བཙུར་བཙུར་བའི་ཤུལ། I འོས་སྦྱོར།


ཁ་བྱང་མེད། 


བཙུར་བཙུར་བའི་ཤུལ།

ཁང་བའི་བདག་པོ་སྡོམ་རྒན་དུ་གྱུར།

བེ་སང་གི་ཨམ་ཕྲག་ཏུ་ཙག་རླུང་ཤུགས་ཀྱིས་ལྡང་།


གླུ་བ་རེ་བོས་ནས་གཞས་གཏོང་དུ་འཇུག

ཐོན་རྫས་རེ་བཤམས་ནས་བརྙན་ལེན་དུ་འཇུག


ལས་བཟོ་བ་དེ་དག

ཙིག་ཁུང་དུ་ཡིབས་ནས་ཕྱི་ལ་མིག་རིག་རིག་གིས་ལྟ།


གཞས་དེ། ཆར་ལྒང་དུ་འཐིམས་ནས་ཡལ།

བེ་སང་། གཞས་སུ་འཐིམས་ནས་ཡལ།

ཁྲག་ཆུ་རྣག་ཆུ་ཡི་ཡོང་འབབ་ཀྱིས།

དབྱར་ཁ་ཧྲིལ་བོ་ཞིག་ལ་དབུགས་བརྒྱབས།


ས་ཁུལ་འདི། ལམ་ལུགས་འདི།

ལོ་རྒྱུས་ལྡོག་བསྐྱོད་ཀྱི་ཆུ་རྒྱུན་དེའོ།


བྱང་བུ་ཞིག་སྐེ་ལ་བཏགས་ཏེ།

རང་ཉིད་འོད་སྣང་འདྲུད་པའི་དར་བོ་ཆེ་རུ་རློམ།

དགོད་བྲོ་བ་ནི། མགོ་ལ་འགྱིག་ཁུག་ནག་པོ་རེ་གྱོན་ཏེ།

ཝུ་ཆང་འཐུང་དགོས་པ་དེའོ།


དྲིལ་སྒྲོག་གི་ཁྲོད་ནས་གདོད་མའི་ཐ་སྙད་འཇོམས།

རེའུ་མིག་གི་ནང་ནས་མེས་པོའི་ཁང་ས་ཤོར།


གླུ་བ་རེ་བོས་ནས་གཞས་གཏོང་དུ་འཇུག

ཐོན་རྫས་རེ་བཤམས་ནས་བརྙན་ལེན་དུ་འཇུག



རྐང་ཐང་བ།

     རྩོམ་རིག་རབ་འབྱམས་པ། མིང་དངོས་ལ་གནམ་ལྷ་བཀྲ་ཤིས་ཟེར། དགུ་བཅུའི་སྟོད་ལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་སྐྱེས། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་དང་རྨ་ལྷོ་ཁུལ་མཛེས་རྩལ་པ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་དུ་འགྲིམས་ནས། བོད་སྐད་ཡིག་རྩོམ་རིག་ལ་སློབ་གཉེར་བགྱིས་པ་དང་། དེ་དང་ཆབས་ཅིག སྙན་ངག་དང་ལྷུག་རྩོམ། ལྷུག་མའི་སྙན་ངག བརྩམས་སྒྲུང་། བསྒྱུར་རྩོམ། འཁྲབ་གཞུང་། བྱིས་པའི་སྙན་ངག བྱིས་སྒྲུང་། ཕྲན་བཤད། བཅར་འདྲི་སོགས་རྩོམ་ལུས་མི་ཉུང་བ་ཞིག་ལ་ཚོད་ལྟ་བྱས་ཤིང་། དེ་དག་ལས་སྐོར་ཞིག«གངས་རྒྱན་མེ་ཏོག་»དང«ཟླ་ཟེར།» «བོད་ཀྱི་རྩོམ་རིག་སྒྱུ་རྩལ།» «རང་གྲོལ།» «སྦྲང་ཆར་»སོགས་སུ་སྤེལ། སློབ་མཐར་ཕྱིན་རྗེས་ཐད་ཀར་རི་མོ་འབྲི་མགོ་བརྩམས་པ་དང་། ༢༠༢༣ལོར་མི་སྒེར་རི་མོ་འགྲེམ་སྟོན་བྱས། གློག་བརྙན་ཐུང་གྲས་ལ«ཆུ་དམར་པོ།» «སྒེའུ་ཁུང་།»ཞེས་པ་ཡོད། ཞོར་དུ་ཚོང་རྟགས་ཇུས་འགོད་དང་བརྙན་ལེན་སྒྲིག་སྦྱོར་བྱེད་ཀྱིན་ཡོད།


No comments:

Post a Comment

Adbox