སྤྱི་བོ་གནམ་ལ་བསྟན་པ། འགྲེང་ནས་འགྲོ་བ། སྨྲ་ཤེས་དོན་གོ་བའི་སེམས་ཅན་བྱེ་བྲག་པ་ཞིག་ལ་འཇིག་རྟེན་གྲགས་ཚོད་དུ“མི”ཟེར་ཞིང་། མཚན་ཉིད་དེ་འཛིན་པའི་མི་ཐམས་ཅད་ལ་རང་ཉིད་ཀྱི་ཚེ་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ཀྱི་ཐད་ནས། ལྟོས་མེད་རང་ཆས་སུ་གྲུབ་པ། གཞན་གྱིས་འཚེ་བར་མི་ཆོག་པ། རང་གིས་བཤུག་པར་མི་རུང་བའི་ཆོས་ཁྱད་པར་བ་ཞིག་མཆིས་ཏེ། དེ་ལ་མིང་ཞིག་བཏགས་པར“ཐོབ་ཐང”ཞེས་བྱ་བ་ཡིན།
མི་དག་བསེ་རུ་ལྟར་ཁེར་རྐྱང་དུ་འཚོ་མགོ་མ་ཐོན་པའི་དབང་གིས། ཕན་ཚུན་གཅིག་ཕན་གཅིག་གྲོགས་འོང་བའི་ཕྱིར་རང་ཤུགས་ཀྱིས་ཁྱུ་རུ་བསྡེབས་པ་ལས“སྤྱི་ཚོགས”གྲུབ། དེ་ལྟར་མི་རྣམས་སྤྱི་ལ་ཚོགས་པར་ཕན་རླབས་ཆེན་པོ་བྱུང་སྟེ། གཅིག་གིས་སྒྲུབ་མི་ནུས་པ་གཉིས་ཀྱིས་བསྒྲུབས། གཉིས་ཀྱིས་སྒྲུབ་མི་ནུས་པ་དུ་མས་བསྒྲུབས། དུ་མས་སྒྲུབ་མི་ནུས་པ་ཐམས་ཅད་ཀྱིས་བསྒྲུབས། དེ་བཞིན་དུ། ཁྱོད་ཀྱི་དགོས་མཁོ་ཁོང་གིས་བསྐངས། ཁོང་གི་དགོས་མཁོ་ང་ཡིས་བསྐངས། ང་ཡི་དགོས་མཁོ་ཁྱོད་ཀྱིས་བསྐངས་པར་བརྟེན། ཐམས་ཅད་སྒྲུབ་ནུས་པར་གྱུར་ལ་ཐམས་ཅད་ཀྱི་དགོས་མཁོའང་སྐོང་ནུས་པར་གྱུར་ཅིང་། ཞར་ཞོར་མི་རེ་རེའི་ཡུལ་པོ་ཁེར་རྐྱང་གི་སྡུག་བསྔལ་ཡང་རང་ཡལ་དུ་སོང་།
དེ་ལྟར། མི་རྣམས་ཀྱིས་རང་གི་ཐོབ་ཐང་དག་ལོངས་སུ་སྤྱོད་ཅིང་རང་དབང་གི་འཚོ་བར་རོལ་བཞིན་པའི་དུས་དེ་དག་ཏུ། འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཉོན་མོངས་ཇི་སྙེད་པ་རྒྱུད་ལ་གྲུབ་པའི་མི་མང་གི་ཁྲོད་ན། གཉོམ་ཆུང་ལ་བཙན་པོས་འཚེ་བ། ཚུལ་ལྡན་ལ་ཁྲམ་པས་རྐུ་བ། དྲང་མོ་གྱ་གྱུས་སླུ་བ་སྐབས་དང་སྐབས་སུ་བྱུང་། དོན་དེས་མི་ཕལ་པོ་ཆེ་སེམས་ཁོང་དུ་ཆུད་ཅིང་ཡུན་རིང་པོར་བསྲན་བསྲན་པའི་མཐར། འུ་ཐུག་པའི་ཐབས་ཤིག་རྙེད་པར་གྱུར།
རིགས་མཚུངས་པའི་མི་དག་ལྷན་དུ་ཚོགས་ཤིང་རང་གི་ཚེ་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ལ། གཞན་གྱི་འཚེ་བ་མི་ཐེབས་པའི་ཕྱིར་སྤྱི་ཚོགས་ཀྱི་ཆད་གན་ཞིག་གཞིར་བཟུང་སྟེ་སྡེ་ཆེན་པོ་གཅིག་ཏུ་འདུས་པ་ལས“རྒྱལ་ཁབ”བྱུང་། དེ་ཡང་རྒྱལ་ཁབ་མ་བྱུང་བའི་སྔོན་སྔོན་གྱི་དུས་ནས། མི་ལ་“རང་བཞིན་ལྷུན་གྱིས་གྲུབ་པའི་དབང་ཆ་ཞིག་ཀྱང་ལོངས་སྤྱོད་དུ་ཡོད”། ཅེས་མཁས་པ་ཆེན་པོ་ཇོན-ལོ་ཀེས་གསུངས། དབང་ཆ་དེ་དག་ལས་ཆ་ཤས་ཤིག་སྤྱི་ཚོགས་ལ་བཤུགས་ནས། མི་མང་གི་གོང་སྨོས་མངོན་འདོད་དེ། རང་རང་གི་ཚེ་སྲོག་དང་། རང་དབང་དང་། རྒྱུ་ནོར་བཅས་སྲུང་བའི་སྒྲིག་འཛུགས་ཀྱི་མིང་ལ“སྲིད་གཞུང”ཞེས་བྱ་བ་ཡིན། སྲིད་གཞུང་བཙུགས་པ་དང་འབྲེལ་ནས། ནང་ཁུལ་དུ་མི་ཕན་ཚུན་གཅིག་ལ་གཅིག་འཚེ་བའི་དཀའ་སྡུག་དག དྲག་པོ་དྲག་པོས་འཇོམས་པའི་དབང་ཆའི་དྲག་ཤུགས་ལ་བརྟེན་ནས་སེལ་ནུས་པར་གྱུར།
དབང་ཆ་ནི་དེ་ལྟར་དྲག་ཤུགས་ཀྱི་ངོ་བོ་ཅན་ཞིག་ཡིན་པས་ན། དེ་ཉིད་འཛིན་པའི་སྲིད་གཞུང་ལ“དགོས་ངེས་ཀྱི་སྡིག་པ”ཞེས་མཁས་པ་མང་པོས་གསུངས་ཏེ། ཞིབ་ཏུ་བསམས་ན་སྡིག་པ་ཞེས་པའི་ཐ་སྙད་སྦྱར་བ་ལ་གོ་རྒྱུ་ཆེན་པོ་ཡོད་པ་ཡིན། དེ་ཡང་གོང་དུ་སྨོས་ཟིན་པ་ལྟར། མི་ཐམས་ཅད་ཉོན་མོངས་ཅན་དང་དབང་ཆའི་ངོ་བོ་དྲག་ཤུགས་ཅན་ཡིན་པའི་རྐྱེན་གྱིས། དབང་ཆ་ཅན་གྱི་མི་སུ་ཞིག་ཡིན་རུང་། སྤྱི་པའི་དབང་ཆ་སྤྱད་དེ་སྒེར་ལ་ཁེ་ཕན་སྒྲུབ་པའི་ཧམ་སེམས་སྐྱེ་སྲིད། ཧམ་སེམས་དེས་ཀུན་ནས་བསླངས་ཤིང་ཚུལ་མིན་གྱི་ཁེ་བཟང་རང་ལ་སྒྲུབ་པའི་ཕྱིར། གཞན་གྱི་ཚེ་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་སྲུང་བའི་ཐོག་མའི་འགན་འཁྲི་ཡལ་བར་དོར་ཏེ། དབང་ཆ་ལོག་པར་སྤྱོད་པའི་བྱ་བྱེད་མ་རུངས་པ་དེ་ལ“རུལ་སུངས”ཞེས་བྱ་བ་ཡིན།
སུ་ཞིག་དེ་ལས་ཀྱང་རིང་དུ་འདས་ཏེ། རང་གི་བརྣབ་སེམས་འགྲུབ་པ་ཁོ་ནའི་དོན་དུ། མི་དམངས་ཀྱི་ལུས་སྲོག་ལོངས་སྤྱོད་ལ་ཅི་མི་སྙམ་པར་རྫི་ཞིང་ཡ་ང་སྙིང་རྗེ་བྲལ་བའི་སྒོ་ནས་ཁོ་ཅག་བྲན་ནམ་གཡོག་ཏུ་བཀོལ་ཏེ། སྲིད་གཞུང་ནི་སྒེར་དོན་སྒྲུབ་བྱེད་འབའ་ཞིག་ཏུ་སྒྱུར་མཁན་ལ“སྒེར་གཅོད་པ”ཞེས་བྱ་བ་ཡིན། མི་རྣམས་མི་འདོད་བཞིན་དུ་སྒེར་གཅོད་ཀྱི་སྡུག་བསྔལ་མྱངས་མྱངས་པའི་མཐར། ཐོག་མར་རྒྱལ་ཁབ་འཛུགས་པའི་དུས་སུ། མི་ཐམས་ཅད་ཀྱི་མོས་མཐུན་གཞིར་བཟུང་སྟེ་བཞག་པའི་ཆད་གན་དེ་ཉིད་མི་ཉུང་ཤས་ཤིག་གིས་བརྡལ་བཤིག་བཏང་བ་ལས། དབང་འཛིན་པ་རྗེས་འབྲང་དང་བཅས་སྒེར་གཅོད་པར་གྱུར་པ་ཡིན་ཚུལ། མཁས་པ་ཁ་ཤས་ཀྱིས་སྔོན་ལ་རྟོགས་ཤིང་མི་མང་པོ་ཞིག་གིས་ཀྱང་ག་ལེར་ཤེས། ཤེས་ནས་ཀྱང་རང་ཉིད་ཀྱི་རང་བཞིན་གྱི་ཐོབ་ཐང་གཞན་ཞིག་སྟེ། གཏུམ་པའི་དབང་སྒྱུར་ལ་རྒོལ་བའི་ཐོབ་ཐང་དང་འོས་འགན་དག་ལག་ལེན་དུ་བཏབ་པས། ངལ་བ་ལ་འབྲས་བུ་བྱུང་ཞིང་མཐར་ཐུག་མང་གཙོའི་ལམ་ལུགས་འཛུགས་ནུས་པར་གྱུར།
དེ་ཡང་། འདས་པའི་བྱུང་རབས་ལས་ཉམས་མྱོང་དང་བསླབ་བྱ་བླངས་པ་ལས། རང་རང་སླར་སྒེར་གཅོད་ཀྱི་སྡེར་འོག་ཏུ་མི་ཚུད་པ་ལ། སྲིད་གཞུང་གི་དབང་ཆ་ཉིད་ལམ་ལུགས་ཀྱིས་དམ་ལ་བཏགས་ཏེ། དབང་ཆ་ཅན་དག་ཁྲིམས་ལ་གནས་པར་མི་བྱ་ཐུ་མེད་ཡིན་ཚུལ་མི་ཕལ་མོ་ཆེས་རྟོགས།
དེའི་ཕྱིར་དུ། མི་མང་ཡོངས་རྫོགས་ཀྱིས་ཆ་ཤས་ལེན་པའི་ལམ་ནས་སྔར་ཡོད་པའི་ཆད་གན་དེ་ཉིད་སྒྲིགས་སྲོལ་བྱིན་ཅན་ཞིག་ཏུ་བཅས་པ་ལ“རྩ་ཁྲིམས”ཞེས་བྱ་བ་ཡིན། སྲིད་གཞུང་གིས་རྩ་ཁྲིམས་ཀྱི་བཅས་པ་ཁོ་ན་ལྟར་དུ། མིའི་ཐོབ་ཐང་སྲུང་བ་དང་སྤྱི་ཚོགས་ཁྲིགས་རིམ1་ལྡན་པར་བྱེད་པའི་རྒྱལ་སྲིད་སྐྱོང་ཚུལ་ལ“ཁྲིམས་ཀྱི་དབང་སྒྱུར”ཞེས་བྱ་ཞིང་། དེ་ནི་སྒེར་གཅོད་སྲིད་གཞུང་གི་དབང་འཛིན་པ་རྗེས་འབྲང་དང་བཅས་པས་རང་རང་སྒེར་གྱི་ཧམ་སེམས་འགྲུབ་པའི་ཕྱིར། མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་དང་བརྡབ་གསིག་གཏོང་བའི“མིའི་དབང་སྒྱུར”གྱི་ལྡོག་ཟླ་རང་ཡིན།
དེ་ལྟར། དབང་ཆ་ལས་སུ་རུང་བར་གྱུར་པ་དང་འབྲེལ། མིའི་འཚོ་བ་ལ་སྒེར་གྱི་ཁོངས་ཤིག་དང་སྤྱི་པའི་ཁོངས་ཤིག་སྟེ་ཁོངས་མི་འདྲ་བ་གཉིས་བྱུང་། དེ་ཡང་། མི་གཞན་དང་མི་འབྲེལ་ཞིང་རྒྱ་ཆེ་ལ་ཁོད་ཡངས་པའི་སྒེར་གྱི་ཁོངས་སུ། ཡ་རབས་ཚུལ་གནས་དག་གིས་གཞན་མར་མི་གནོད་པའི་རང་དབང་ཡོངས་རྫོགས་ལོངས་སུ་སྤྱོད་པར་ཆོག་ལ་དེར་སྲིད་གཞུང་གི་དབང་ཆ་གཏན་ནས་འཛུལ་བར་མི་ཆོག ཡང་། མི་གཞན་དག་དང་ཀུན་ནས་འབྲེལ་ཞིང་རྒྱ་ཆུང་ལ་ཁོད་དོག་པའི་སྤྱི་པའི་ཁོངས་སུ། སྲིད་གཞུང་གིས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་བཅས་པ་ཁོ་ན་ལྟར་དུ་མ་རབས་ལོག་སྤྱོད་དག་དབང་ཆའི་དྲག་ཤུགས་ལ་བརྟེན་ནས་དོ་དམ་མམ་ཚར་གཅད་པར་ཆོག་ལ། མི་མང་ལྷན་དུ་འཚོ་བའི་སྤྱི་ཚོགས་ཉིད་ཁྲིགས་རིམ་དང་ལྡན་པར་བྱེད་པ་ཡིན།
དེ་འདྲའི་གནས་སྐབས་སུ། མཐོ་བ་རྒྱལ་ཁབ་ཀྱི་གཙོ་འཛིན་ནས་དམའ་བ་གྲོང་སྡེའི་འགོ་ཁྲིད་དཀྱུས་མ་བཅས་ལ“གཞུང་ཞབས”ཞེས་བྱ་བ་ཡིན། ཁོ་ཚོ་ནི། ང་ཚོས་གླ་ཕོགས་སྤྲད་ནས་རང་ཉིད་ལ་ཞབས་ཞུ་སྒྲུབ་པར་གླས་པའི་གཡོག་པོ་འབའ་ཞིག་སྟེ། གཞུང་ཞབས་དང་མི་མང་བར་གྱི་འབྲེལ་བ་དེ་ང་ཚོས་ངེས་པར་ཤེས་དགོས།
སྲིད་གཞུང་འཐུས་སྒོ་ཇེ་ཚང་དུ་སོང་བར་བརྟེན། དྲག་ལས་ཀྱི་སྡེ་ནི་ཤོག་སྡེ་ཆེན་པོ་གཉིས་སུ་གྱེས། དེ་ཡང་། རང་གི་རྒྱལ་ཁབ་སྲུང་བའི་ཕྱིར་ཕྱི་དགྲ་ཆམ་ལ་འབེབས་པ་པོར“དམག་དཔུང”ཞེས་བྱ་སྟེ། དེས་སྲིད་གཞུང་གི་ཕྱོགས་མི་འཛིན་ཏེ་རྣམ་པ་ཐམས་ཅད་དུ་གཞུང་དམངས་གཉིས་ཀའི་བར་ལ་སྡོད་ཅིང་ཁ་ཕྱི་འཁོར་ཡིན། ཡང་། རྒྱལ་ཁབ་ཀྱི་ནང་ལོགས་སུ། གཉོམ་ཆུང་ལ་གནོད་འཚེ་བརྙས་གསུམ་བྱེད་པའི་ངན་པ་གཉའ་རེངས་དང་། ཚུལ་ལྡན་ལ་རྐུ་གཙེར་སླུ་གསུམ་བྱེད་པའི་གཡོ་ཅན་ཁྲེལ་མེད་དག་གི་མགོ་གནོན་པ་པོར“ཉེན་རྟོག་པ”ཞེས་བྱ་སྟེ། སྤྱི་ཚོགས་བརྟན་འཇགས་དང་ཁྲིགས་རིམ་ལྡན་པ་འོང་བ་ལ། དེས་ཁྲིམས་ཀྱི་བཅས་པ་ལས་མི་འདའ་བའི་སྒོ་ནས་མི་ཕན་ཚུན་བར་གྱི་རྩོད་རྙོག་སེལ་ཞིང་ཁ་ནང་འཁོར་ཡིན།
སྲིད་གཞུང་གིས་རྒྱལ་སྲིད་སྐྱོང་བ་ལ་འགྲོ་སོང་དགོས་ཏེ། མི་དམངས་རང་ཉིད་ཀྱི་མོས་མཐུན་གཞིར་བཞག་པའི་ཐོག་ནས། གཙོ་བོ་མི་རེ་རེའི་ཚེ་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་གཞི་རྩའི་ཐོབ་ཐང་སྲུང་བ་ལ་འདང་བའི་དགོས་དངུལ་ཞིག རིགས་རུས་དང་གྲལ་རིམ་དང་མཐོ་དམན་གྱི་དབྱེ་འབྱེད་མེད་པར་སྤྱི་དམངས་ཀྱི་ལག་ནས་སྙོམས་པོར་བསྡུ་བ་ལ་ལུགས་དང་མཐུན་པའི“དཔྱ་ཁྲལ”ཞེས་བྱ་བ་ཡིན།
དབུས་ལྷ་ལྡན་གྲོང་དུ་ཕྱི་ལོ་༢༠༡༨་ལོའི་ཟླ་བཅུ་པར་བྲིས།
ཟུར་མཆན།
1) ཁྲིགས་རིམ། འདིར། ཁྲིགས་ནི་ཁྲིགས་ཆགས་ཏེ་གོ་རིམ་མ་འཆོལ་བར་སྟར་ཆགས་སུ་གནས་པའི་ཚུལ་ལ་ཟེར།
No comments:
Post a Comment