བོད་ཡུལ་གྱི་དབྱར་ཁ་དང་། སྐད་ཡིག་གི་དགུན་ཁ། I འོས་སྦྱོར།


བོད་ཡུལ་གྱི་དབྱར་ཁ་དང་། སྐད་ཡིག་གི་དགུན་ཁ། 

    བོད་ཡུལ་གྱི་དབྱར་དུས་ཅི་ཙམ་མཛེས་ནའང་དེ་ཡིས་ནང་སེམས་ཀྱི་རེ་བ་སྐོང་མི་ནུས་ལ། དབྱར་དུས་ཀྱི་བསིལ་རླུང་ཅི་ཙམ་འཇམ་ནའང་དེ་ཡིས་ནང་སེམས་ཀྱི་གདུང་བ་སེལ་ག་ལ་ནུས། ལོ་རེའི་བོད་ཡུལ་གྱི་དབྱར་དུས་ནི་སྤྲོ་སྐྱིད་ལ་བྲེལ་བའི་དུས་ཚིགས་ཤིག་ཡིན་ལ། སྤྲོ་སྐྱིད་ཀྱི་སྟོན་མོ་རེ་རེ་ནི་ནང་སེམས་ལ་ལྷགས་པ་དང་གྲང་རླུང་རྒོད་པའི་དུས་ཚིགས་ཤིག་སྟེ། བོད་ཀྱི་སྐད་ཡིག་ལ་མནར་གཅོད་གཏོང་བའི་དུས་ཚིགས་ཤིག་ཀྱང་རེད། 

   ལྟད་མོ་པ་བརྒྱ་ཆ་གོ་དགུ་བོད་སྐད་ཁོ་ན་ལས་མི་ཤེས་མཁན་ཤ་སྟག་ཡིན་ནའང་། གར་སྟེགས་སྟེང་གི་འཁྲབ་སྟོན་པ་མང་པོ་ཞིག་གིས་རྒྱ་སྐད་ཁོ་ནས་ཁ་བརྡ་བྱེད་ཅིང་། ཁོ་ཚོའི་མིག་སྔུན་གྱི་བོད་སྐད་སྨྲ་བའི་ལྟད་མོ་པ་དེ་དག་སྣང་མེད་དུ་བསྐྱུར་ནས་ལྟད་མོ་པ་གཞན་ཞིག་ལ་ཁ་བརྡ་བྱེད་ཀྱིན་པའི་བཟོ་ལྟ་སྟོན་གྱིན་འདུག །འདི་ནི་གཞུང་གིས་བཙན་བཀའ་བཏང་བ་དང་། ཁྲིམས་ཀྱིས་རྒྱབ་རྟེན་བྲལ་བ་ཙམ་ཡང་མ་ཡིན་པར། བོད་མི་རང་སྟེང་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་མནར་གཅོད་གཏོང་སྟངས་ཤིག་རེད་ལ། བོད་མི་རང་གིས་རང་ཁྱིམ་ལ་གཏོར་བརླག་གཏོང་སྟངས་ཤིག་ཀྱང་རེད། མ་ཟད་གར་སྟེགས་སྟེང་གི་འཁྲབ་སྟོན་པ་དག་གིས་བོད་སྐད་སྨྲ་བའི་ལྟད་མོ་པ་དག་མིག་ནང་དུ་མ་བཞག་པའི་བྱ་སྤྱོད་ཅིག་རེད་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་མཐོང་ཆུང་དང་སྣང་མེད་བྱས་པའི་བྱ་སྤྱོད་ཅིག་ཀྱང་རེད། 

   བོད་ཀྱི་གླུ་བ་གླུ་མ་དང་འཁྲབ་སྟོན་པ་དེ་དག་གནམ་དུ་འདེགས་མཁན་ནི་བོད་སྐད་སྨྲ་བའི་ལྟད་མོ་པ་དེ་དག་ལས་མེད་ཅིང་། ཁོ་ཚོའི་མི་ཚེའི་གར་སྟེགས་དེ་ཡང་བོད་སྐད་སྨྲ་བའི་ལྟད་མོ་པ་དེ་དག་གིས་བསྐྲུན་པ་རེད། འོན་ཀྱང་ཁོ་ཚོས་གར་སྟེགས་སྟེང་ནས་ཁ་མར་འཁོར་ཏེ་སུ་ཞིག་ལ་སྙིང་གཏམ་ཤོད་ཅིང་། སུ་ཞིག་ལ་འཚམས་འདྲི་བྱེད་ཀྱིན་པ་རེད་དམ། 

   ཁོ་ཚོས་གར་སྟེགས་སྟེང་ནས་ཁ་མར་འཁོར་ཏེ་སྐད་ཆ་སྨྲ་བཞིན་པ་དེ་ནི་བོད་ཀྱི་ལྟད་མོ་པ་དེ་ཚོ་ལ་འབྲེལ་བ་ཁྱོན་ནས་མེད་པ་ཞིག་སྟེ། ཁོ་ཚོས་ལྟད་མོ་པ་གཞན་ཞིག་ལ་ཁ་བརྡ་བྱེད་ཀྱིན་ཡོད་པ་རེད། དེ་ནི་བོད་སྐད་སྨྲ་བའི་ལྟད་མོ་པ་དེ་ཚོ་མིག་ལམ་དུ་མ་བཞག་པའི་བྱ་སྤྱོད་ཅིག་ཅི་ལ་མིན་ནམ། འཁྲབ་སྟོན་པ་དེ་དག་གི་བྱ་སྤྱོད་དེས་གསལ་བཤད་བྱས་པ་ནི། བོད་ཀྱི་སྐད་ཡིག་ནི་ང་ཚོའི་ལྕེ་ཐོག་ཏུ་ལེན་པའི་རིན་ཐང་མི་འདུག་ཅེས་པ་རེད་ལ། ང་ཚོས་བཤད་པའི་སྐད་ཆ་དག་བོད་སྐད་སྨྲ་བའི་ལྟད་མོ་པ་དག་གིས་གོ་ན་མ་གོ་ན་ཁྱད་པར་མི་འདུག་ཅེས་པའི་དོན་ཡང་རེད། ཁོ་ཚོས་བོད་སྐད་སྨྲ་བའི་ལྟད་མོ་པ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མིག་ལམ་དུ་མ་བཞག་ན། ང་ཚོས་ཀྱང་ཁོ་ཚོའི་རྐུབ་དེ་ཙམ་ལྡག་དགོས་དོན་ཅི་ཡོད་ཨང་།

    ཐ་ན་རྒྱ་རིགས་གྲོགས་པོ་འགའ་རེས་ཀྱང་བོད་མི་མང་སར་གཏམ་བཤད་བྱེད་སྐབས་བཀྲ་ཤིས་བདེ་ལེགས་དང་། ཚེ་རིང་ལོ་བརྒྱ་ཙམ་ཨེ་འཁྲོལ་ལྟ་བཞིན་པ་འདིས་བོད་སྐད་སྨྲ་བ་ཚོར་བརྩི་འཇོག་བྱས་པ་མཚོན་པ་རེད། བོད་སྐད་སྨྲ་བའི་ལྟད་མོ་པ་ཚོར་རང་སེམས་ཀྱི་བརྡ་ཞིག་ཨེ་འཕྲོད་སྙམ་པའི་འདུ་ཤེས་ཤིག་ཡོད་བཞག་པས་རེད། ཡིན་ནའང་གར་སྟེགས་སྟེང་གི་བོད་ཀྱི་འཁྲབ་སྟོན་པ་སྐྱག་ལངས་དེ་ཚོ་ལ་བོད་སྐད་སྨྲ་བའི་ལྟད་མོ་པ་ཚོར་བརྡ་འཕྲོད་མ་འཕྲོད་ཀྱི་འདུ་ཤེས་ཁྱོན་ནས་ཡོད་པ་མ་རེད། བོད་སྐད་སྨྲ་བའི་ལྟད་མོ་པ་ཉམ་ཆུང་བ་དེ་ཚོར་བརྩི་འཇོག་ཀྱང་ཁྱོན་ནས་མ་བྱས་པའི་བྱ་སྤྱོད་ཅིག་རེད།

    རྒྱལ་ཁབ་ཀྱི་ཁྲིམས་ལུགས་ངོས་ནས་བཤད་ནའང་བོད་རང་སྐྱོང་ས་གནས་སུ་ས་གནས་དེའི་སྐད་ཡིག་ཨང་དང་པོར་བྱས་ནས་བེད་སྤྱོད་གཏོང་དགོས་ཞེས་བྲིས་ཡོད། འོན་ཀྱང་ཁོ་ཚོས་བོད་རང་སྐྱོང་གི་ས་གནས་ནས་བོད་ཀྱི་སྐད་ཡིག་ཨང་དང་པོ་ལྟ་ཞོག །ཨང་གཉིས་པར་ཡང་བེད་སྤྱོད་གཏོང་གིན་ཡོད་པ་མ་རེད། འདི་ནི་རྒྱལ་ཁབ་ཀྱི་ཁྲིམས་ལ་སྣང་མེད་བྱས་པ་ཞིག་ཀྱང་མ་རེད་དམ། ཁོ་ཚོས་ད་དུང་བོད་སྐད་བཤད་ན་གཞུང་གི་བཀའ་དང་ཁྲིམས་ཀྱི་རྐྱེན་ཞིག་ཡོད་པའི་ཚུགས་ཀ་སྟོན་པ་ནི་ངན་ཁག་འཇོག་ས་མ་རྙེད་པའི་བྱ་སྤྱོད་ཅིག་ལས་མ་འདས་སོ།

   ང་ནི་མ་གཞི་ནས་རྩེད་མོའི་རིགས་ལ་ཤིན་ཏུ་སྤྲོ། གཞན་དག་གིས་རྒོལ་བ་གཏོང་ནའང་ང་ནི་འབྲོག་པའི་རྟ་རྒྱུག་འགྲན་རྩལ་ལ་དགའ་ལ། ན་གཞོན་ཚོའི་ལྒང་རྩེད་ལ་དགའ། ད་དུང་དྲག་རྩལ་འགྲན་བསྡུར་ལ་དགའ་ལ། མདའ་རྩེད་དང་བྲོ་གར་ལའང་དགའ། གླུ་གཞས་དང་གར་ཆུང་སོགས་ལའང་ཤིན་ཏུ་དགའ། ད་དུང་བོད་སྐད་སྨྲ་བའི་ལྒང་རྩེད་པ་དང་དྲག་རྩལ་པ་དག་གི་རྒྱལ་ཕམ་ལ་ནི་ཆགས་སྡང་གི་འདུ་ཤེས་བཙན་པོ་ཞིག་ཀྱང་ཡོད། འོན་ཀྱང་བོད་སྐད་སྨྲ་བའི་ལྟད་མོ་པ་དག་མིག་ལམ་དུ་མི་འཇོག་པའི་འཁྲབ་སྟོན་པ་དང་དྲག་རྩལ་པ་དེ་དག་ལ་ཁྱོན་ནས་དགའ་བོ་མེད། ཁོ་ཚོའི་འགྲན་བསྡུར་ལ་རྒྱལ་ཕམ་གང་བྱུང་ཡང་ང་ལ་འབྲེལ་བ་ཁྱོན་ནས་མེད་པ་ཞིག་སྟེ། སྐབས་རེར་ཁུ་ཚུར་ལྕི་མོ་རེ་ཁོ་ཚོའི་གདོང་མདོར་འཁེལ་སོང་ན་མཁོ་སོད་པ་ལྟ་བུའི་ཚོར་བ་རེའང་འབྱུང་སྟེ། དེ་ནི་ཁོ་ཚོས་བོད་སྐད་སྨྲ་བའི་ལྟད་མོ་པ་དང་། བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་གིས་ཁུ་ཚུར་གཞུས་པའི་རྣམ་སྨིན་རང་ལ་འཁོར་བའོ་སྙམ་པའི་འདུ་ཤེས་རེའང་འབྱུང་། 

   མཇུག་མཐར་ཞུ་འདོད་པ་ནི། ཁྱོད་ཚོས་བོད་ཡུལ་གྱི་གར་སྟེགས་སྟེང་ནས་རྒྱ་སྐད་ཏིག་ཏིག་རེ་སྨྲ་བཞིན་ར་གྲལ་ནས་གཡག་འགྲོས་བྱེད་པ་ལས། གཤོག་པ་སྔོན་མོ་སང་བཞིན་རྒྱ་ཡུལ་ནས་བོད་གླུ་བླངས་ཏེ་སྙན་གྲགས་ཞོག་དང་ད་གཟོད་ཨ་མའི་བུ་ལགས་སོ།།


_______དྷཱི༔ལྷ་ལྡན་གྱིས་2025.8.15 ལའོ།། 



No comments:

Post a Comment

Adbox