རྩོམ་མཁན་མཁས་གྲུབ་དོན་གྲུབ། སྒྱུར་མཁན་ན་བུན།
འདས་པའི་མི་ལོ་བཅུ་ཕྲག་མང་པོར། པེ་ཅིན་གཞུང་གིས་ནམ་ཞར་བོད་ཡུལ་ནི་འཆམ་མཐུན་འཕེལ་རྒྱས་ཀྱི་ཡུལ་ལུང་ཞིག་ཏུ་འུར་སྒྲོག་བྱས་ཤིང་། དེ་ནི་རྒྱ་ནག་གི་དབང་སྒྱུར་འོག་གི་ “མི་རིགས་མཐུན་སྒྲིལ་” ཟེར་བའི་ཆབ་སྲིད་ཀྱི་འཁྲམ་སྟོན་ཞིག་རེད།
བོད་ནང་ལ་དངོས་སུ་ཕྱིན་པའི་ཕྱི་གླིང་བར་རྒྱ་ནག་གི་འུར་སྒྲོག་ལས་ལྡོག་པའི་དངོས་ཡོད་གནས་སྟངས་རེ་འཆད་རྒྱུ་ཡོད་དེ། རྒྱ་ནག་གཞུང་གིས་ཕྱི་གླིང་བ་བོད་ནང་དུ་བསྐྱོད་པར་ལེགས་བཅོས་ཕྲན་བུ་བཏང་ནས། མཚམས་ལན་རེར་ཕྱི་གླིང་གི་ཡུལ་སྐོར་ཚོགས་ཆུང་དང་ཕྱི་འབྲེལ་མི་སྣ་བོད་ནང་ལ་གཟིགས་སྐོར་དུ་ཕེབས་སྐབས། རྒྱ་ནག་གཞུང་གིས་སྔ་ས་ནས་ཡུལ་སྐོར་གྱི་ལྟེ་གནས་དང་རིག་གཞུང་གི་འཁྲབ་སྟོན་སོགས་གྲ་སྒྲིག་དང་དོ་དམ་ཚགས་སུ་ཚུད་པར་བྱས་ཡོད་ནའང་། བོད་ཡུལ་ནི་སྔར་བཞིན་རྒྱ་འོག་གི་དམ་དྲག་ཆེ་ཤོས་དང་། ཕྱི་གླིང་བ་ཞིག་རང་དབང་གིས་འགྲོ་འོང་འགྲུལ་སྐྱོད་ཆེས་དཀའ་བའི་ཡུལ་ལུང་ཞིག་ཆགས་ཡོད།
དམ་དྲག་འདིའི་རིགས་ནི་སྟེས་དབང་གིས་བྱུང་བ་ཞིག་མིན་པར། དེ་ནི་རྒྱ་ནག་གཞུང་གིས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གསང་རྒྱར་བསྡམས་ཤིང་། བོད་ཕྱི་ནང་གི་གསར་གནས་རྒྱུད་ལམ་བཀག་སྡོམ་དང་། བོད་དང་རྒྱལ་སྤྱིའི་འབྲེལ་འདྲེས་ལ་སྟངས་འཛིན་བྱས་པ་ཞིག་རེད།
རྒྱ་ནག་གི་ཞིང་ཆེན་མང་ཆེ་བ་དང་གཏན་ནས་མི་འདྲ་བར། ཕྱི་གླིང་གི་ཡུལ་སྐོར་བ་ཞིག་བོད་ནང་དུ་འགྲོ་འོང་འགྲུལ་སྐྱོད་བྱ་བར་དམིགས་བསལ་གྱི་ཆོག་མཆན་ཞུ་དགོས་པའི་ཁར། དེ་ལ་སྲིད་གཞུང་གི་ཁག་ཐེག་ཅི་གང་མེད་པ་རེད།
བོད་ནང་ལ་འགྲོ་འོང་འགྲུལ་སྐྱོད་ཀྱི་ཆོག་མཆན་ཞུ་བར་ཡང་འགྲོ་ལུགས་འགྲོ་སྟངས་རབ་དང་རིམ་པར་སྒྲུབ་དགོས་པ་མ་ཟད། ནར་མར་གཟིགས་སྐོར་ཆོག་མཆན་གྱི་དབང་ཚད་ཡོད་པའི་འགྲིམ་འགྲུལ་ལས་ཁུངས་ཁག་གི་མོས་མཐུན་ཡང་འཐོབ་དགོས། དེ་མིན་ཕྱི་གླིང་གི་ཡུལ་སྐོར་བ་ཞིག་བོད་ལྗོངས་སུ་རང་དབང་གིས་གཟིགས་སྐོར་བྱ་རྒྱུ་ནི་ཧ་ལམ་མི་སྲིད་པ་ཞིག་རེད་ལ། ཐ་ན་གཟིགས་ཀྱི་སྐོར་ཆོག་མཆན་ཐོབ་ཟིན་ནའང་། ད་དུང་ཡུལ་སྐོར་གྱི་ལམ་ཐིག་ལ་སྟངས་འཛིན་ནན་མོ་བྱེད་པ་དང་། ཡུལ་སྐོར་བ་ཚོར་དེ་སྔོན་ཆོག་མཆན་སྤྲད་ཟིན་པའི་ལམ་ཐིག་དང་ས་གནས་ཁག་ཀྱང་བཀག་སྡོམ་ནན་མོར་བྱས་ཡོད།
དེ་ཡི་བརྡ་དོན་ཧ་ཅང་གསལ་ཏེ། བོད་ཡུལ་ནི་རང་དབང་གིས་འགྲོ་འོང་གཟིགས་སྐོར་བྱས་ཆོག་པའི་ཡུལ་ལུང་ཞིག་མ་ཡིན་པར་རྒྱ་ནག་གི་དམ་དྲག་འོག་གི་འཆར་ཅན་གྱི་འཁྲབ་སྟོན་བྱེད་ས་ཞིག་ཡིན་པ་རེད།
བོད་ལ་འགྲོ་བར་ཆོག་མཆན་འཐོབ་མཁན་ཚོས་མཐོང་ཐུབ་ནི་བོད་ཡུལ་གང་སར་ལྟ་རྟོག་ཞིབ་བཤེར་གྱིས་ཁེངས་པའི་ཡུལ་ལྗོངས་ཤིག་ཡིན་ངེས་ཏེ། མགྲོན་ཁང་དུ་ལྟ་ཞིབ་བྱེད་ལ། འགུལ་སྐྱོད་རེ་རེ་བཞིན་རྗེས་འདེད་གཏོང་བ་དང་། ཕན་ཚུན་བར་གྱི་ཁ་བརྡར་ལྐོག་ཉན་བྱེད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནང་གི་ཕྱི་གླིང་གསར་འགོད་པ་དགྲ་རུ་བཟུང་ནས། ཁོ་ཚོ་བོད་ཁུལ་དུ་འགྲོ་བར་སྟངས་འཛིན་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་ཕྱི་ཕྱོགས་ཀྱི་བཙན་བྱོལ་བོད་མི་ཞིག་བོད་ནང་ལ་གཉེན་འཕྲད་དུ་འགྲོ་བར་ཡང་དམ་དྲག་ཞིབ་བཤེར་བྱེད་པར་མ་ཟད། རྒྱ་ནག་སྲིད་གཞུང་གི་མིག་ནང་དུ་གཞིས་བྱེས་བོད་མིའི་འབྲེལ་ལམ་དང་རིག་གཞུང་གི་ཤུགས་རྐྱེན་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་སྟེ། རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་སྒྲོག་གི་གསང་རྒྱ་རྟོལ་མཁན་འབའ་ཞིག་ཏུ་ལྟ་ལ། མང་པོ་ཞིག་བོད་ནང་དུ་གཏན་ནས་འགྲོ་མི་ཆོག་པར་བསྒྲགས་ལ། འགྲོར་བཅུག་པ་ཚོར་ཡང་ནར་མར་རྗེས་འདོད་གཏོང་བ་དང་འདྲི་གཅོད་བྱེད་པ་དང་། ཡང་ན་ནི་བོད་ཁམས་ཉུལ་བའི་འཆར་གཞི་རྩ་བ་ནས་འདོར་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད།
སྐབས་དང་སྐབས་སུ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་ཚོ་གཟིགས་སྐོར་ལ་འཁྲིད་ཀྱི་ཡོད་ནའང་། དེ་ནི་ཨུ་རུ་སུའི་དམག་དཔོན་ཕོ་ཊིམ་ཁེན་གྱི་ཟོལ་སྦྱོར་བསླུ་བྲིད་[ལོ་རྒྱུས་སུ་ཕོ་ཊིམ་ཁེན་གྱི་རིང་ལུགས་ཞེས་ཀྱང་སྨྲ། སྒྱུར་བ་བོས།]ལྟ་བུ་ཞིག་སྟེ། ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་པ་ཕེབས་ཐེངས་རེར་རྒྱ་ནག་གཞུང་གིས་ཁོང་ཚོ་ “དཔེ་སྟོན་གྲོང་གསེབ་” དང་། “མཛེས་སྤྲས་ཀྱི་འོད་མདངས་འཕྲོ་བའི་དགོན་སྡེ།” ད་དུང་ “དཔེ་སྟོན་སློབ་གྲྭ་” སོགས་སུ་སྐྱེལ་བསུ་བྱེད་ཀྱི་ཡོད་པས། ཕྱི་གླིང་གི་སྐུ་ཚབ་ཚོགས་པས་བོད་ནང་ལོགས་ཀྱི་བཅའ་སྡོད་སློག་གྲྭ་དང་བོད་སྐད་ཡིག་གི་དམ་དྲག དེ་འབྲེལ་གྱི་ཆབ་སྲིད་དྲིལ་སྒྲོག་སོགས་དངོས་ཡོད་གནས་སྟངས་ལ་རྟོགས་ཞིབ་རྒྱུས་ལོན་བྱ་ཐབས་མེད་པར་ལྷག་ཡོད་ལ། དེར་མ་ཟད་གསར་འགོད་རང་དབང་ནི་དེ་བས་ཀྱང་མི་སྲིད་པར་བཟོས་ཡོད།
མི་མངོན་པའི་གསང་རྒྱ་འདི་ནི་སྟེས་དབང་ཞིག་གཏན་ནས་མིན་པར། འདི་ནི་པེ་ཅིན་གཞུང་གིས་བོད་དང་བོད་མིའི་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུར་བསྒྱུར་ཡོད་ལ། དམ་དྲག་དེ་འདྲ་ཞིག་གི་འོག་ནས། རྒྱ་ནག་སྲིད་གཞུང་གིས་ད་དུང་བོད་ནང་དུ་ཕྱི་གླིང་བ་སུ་ཞིག་གིས་དོན་དངོས་ཅི་ཞིག་མཐོང་བ་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དེར་ཡིད་ཆེས་སྲིད་པར་ཡང་དོགས་ཟོན་སྟངས་འཛིན་ནན་མོ་བྱས་ཡོད།
བཀག་སྡོམ་འདི་རིགས་ནི་ཕྱི་གླིང་བ་ཞིག་བོད་ནང་ལ་འགྲོ་འོང་གཟིགས་སྐོར་བྱ་བར་ཆོག་མཆན་སྤྲད་མིན་གྱི་དོན་དག་ཙམ་མིན་པར། དེ་ནི་རྒྱ་ནག་གི་ཆབ་སྲིད་འཐབ་ཇུས་ཤིག་སྟེ། པེ་ཅིན་གཞུང་གིས་ཕྱི་གླིང་བ་བོད་ཁུལ་དུ་འགྲོ་བར་བཀག་སྡོམ་བྱས་ཏེ། བོད་ནང་ལོགས་སུ་ལག་བསྟར་བྱེད་པའི་དབང་སྒྱུར་སྲིད་ཇུས་ལ་ཞིབ་འཇུག་རྒྱུས་ལོན་མི་ཐུབ་པར་བཟོས་པ་མ་ཟད། ད་དུང་བོད་ཁུལ་གྱི་དགོན་སྡེ་ཁག་དང་ཆོས་ལུགས་རིག་དངོས་རྩ་གཏོར་བཏང་བ་དང་། བོད་སྐད་ཡིག་སློབ་གསོ་ཉམས་རྒུད་བཟོས་པ། མངོན་ལྐོག་གི་ལྟ་ཞིབ་སྒྲིག་བཀོད་རྒྱ་ཆེར་སྤེལ་བ་དང་། བཙན་དབང་གིས་ཡུལ་མི་གནས་སྤོར་བྱས་པ། ཞི་རྒོལ་གནང་མཁན་ཚོར་དྲག་གནོན་བྱས་པ་ལ་སོགས་པར་རྟོགས་ཞིབ་རྒྱུས་ལོན་གནང་ཐབས་མེད་པར་བཟོས་པ་ཞིག་ཀྱང་རེད།
བོད་ཡུལ་མཐོ་སྒང་གི་བོད་མི་ཚོས་བདེ་འཇགས་ངང་རྒྱལ་སྤྱིའི་གསར་གནས་ལ་ལྟ་ཉན་བྱ་བའི་གོ་སྐབས་ཕྲ་ཞིང་། བཙན་བྱོལ་མི་ཚོར་བོད་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱ་ཐབས་མེད་པ་དང་། རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་སྒྲོག་ལ་ཡ་ལན་སློག་དཀའ་བ་བཅས་ཀྱི་ཉེས་འབྲས་སུ། རྒྱལ་སྤྱིའི་སྟེང་བོད་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་མ་རྟོགས་པར། རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་སྒྲོག་གིས་ཁྱབ་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་སྒོ་རྒྱ་བསྡམས་པ་དེས་ཐད་ཀར་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གནང་མཁན་ཚོགས་སྡེ་ཁག་ལ་ཡ་ལན་བསློགས་ཡོད་ལ། མ་གཞི་ནས་ཕྱི་གསལ་ནང་གསལ་མེད་པར་[རྒྱལ་ཁབ་ཕན་ཚུན་དབར་]འབྲེལ་མོལ་བྱ་རྒྱུ་ནི་སྟོང་གཏམ་རེད་ལ། [བོད་ཀྱི་]སྒོ་རྒྱ་བསྡམས་ནས་[བོད་རྒྱ]གྲོས་མོལ་བྱ་རྒྱུ་ནི་ཕྱོགས་ཆིག་རྐྱང་བའི་སྐད་ཆ་ཙམ་རེད།
རྒྱ་ནག་གཞུང་གིས་བོད་ནང་གི་སྒོ་རྒྱ་བསྡམས་པ་དེས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་གཅིག་པུ་ཙམ་མིན་པར། དེས་པེ་ཅིན་གཞུང་གིས་བཏོན་པའི་ཆ་རྐྱེན་དང་ལེན་བྱེད་མཁན་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་ཚོའི་ཡིད་རྟོན་ཡང་རྨེག་མེད་དུ་བཏང་ཡོད།
སྤྱིར་ན་ཕྱི་གླིང་བ་ཞིག་བོད་ནང་ལ་རང་དབང་གིས་འགྲོ་འོང་གཟིགས་སྐོར་ཆོག་པ་དང་རང་དབང་གིས་གསར་གནས་་རྒྱང་སྲིང་ཆོག་པ། བཙན་བྱོལ་བོད་མིར་ཡང་དེ་མཚུངས་ཀྱི་རང་དབང་ཐོབ་ཐང་གི་རེ་འདུན་ཞུ་བ་ནི་ཚུལ་མཐུན་གྱི་འབོད་སྐུལ་ཙམ་དུ་མ་ཟད་འགྲོ་མིའི་ཐོབ་ཐང་གི་གཞི་རྩའི་འགན་འཁྲི་ཞིག་ཀྱང་རེད་སྙམ།
རྒྱ་ནག་གཞུང་གིས་ནར་མར་བོད་ཀྱི་སྒོ་རྒྱ་བསྡམས་དོན་ནི། བོད་ནི་ཕྱི་ཕྱོགས་ལ་སྒོ་འབྱེད་མ་ཐུབ་པས་མིན་པར། གལ་ཏེ་བོད་ཡུལ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ན། རྒྱ་ནག་གིས་བོད་ནང་ལོགས་སུ་དབང་སྒྱུར་བྱེད་བཞིན་པའི་གསང་རྒྱ་བརྟོལ་འགྲོ་བས་ཡིན་ཏེ། དེ་ནི་རྒྱ་ནག་གཞུང་གིས་ཆོག་མཆན་ཐད་ཀྱི་བཀག་སྡོམ་དང་། ལྟ་རྟོག་དང་ཞིབ་བཤེར་གྱི་འཐབ་ཇུས་ལ་བརྟེན་ནས། རྒྱལ་སྤྱིའི་སྟེང་བོད་དོན་འུར་སྒྲོག་བྱ་བ་རྒྱུན་འཁྱོངས་དང་སྲ་བརྟན་བཟོ་ཐབས་ཤིག་རེད།
རྒྱ་ནག་གཞུང་གིས་ཇི་སྲིད་བར་བོད་ནང་གི་འགྲོ་འོང་བཀག་སྡོམ་འདི་ཞི་བར་མ་ལྷོད་པ་དེ་སྲིད་དུ། བོད་ནི་སྒོ་ལྕགས་ཀྱི་ཨི་ཁུང་ལས་མཐོང་བའི་ཡུལ་གྲུ་ཞིག་སྟེ། དེ་གར་འཛམ་གླིང་མི་མང་གིས་དུས་ནམ་ཡང་བོད་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་རྟོགས་པའི་སྐལ་བ་ཕྲ་ཞིང་གཞིས་ལུས་བོད་མིའི་འབོད་སྒྲ་ཐོས་པའི་གླགས་ནི་དེ་བས་ཀྱང་མེད་པའོ།།
རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུས།
མཚན། མཁས་གྲུབ་དོན་གྲུབ། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཀྱི་སྲས་ཆེ་བ་ཡིན་ཞིང་། ལྡི་ལི་གཙུག་ལག་སློབ་ཆེན་(St. Stephens College Delhi University)དང་སན་ཧྥ་རན་སེ་ཁོ་གཙུག་ལག་སློབ་ཆེན་(University of San Francisco)སོགས་ནས་བསླབ་པ་མཐར་སོན་བྱུང་ལ། ཕྱི་ལོ་༡༩༧༩ ལོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་རོགས་དང་། ཕྱི་ལོ་༡༩༨༠ དང་ཕྱི་ལོ་༡༩༩༣ ནང་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཏུ་རྒྱ་ནག་ལ་ཕེབས་ཤིང་། སྐབས་དེའི་རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་ཞི་ཀྲུང་ཞུན་(Xi Zhongxun)དང་ཧུའུ་ཅིན་ཐའོ་(Hu Jintao)བཅས་ལ་མཇལ་འཕྲད་ཀྱིས་བཀའ་མོལ་གནང་།
དེར་མ་ཟད་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་དང་། ཕྱི་ལོ་༡༩༧༦ ནས་བཟུང་རྡོར་གླིང་སྐྱབས་བཅོལ་བོད་མིའི་རང་འཚོ་ལྟེ་གནས་(Tibetan Refugee Self Help Centre Darjeeling)ཀྱི་ཚོགས་འགན་སོགས་བཞེས་མྱོང་།
བརྩམས་ཆས་གཙོ་བོར་ <<ངེད་ཀྱི་བུ་ཏཱ་ལའི་བླ་མ་>>(Dalai Lama My Son) དང་<<དུས་ཟིང་ཁྲོད་ཀྱི་བོད་>>(Tibet in Turmoil)སོགས་ཡོད། ད་ཆར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་གནས་བཞུགས་གནང་ཡོད།
མ་ཡིག་གི་འབྲེལ་ཐག https://europeantimes.org/tibets-open-door-that-never-opens/


No comments:
Post a Comment