོང་འཕེལ་ནི་བོད་ཡུལ་ཡར་རྒྱས་ཀྱི་རྟགས་དང་མཚན་མར་བསྙད་ཀྱང་། གལ་ཏེ་རྒྱ་ནག་གིས་བསྐྲུན་པའི་གཞུང་ལམ་དེ་དག་གིས་ཁྱེད་རང་གི་རིགས་རྒྱུད་རྩ་མེད་བཟོ་བར་འཁྲིད་ཀྱི་ཡོད་ན། དེ་ལ་ཕན་ཐོག་ཅི་ཞིག་མཆིས་སམ། ཆེ་མཐོང་མེད་པའི་ཡར་རྒྱས་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད། 

བོད་མི་ཚོར་འཇིགས་སྣང་མྱོང་མི་དགོས་པའི་སྒོ་ནས་རང་གི་བོད་སྐད་བཤད་པའི་རང་དབང་དང་། རང་གི་ཆོས་ལུགས་དད་མོས་བྱ་བའི་རང་དབང་དང་། རང་གི་རིག་གནས་ལོ་རྒྱུས་ལ་བརྩི་བཀུར་ཞུ་བའི་རང་དབང་དགོས་ཀྱི་ཡོད། 

 

བོད་རང་དབང་གི་ཕུགས་འདུན་ནི་བཙན་བྱོལ་བོད་མི་ཙམ་མིན་པར་གཞིས་བཞུགས་བོད་མིའི་སེམས་ཁོང་ན་ཡོད་སྟབས། ཁོང་ཚོས་རྒྱ་གཞུང་གི་འཛིན་བཟུང་བཙོན་འཇུག་གི་ཉེན་ཁར་མ་འཛེམས་པར་བོད་མིའི་ཡུལ་སྲོལ་རིག་གནས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཁོང་ཅག་གིས་གནས་ཆེན་ཁག་ཏུ་ཕྱག་སྐོར་བྱེད་པ་དང་། ཁ་རོག་གེར་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་བ། རང་གི་བུ་རྒྱུད་ལ་བཙན་བྱོལ་བོད་མིའི་དབུ་ཁྲིད་ཀྱི་མཚན་འདོགས་པར་བྱེད། 

 

སྔོན་ཆད་ངས་རྒྱ་འོག་ནས་བོད་ལ་ཚད་མཐོའི་རང་སྐྱོང་འཐོབ་ན་མ་འོངས་མདུན་ལམ་ཡོད་སྲིད་སྙམ་ནས་ལམ་དབུ་མར་རྒྱབ་སྐྱོར་བྱས་མྱོང་། ཡིན་ནའང་པེ་ཅིན་གཞུང་གིས་བོད་མིའི་གུ་ཡངས་བཟོད་བསྲན་ལ་དྲན་གནོན་དབང་སྒྱུར་གྱི་ལན་འདེབས་བྱས་སོང་། 

དུས་ཡུན་རིང་བོར་བོད་མིས་རེ་སྒུག་བྱེད་པ་ནི་རྒྱ་བོད་གྲོས་མཐུན་མ་ཡིན་པར་བོད་མིའི་རང་དབང་ཡིན་པ་རེད། 

 

བོད་ལ་རང་བཙན་འཐོབ་རྒྱུ་ནི། རྒྱ་ནག་གི་དབང་སྒྱུར་འོག་ཏུ་རྩ་མེད་བཟོ་བཞིན་པའི་བོད་མིའི་བྱུང་རབས་ལོ་རྒྱུས་ལ་བརྩི་བཀུར་དང་། བོད་མིའི་མ་འོངས་མདུན་ལམ་སྲུང་སྐྱོབ། བོད་མིའི་ཆེ་མཐོང་ཉམས་པ་སླར་གསོ་བྱ་ཐབས་གཅིག་པུ་དེ་རེད། 

བོད་ཀྱི་བདག་པོ་བོད་མི་ཡིན་ལ། བོད་ནི་རྒྱ་ནག་གི་ཞིང་ཆེན་ཞིག་གམ་འཆར་འགོད་བྱེད་ཆོག་པ་ཞིག་མ་ཡིན་པར། བོད་ནི་རྒྱལ་ཁབ་ཅིག་ཡིན་པ་རེད། 

 

ང་ཚོ་དུས་གཏན་དུ་ཁ་རོག་གེར་འདུག་མི་སྲིད། ང་ཚོས་མི་རིགས་རྒྱ་སྒྱུར་བྱེད་དུ་འཇུག་མི་སྲིད། ང་ཚོས་རང་གི་སྐྱེས་ཐོབ་ཀྱི་རང་དབང་ཐོབ་ཐང་འདོར་མི་སྲིད། བོད་མིས་རང་དབང་གི་རེ་འབོད་བྱེད་ཀྱི་ཡོད། ཇི་སྲིད་བར་བོད་མིར་རང་དབང་མ་འཐོབ་པ་དེ་སྲིད་དུ་ང་ནི་ཁོང་ཅིག་གི་མཉམ་དུ་ལང་ཡོད། 

 

མ་ཡིག་གི་འབྲེལ་ཐག 

https://www.taipeitimes.com/News/editorials/archives/2025/11/29/2003848008

རྩོམ་མཁན་གྱི་ལོ་རྒྱུས་སྙིང་བསྡུས། 



No comments:

Post a Comment

Adbox