འབངས་འདུལ་མན་ངག་བཀའ་རྒྱ་མའི་སྙིང་པོ་བསྡུས་པ། I འོས་སྦྱོར།


རང་རེའི་བརྗོད་པ་ལྟར་བཏགས་པའི་རྩོམ་ཐུང་འདི་ནི་གནའ་དུས་ཙི་ནའི་ཡུལ་དུ་གྲགས་པའི་འབངས་འདུལ་སྲོལ་ཡིག«ཧྲང་ཅུན་ཧྲུའུ»ཞེས་པའི་སྙིང་པོ་བསྡུས་པ་དེ་ཉིད་དེང་དུས་ཀྱི་ཐམས་ཅད་མཁྱེན་པ་འཛམ་གླིང་དྲ་རྒྱའི་མེ་ལོང་དུ། འབངས་ཁ་ལོ་སྒྱུར་བྱེད་ཀྱི་ཐབས་ཇུས་ལྔ་ཞེས་ལྟ་བདེ་ཁྱེར་བདེ་བཟོས་འདུག་པ་གང་ཞིག སྔོན་དུས་དམ་ཕྲུག་གནམ་ཐེལ་བཏབ་པའི་གསང་ཡིག་བཙན་པོ་ཐུ་མོ། ཇི་ལྟར་གཏེར་ནས་འདོན་པ་བཞིན་ལས་སླ་བོར་མ་ཡིན་གཤིས། རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས་པའི་དཔེ་ལྟར། ཁོ་བོས་གཤམ་དུ་འདྲེན་ཚིག་རིང་པོ་ཞིག་གནའ་གཏམ་དུ་བརྒྱུས་པ་སྔོན་ལ་བཏང་ནས་རེ་རེ་བཞིན་བྲི་འདུན་ལ། ཐོག་མར་འདུལ་ཚིག་སྦྱར་བ་ཆོས་ཀྱི་ལུགས་ལ་འགྲོ་བ་མ་ལུས་གདུལ་བྱ་སྟེ་རྒྱུད་ཀྱི་ཉོན་མོངས་འདུལ་དགོས་པར་རློམ་པའི་ཆ་མཚུངས་སུ། རྒྱལ་པོའི་ལུགས་ལའང་འགྲོ་བ་མ་ལུས་གདུལ་བྱར་ལྟ་སྟེ་རྒྱལ་པོའི་སྲིད་ལ་མི་གནས་པའི་བསམ་སྤྱོད་འདུལ་དགོས་པར་རློམ་གཤིས། མིང་འདོགས་འདི་བཞིན་སྦྱར་མོད་ཐོགས་མིན་ཚུལ་ལ་རྩོད་ཤགས་མི་འགྱེད་དོ།།


  1. འདྲེན་ཚིག

དེ་ཡང་། ད་ལྟའི་ང་ཚོ་དང་བར་ཐག་ཤིན་ཏུ་རིང་བའི་མི་ལོ་ཉིས་སྟོང་སུམ་བརྒྱ་ཡས་མས་ཀྱི་དུས་སུ། ས་ཆ་ཞིག་ན་འབྲས་བཟང་སྨོན་ཞེས་པའི་རྒྱལ་ཁམས་ཤིག་ཡོད་དེ། རྒྱལ་ཁམས་དེའི་མི་རྣམས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། བློ་རིག་སྐྱེན་ཞིང་སྲོལ་རྒྱུན་ལ་དགའ་བའི་རིགས་ཤིག་ཡིན་མོད་ཀྱི། ཁོ་ཚོས་ཉི་མ་རྟག་པར་དད་པ་གནམ་ལ་བྱེད་ཅིང་མོས་གུས་མེས་པོ་ལ་སྟོན་པ། ལྷ་སྒྲུང་གནའ་མི་ལ་བསྒྲིགས་ཤིང་ཡིག་རིས་རུས་པ་ལ་འབྲི་བ། ལས་ཀ་སོ་ནམ་ལ་བྱེད་ཅིང་ངོ་སོ་རུས་ཐོ་ནས་སྟོན་པ། གཉེན་ཉེ་དུ་ལ་འཛིན་ཞིང་སྡུག་བུད་མེད་ལ་གཏོད་པ། ལྟོགས་ན་རིགས་རྒྱུད་གཅིག་པའི་ཤ་ཁྲག་སྤྱོད་པའང་མི་འཛེམ་པའི་གདོད་མའི་སྤྱི་ཚོགས་སུ་ཡོད་པ་ལྟར་སྣང་།


དུས་དེ་ཤེད་ན། རྒྱལ་ཁམས་དེར་གོང་མའམ་རྒྱལ་པོ་ཞིག་བྱོན་པ་ཤེད་ཅན་གྱི་གཉའ་ལ་ཁྲི་བཅོས་ནས་བཏེགས་འོངས་པ་མ་ཡིན་ལ། མང་པོས་བཀུར་ནས་མངའ་གསོལ་བའང་མ་ཡིན་མོད། དཔུང་པའི་ཤ་རྒྱས་མིན་གྱིས་ཐམས་ཅད་ཀྱི་གོང་ནས་སྡོད་མཁན་དུ་གྱུར་པ་གནམ་འོག་སྐྱོང་དུ་འབོད། མི་རྣམས་ནི་རྒྱབ་རྟེན་སའི་རྒྱལ་པོ་ཞིག་དང་སྐྱབས་རེ་སའི་བླ་མ་ཞིག་མེད་ན་སེམས་ཁོང་སྦུན་པ་ལྟར་སྟོང་པར་འགྱུར་བས་གནམ་འོག་སྐྱོང་དེ་རྒྱལ་པོར་བཀུར་ཕྱིན། མི་སེར་དང་མི་སེར་བར་དང་། གྲོང་ཁྱིམ་དང་གྲོང་ཁྱིམ་བར། ཤོག་སྡེ་དང་ཤོག་སྡེ་བར་གྱི་གསོད་རེས་འཕྲོག་རེས་དང་། འཐབ་རེས་རྩོད་རེས། ཇག་རེས་རྐུན་རེས་ལ་སོགས་སུ་བཙན་སུ་རྒྱལ་གྱི་རྣམ་པ་བག་ལ་ཞ་ནས་དུས་བདེ་ཞོད་འཇགས་སོས་དལ་དུ་ཡོད་པ་ལྟ་བུར་སྡོད།


རྒྱལ་པོ་གནམ་འོག་སྐྱོང་བཞུགས་པ་ནས་ཀེར་ལེབ་སྒུར་གསུམ་ལ་དཔྱ་ཁྲལ་འུ་ལག་ཅེས་པ་ཀེར་ལངས་མྱི་ལ་ཀེར་ཁྲལ་དང་ལེབ་མོ་ཞིང་ལ་ལེབ་ཁྲལ། སྒུར་པོ་ཕྱུགས་ལ་སྒུར་ཁྲལ་ཟེར་ནས་སྟོན་གྱི་ཡོང་འབབ་ལྔ་ཆ་དང་གསུམ་ཆ་ཐ་ན་གཉིས་ཆ་ཡང་བསྡུས་ཏེ་འགྲོ། རྒྱལ་པོའི་ཁབ་ཅེས་པ་མ་ཆགས་པའི་སྔ་རོལ་ཏུ་ཁྲལ་འུ་ལག་ཟེར་བ་སོ་སོའི་ཡོང་ཐང་གི་བརྒྱ་ཆ་འབུལ་དགོས་ཀྱི་མིང་ཙམ་ཡང་ཐོས་པ་མེད་མོད། དེ་ཆགས་ཚུན་དུ་ཡོད་མ་ཡོད་དང་འདོད་མ་འདོད་མེད་པར་མགོ་ཐོགས་ཐོགས་ཀུན་ལ་བཙན་པོ་གཉའ་འཇོག་དང་གཉོམ་པོ་བསླུ་བྲིད་བཏང་ནས་འོངས། རྒྱལ་པོ་གནམ་འོག་སྐྱོང་དེ་གནམ་གྱི་སྲས་ཡིན་པར་རློམ་ཕྱིར། ལོ་རེ་བཞིན་གྱི་ཁྲལ་འབབ་མ་ལུས་རྒྱལ་པོའི་གསོལ་གཟིམ་མཆོད་གསུམ་དང་བཙུན་གཡོག་འཁོར་གསུམ་ལ་གྲོན་པ་ཙམ་མ་ཡིན་པར། གུང་གསུམ་བློན་དགུ་ནས་ལས་ཀྱི་སྣེ་མོ་གོང་འོག་བར་གསུམ་གྱི་རྒྱུ་འབྱོར་ཉེར་སྤྱོད་མཁོ་དགུའི་རྒྱས་སྤྲོས་གཏོང་སྒོ་ལ་ཕུད། དཔུང་ཚོགས་ཡན་ལག་གསུམ་མམ་བཞི་རུ་བསྒྲིགས་པ་ལེ་ལག་ཀུན་པོའི་གཟི་བསྐྱེད་སྟོབས་སྣོན་ལ་དང་། གཞན་ཡང་རྡོ་མཁར་འབུམ་ཤོར་སྐྱ་རིང་དང་། ཕོ་བྲང་ཨ་ཨི་ཉིས་རྩེན་དང་། བང་སོ་ཐོག་མིན་རྒྱལ་བ་དང་། དྲང་འགྲོ་དམག་ལམ་རྟ་ཆད་ལ་སོགས་བཞེངས་བསྐྲུན་བརྩིགས་བརྡུངས་ཞི་རྒྱས་དབང་གྲགས་ཀྱི་བྱ་བྱེད་ལས་ཀྱི་འཁོར་ལོ་ལ་ཟད་པ་རྩིས་རྩིས་ཟིན་དུ་མེད།


ཡང་ཕོ་ལྟེ་ཐོགས་ཐམས་ཅད་དམག་གི་སྐྱེ་བ། མོ་ནུ་ཐོགས་ཐམས་ཅད་བྲན་གྱི་རང་བཞིན། དམག་གི་སྒྲིག་གཞི་རི་རབ་བཞིན་བརྩེགས་པ། འགྲོ་རིམ་སྲོལ་ལུགས་ལྕགས་དམར་བཞིན་གཅུན་པ། གཞན་སྡེའི་དཔུང་ལ་དགྲ་སྟ་ལྟར་འཚབ་པ། ནམ་རྩ་ཡུན་རིང་སྟག་ལྟར་རྔམ་ལ་སྤྱང་ལྟར་འཇབ་དགོས་སུ་ཡོད་པར་སྟག་སྤྱང་རུ་དཔུང་དུ་བཏགས་པས་དགྲ་སྲོག་རྩྭ་ལོ་གཅོད་གཅོད་དང་དགྲ་མགོ་ཡུང་རྡོག་འབྲེག་འབྲེག བྲེགས་པའི་མགོ་དང་བཏོགས་པའི་རྣ་བ་མང་ཉུང་དམག་མིའི་གོ་ཐོབ་ལ་བརྗེ་རུང་གི་དམག་སྡེའི་རྒྱལ་ཁམས་དེར་གནས་ཀྱི་སྐྱེ་བོ་རྣམས་ནི་གསོན་ན་མྱི་ཡི་གཏའ་མ་དང་ཤི་ན་ཁྱི་ཡི་བེམ་རོར་སོང་བ་སྐད།


ཡང་འཇིག་རྟེན་ཕྱི་ནང་དང་དངོས་པོའི་ཆོས་ཉིད། གཟུང་འཛིན་མཚན་ཉིད་རྣམ་པར་དཔྱོད་པའི་ཤེས་རབ་ཅན་ནི་སྲིད་མཐའ་ཙམ་ལ། གནའ་མི་རྒན་པོ་དག་གི་ཁྱིམ་སྲིད་འཁོར་པ་སྐྱོང་ཐབས་དང་མི་སྡེ་ཁ་ལོ་བསྒྱུར་ལུགས་ཀྱི་གདམས་ངག་ཆོས་ཀྱི་བསྟན་བཅོས་བཞིན་འདོམས་པ། ལྷག་དོན་རྒྱལ་པོའི་དབང་སྒྱུར་བཀའ་དགོངས་ཁ་ཏོན་ཞལ་འདོན་དུ་བསྒྲིགས་ནས་ཕ་ཚ་བུ་རྒྱུད་དུ་སློབ་ཅིང་ཤར་ཤར་ཀློག་འདོན་མི་ཆད་པ། རྒྱལ་པོ་གང་ཉིད་གང་ཟག་ཚད་མ། བཀའ་ལུང་ཚད་མ། ཡོན་ཏན་དང་འཕྲིན་ལས་ཀྱང་ཚད་མར་མ་སོང་བ་མེད་ཕྱིར། སྐྱབས་འགྲོ་རྒྱལ་པོ་ལ་འདོན་དགོས་པ། བསྟོད་ཚོགས་རྒྱལ་པོ་ལ་རྩོམ་དགོས་པ། བསང་གསུར་རྒྱལ་པོ་ལ་འཕུད་དགོས་པ་སོགས་ལྟ་བ་སྣ་གཅིག་དང་སྒོམ་པ་སྣ་གཅིག སྤྱོད་པ་སྣ་གཅིག་གང་དེར་མ་འདུས་པའི་འཇིག་རྟེན་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་ཡོད་རིགས་ནི་ཅི་ཅི་ཅིག་མགོ་རྟིང་སློག་མི་དང་ཉི་ཉི་ཉིག་ངན་སྐུལ་བྱེད་མི་ཞེས་ཁ་ལ་རྒྱ་བཏབ་སྟེ་ལྐུགས་པ་དང་ཁོག་ལ་རྩྭ་བརྫངས་ནས་གསོབ་གཟུགས་སུ་བཟོ་བ་དེ་ལྟར་དུ་ཡོད།


དེ་ལྟའི་གནས་སྐབས་སུའང་། རྒྱལ་པོ་གནམ་འོག་སྐྱོང་ནི་འབངས་མི་སེར་རྣམས་དབང་ཆས་འདུལ་ཚུལ་ལ་ཤིན་ཏུ་ཡིད་མ་ཚིམས་ཏེ།  བློན་པོ་བློ་དང་ཐབས་ཇུས་ཅན་ཕྱོགས་སུ་བསྐོངས་ནས་འབངས་མི་འདུལ་ཐབས་ཀྱི་མན་ངག་ཅི་ཡོད་བློ་འདྲི་གྲོས་གསུམ་བགྱིས་པ་དེའི་ཚེ། བློན་པོ་བཀོད་པ་ཅན་གྱིས་ཐབས་ཇུས་གང་དགོས་གང་འགྲིག་ཚིག་ལ་བསྒྲིགས་ནས་ཡི་གེར་བཀོད། ཕྱིས་སུ་གང་འོས་གང་འགབ་འབྲུ་སྣོན་བཏབ་ཅེས་གྲགས་པ་འདི་ལྟ་སྟེ།


2. དངོས་གཞི།

འབངས་འདུལ་མན་ངག་བཀའ་རྒྱ་མའི་སྙིང་པོ་བསྡུས་པ།


འདིར་ཀེར་ལེབ་སྒུར་གསུམ་ཁ་ལོ་སྒྱུར་བྱེད་ཀྱི་མན་ངག མངའ་བདག་རྒྱལ་པོ་རིམ་བྱོན་གྱི་གསང་མཛོད་ཡང་ཕུགས་སུ་ཉར་བ། གནམ་གྱི་སྲས་པོ་ཁོ་ན་ལས་སྐྱེ་བོ་ཕལ་བའི་སྤྱོད་ཡུལ་དུ་མ་གྱུར་པ། དངོས་དོན་ཡུལ་འབངས་འདུལ་ལུགས་སམ་སྐྱོང་ལུགས་རྡོ་ལག་ཆིག་བརྒྱུད་ཀྱི་ཐབས་ཇུས་མན་ངག་བཀའ་རྒྱ་མ་རུ་སོང་བ་གང་ཞིག བཀའ་རྒྱ་མ་དེར་ཡིག་འབྲུ་སུམ་ཁྲི་ལྷག་ཡོད་པ་ད་སྔ་སོ་བཞིའི་དབྱངས་གསལ་དུ་བསྒྱུར་ཏེ་བཀྲལ་བ་མ་མཐོང་ཡང་། སྙིང་པོ་བསྡུས་པའི་དོན་མ་ལོག་པར་བྲི་བ་དགོས་དོན་ལྷག་མར་མ་སོང་ཕྱིར། ཁོ་བོས་འདིར་གསང་ཡིག་གང་དེའི་གནད་ཚིག་མཐོང་བས་སྐྱི་གཡའ་བ་དག་གནའ་ཡིག་ད་སྒྱུར་སྟོང་ཐུན་དུ་འགོད་འདོད་དེ།


མན་ངག་བཀའ་རྒྱ་མ་དེའི་སྙིང་པོ་མདོ་རུ་དྲིལ་ན་གཤམ་གསལ་གནད་ཚིག་འདི་དག་གིས་སྟོན་རུང་སྐད་དེ། དེ་ཡང་འབངས་རྨོངས་པར་བྱ་བ་དང་། འབངས་ཞན་པར་བྱ་བ་དང་། འབངས་ངལ་བར་བྱ་བ་དང་། འབངས་དབུལ་བར་བྱ་བ་དང་། འབངས་བརྙས་པར་བྱ་བ་བཅས་སོ།།


འདིར་གནད་ཚིག་དེ་དག་མ་བཀོད་པའི་སྔ་རོལ་ཏུ་ངེས་པར་བྱ་བ་འདི་ཡོད་དེ། སྟོབས་ཀྱིས་གཞན་དག་ལས་རྒྱལ་ནུས་ཀྱི་སྐྱེས་པ་ཕོའམ་པོ་ཞེས་རང་རེའི་སྒྲ་བཤད་དེ་དེ་བཞིན་དུ་ཆགས་པའི་རྒྱལ་པོ་བྱུང་བ་དང་། རྒྱལ་པོ་བྱུང་བའི་དུས་མཚུངས་སུ་དེ་འབྲེལ་ཀེར་ལངས་མི་བུ་དང་ལེབ་མོ་ས་ཞིང་དང་སྒུར་པོ་ཕྱུགས་ཟོག་རྣམས་གང་དེའི་ཁབ་སྟེ་ཕོ་བྲང་ངམ་ཁྱིམ་དུ་མ་གྱུར་པ་མེད་པ་རྒྱལ་པོའི་ཁབ་ཅེས་འུ་ཚོའི་ཐ་སྙད་རང་སྟེང་གི་གོ་བ་ལྟར་སོང་ཚུན། རྒྱལ་ཁབ་ཅེས་པ་རྒྱལ་པོའི་ཡིན་པ་དང་རྒྱལ་པོ་ཞེས་པ་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ་འདི་སྐད་དུ། གནམ་འོག་རྒྱལ་པོའི་ཁབ་ཏུ་མ་གྱུར་མེད།།སྐྱེ་འགྲོ་རྒྱལ་པོའི་འབངས་སུ་མ་གྱུར་མེད།།ཅེས་རྒྱལ་པོ་གང་དེ་གཡོག་དང་འབངས་དང་དམག་སོགས་ཀྱི་མགོན་པོར་བསྐུར་ནས་མངོན་པར་བརྗོད་པ་ཇི་བཞིན་མི་ཡི་རྗེ་བོ་དང་ས་གཞི་སྐྱོང་བ་དང་སྐྱེ་དགུའི་བདག་པོར་གྱུར་བ་སྟོབས་དང་ཤུགས་དང་དབང་དང་གྲགས་པ་ཆེ་ཕྱིར། མི་རྣམས་འཇིགས་པའི་དབང་གིས་མངའ་བདག་དང་ས་སྐྱོང་དང་རྗེ་རྒྱལ་དང་ཐ་ན་ལྷའི་ཐ་སྙད་ཀྱང་གསོལ་ཞིང་མཐོན་པོ་དང་གཙོ་བོ་དང་རྫིག་པོ་དང་བླ་རུ་བཀུར་ནས་རང་བཞིན་གྱིས་མིའི་གོང་དུ་འཁོད་དོ།།དེས་ན་རྒྱལ་པོ་ནི་དབང་གིས་ཕྱུག་པས་གོང་ན་དང་འབངས་མི་ནི་འཁོས་ཀ་ཆུང་བས་འོག་ན་སྟེ། སྔོན་གྱི་དུས་སུ་དབང་སྒྱུར་མཁན་དང་དབང་སྒྱུར་མྱོང་མཁན་ནམ། རྒྱལ་ཁབ་དང་འབངས་མི་གཉིས་ཁ་གཏད་དུ་ཡོད་པ་ས་སྟེང་འདིར་ཕལ་ཆེར་གཅིག་མཚུངས་སུ་གནས་པའི་ཚུལ་དེའོ།།


ད་ནི་གནད་ཚིག་དེ་དག་རིམ་པ་བཞིན་བྲི་ན། དང་པོ་འབངས་རྨོངས་པར་བྱ་བ་ཞེས་པ་དེང་སྐད་དུ་བསམ་བློ་སྒེར་གཅོད་དུ་འབོད་དེ། འདི་སྐད་དུ། བླུན་པོ་རྣམས་ནི་དབང་སྒྱུར་སླ།།དེའི་ཕྱིར་བློ་རིག་འདུ་བྱེད་འགོག །དེ་ཁོགས་སྨྲ་བ་སྡོམ་པ་སྟེ།།དེ་སྡོམས་ན་ནི་བྱ་བྱེད་བསྐྱུང་།།ཞེས་བརྗོད་དེ་འབངས་མི་སེར་ཚོའི་བློ་རིག་འཆར་སྒོ་དང་། རང་ཚུགས་བསམ་གཞིག་དང་། རིགས་ལམ་རྣམ་དཔྱོད་སོགས་ཀྱི་རྩ་ལག་བཅད་དེ་གང་དང་ཅི་ཡང་མི་རྟོག་པ་རྨོངས་དམུན་མཚན་མོ་ཡོངས་ཤར། བླུན་རྟུལ་མུན་པ་ཚེ་འཐིབས་སུ་འབྱམས་པར་བྱེད་པ་དེ་ལྟར་དུ་ཡང་། འབངས་མིའི་འཁྱེར་སོ་གཅིག་ལ་འདོམས།།བསམ་གཅིག་དྲན་གཅིག་འགུལ་བ་མཚེར།།དེའི་ཚེ་ལྟོ་བ་མ་གཏོགས་པ།།དྲན་མེད་སོ་ནམ་ལས་ལ་འབད།།ཅེས་བསྟན་པའི་དམིགས་གཞི་ནི་འབངས་མི་སེར་རྣམས་གྲོད་ཁོག་ལྟོ་ཟས་ཙམ་ལས་བསམ་འདུན་གཞན་མེད་འདུ་ཤེས་གསུམ་པ་གཡག་ལུག་ར་ཕག་གི་རྗེས་མཐུན་དུ་བཀོད་དེ། སོ་ནམ་ཁོ་ནའི་ལས་ལ་འཛུད་པ་དེ་ཡང་དབང་སྒྱུར་མཁན་པོ་ཁོ་ཚོ་དམག་འཐབ་ལ་དགའ་བ། དམག་དམག་རྒྱགས་ལ་བརྟེན་པ། དམག་རྒྱགས་སོ་ནམ་ལ་ལྟོས་པས་དེ་སྐད་ཟེར། བསམ་བློ་སྒེར་གཅོད་དང་སྨྲ་བརྗོད་རང་དབང་སྡོམ་པ་ནི་རྒྱལ་པོའི་དགོངས་པ་དང་མི་མཐུན་པའི་གླེང་ཕྱོགས་འགོག་ཕྱིར་ཡིན་ལ། དེར་བློ་གྲོས་བསྡུར་བ་དང་ལྟ་བ་བརྗོད་པ་དང་བརྡ་འཕྲིན་རྒྱུགས་པ་བཀག་སྟེ། རྒྱལ་པོ་དང་དེའི་མདུན་ན་འདོན་འཁོར་བཅས་ཀྱིས་བཀས་བཅད་པ་ཇི་བཞིན་བསམ་བློ་གཅིག་གྱུར་དང་འདུ་ཤེས་འཛིན་སྟངས་གཅིག་གྱུར། ལྟ་ཚུལ་རྣམ་གསུམ་གཅིག་གྱུར་བཟོས་ནས་བསམ་མི་ཕོད་པ། དྲན་མི་རི་བ། གཏམ་མི་དཔེ་བ། མདོར་ན་གཞན་ལུགས་མཐའ་དག་ཚར་གཅོད་པའི་ཚུལ་ནི་དེ་དུས་ནས་གནམ་གྱི་ཤེ་མོང་གི་སྲིད་ལུགས་ཆེན་པོའི་རྩ་འཛིན་དུ་བཟུང་ཡོད་པ་ད་ལྟའང་ཆ་ཡོད་རྒྱུས་ཡོད་ཡིན་པ་དེའོ།། 

གཉིས་པ་འབངས་ཞན་པར་བྱ་བ་ཞེས་པ་འོག་གི་ཚིག་འདིས་སྟོན་ཏེ། འབངས་མི་བཙན་ན་རྒྱལ་ཁབ་ཞན།།རྒྱལ་ཁབ་བཙན་ན་འབངས་མི་ཞན།།རྒྱལ་ཁབ་སྐྱོང་བའི་ཐབས་དམ་པ།།དང་པོར་འབངས་མི་ཞན་པར་བྱ།།ཞེས་བརྗོད་དེ་རྒྱལ་ཁབ་དང་འབངས་མི་རྣམས་ལྷན་ཅིག་མི་གནས་འགལ་དུ་བསྟན་པ་གང་ཞིག རྒྱལ་ཁབ་དང་རྒྱལ་པོ་བརྟན་དགོས་ན་འབངས་མི་རྣམས་ཉམ་ཆུང་སྟོབས་ཞན་དུ་བསྒྱུར་དགོས་ཟེར་བ་དེའོ།།


སྤྱིར་བཏང་རྒྱལ་ཁབ་ཅེས་པ་འབངས་མི་རེ་རེ་ནས་གྲུབ་པ་ཡིན་མོད། དུས་དེ་ཙ་ན་སྟེང་འོག་དང་གཙོ་ཕལ་དང་བདག་པོ་དང་བྲན་འབངས་ཀྱི་འབྲེལ་བར་སོང་ཙང་། བྲན་འབངས་ཚོར་མདའ་མདུང་གྲི་གསུམ་དང་མེ་བོའུ་སྒྱོགས་གསུམ་ཡོད་ན་ནི་རྒྱལ་ཁབ་བམ་རྒྱལ་པོའི་དབང་ཟིལ་ལ་དོ་བསྡོ་བར་འགྱུར་ཕྱིར། འབངས་མི་རྣམས་ལ་བདོག་པའི་རྣོ་ཞིང་སྲ་བའི་གསེར་དངུལ་ཟངས་ལྕགས་སོགས་མཚོན་ཆའི་རྒྱུ་ཆར་འགྲོ་རིགས་གཞུང་ལ་བཞེས། ཞུན་ལ་སྦྱངས། གཏེར་ལ་སྦས་ཏེ་ཕྱི་གོས་མ་གཏོགས་གོ་ཆ་མེད་པ། མཛུབ་གུ་མ་གཏོགས་མཚོན་ཆ་མེད་པ་བཟོས་དུས་སུ། མི་ཡི་རྗེ་པོ་ཐུགས་མི་འཁྲུགས་འོ་མི་བརྒྱལ་བར་བརྟན་བརླིང་མཁྲེགས་པོས་དབང་སྒྱུར་འཇུག་པ་བདེ་ཟེར་བ་དེའོ།།དེ་ལ་འདི་ཡང་ཟེར་ཏེ། འབངས་རྣམས་རྟག་ཏུ་གང་འདོད་པ།།སྒྲུབ་ཏུ་སྟེར་ན་བཙན་པར་འགྱུར།།འབངས་རྣམས་གང་ཞིག་མི་འདོད་པ།།སྒྲུབ་ཏུ་བཅུག་ན་ཞན་པར་འགྱུར།།ཞེས་གང་མི་འདོད་པ་བཙན་གྱིས་སྒྲུབ་ཏུ་འཇུག་པའི་བྱེད་སྟངས་འདི་ཉིད་རིང་བ་མིག་གིས་མཐོང་བ་མེད་ཀྱང་ཐུང་བ་རྣ་བས་ཐོས་པ་ཡོད་ཀྱི་རེད།


 གསུམ་པ་འབངས་ངལ་བར་བྱ་བ་ནི། བྲན་འབངས་རྣམས་སོས་དལ་བག་ཕེབས་མི་འོང་བ་ངལ་དུབ་ཚད་མེད་ཀྱི་གནས་ལ་གཏད་དེ་རྣམ་ཀུན་རང་དགར་འདུག་བཟོད་མི་བདེ་བར་བྱ་བ་སྟེ། ཆེ་ན་སྤྱི་པའི་ཕན་བདེ་ལ་བསྙད་བཏགས་ཏེ་ས་རྐོ་རྡོ་སློག་གང་ཆེ་རྩོམ། ཆུང་ན་སོ་ནམ་མ་གཏོགས་བགྱི་བ་གཞན་སྟེར་བར་མི་བྱ་བའོ།།སོ་ནམ་བྱེད་དུས་ཡིན་ཀྱང་ཡ་ཐོད་མིག་གཉིས་གཟུགས་ལ་གང་འདོད་མི་གཡེང་བ། ཟུར་འགྲེང་རྣ་གཉིས་སྒྲ་ལ་ཅི་འདོད་མི་གཏོད་པ། ཟ་བྱེད་ཁ་བུག་ངག་ལ་སྨྲ་བ་མི་མང་བ། སེམས་པ་རྩེ་གཅིག་ལས་ཀར་གཞོལ་བ་དགོས་ཟེར་ཏེ། འཛད་མེད་བྱ་གཞག་ལས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བའི་དཔེ་བོང་བུ་འཐག་འཁོར་ཉིད་ལས་མ་འདས་པ། བདག་པོས་འཐག་ཕྱེ་འབོལ་པོ་ལྷུག་པོ་ལོན་ཕྱིར་བོང་བུའི་མཐོང་བ་རས་ནག་གིས་བསྒྲིབས། བོང་བུའི་ཐོས་པ་བལ་ནག་གིས་བརྫངས་ནས་འཐག་རྡོ་མཆིག་གུ་རང་མལ་དུ་འཁོར་འཇུག་པའི་ཐབས་ལྟ་བུའོ།།


བཞི་པ་འབངས་དབུལ་བར་བྱ་བ་ནི་འབྱོར་བས་སྟོང་པར་བྱ་བ་ལའོ།།གོ་བདེ་བར་ན། དབུལ་ཚེ་ཕྱུག་འགྱུར་ལས་ལ་བརྩོན།།ཕྱུག་ཚེ་རྒྱས་སྤྲོས་བྱེད་ལ་དགའ།།དེ་ནི་ཤིག་དང་ཁྱད་པར་མེད།།འབྱོར་ལྡན་གཏོང་ཕོད་མེད་པའི་འབྲུ།།གོ་ཐོབ་ལ་བརྗེ་དོད་དུ་ལེན།།ལྷག་མ་མེད་ན་སླར་ཡང་དབུལ།།དེའི་ཚེ་ལེ་ལོར་མི་འགྱུར་ཏེ།།རྒྱལ་འབྱོར་འབངས་འདུལ་གྲུབ་པ་ཡིན།།ཟེར་རོ།།འདིའི་གནད་ནི་དབུལ་ཕྱུག་བཙོག་པ་འཁོར་རྒྱུག་བཟོ་ཐབས་ཏེ། འབངས་དབུལ་པོ་དག་ཕྱུག་པོར་གྱུར་ཚེ་རྒྱས་སྤྲོས་ལ་ཆགས་ནས་ཤེད་ཤུགས་ཀྱི་ལས་མི་བྱེད་པ་ཤིག་འབུ་ཇི་བཞིན་གཞན་གྱི་ཁྲག་འཇིབ་ནས་བསྡད་འཇོག དེའི་ཚེ་དེའི་འབྲུ་ལྷག་རྣམས་ཐམས་ཅད་དགའ་བ་དང་མོས་པའི་དབང་ཆའམ་མཚན་གནས་གོ་ཐོབ་ལ་བརྗེ་རུ་བཅུག་ན་ཁོ་ཚོ་སྔར་བཞིན་དབུལ་པོ་ཆགས་འགྲོ་ལ། དེ་ལྟ་ན་ཡང་བསྐྱར་འབད་བརྩོན་བསྐྱེད་དེ་འབྱོར་ལྡན་གྱི་ལས་བྱས་ནས་འོང་། ཅིས་ཀྱང་འབངས་མི་རྣམས་དབུལ་པོ་བློ་ཐུང་། མེད་པོ་བྱ་སྨྱུང་། བཀྲེན་པོ་དབྱུག་པ་ཀེར་ལངས་ལྟར་འཚོ་ཚིས་ལྟོ་བ་མ་ལྟོགས་ཙམ་གྱི་མཐའ་ལ་སྡོད་འཇུག་པ་དེ་བཞིན། དབུལ་པོ་རྣམས་ནི་དབང་སྒྱུར་སླ།།ཞེས་པ་འདི་ཡང་། བླུན་པོ་རྣམས་ནི་དབང་སྒྱུར་སླ།།ཞེས་པ་ཇི་བཞིན་སྐབས་འདིའི་གནད་ཚིག་གཅིག་པུའོ།།


ལྔ་པ་འབངས་བརྙས་པར་བྱ་བ་ནི། འབངས་ལ་བརྙས་དམོད་ཀྱི་ཐབས་ཇུས་སྤྱོད་དགོས་པ་གནད་ཚིག་འདི་དག་གིས་བསྟན་ཏེ། བརྙས་ན་དཔོན་བརྩི། ཞེས་དང་། བརྙས་པས་གོ་ཐོབ་མཆོག་ཏུ་ལྟ། ཞེས་དང་། འབངས་མི་ཉེས་ཁྲིམས་ཀྱིས་བརྙས། འཐབ་ཚེ་འཐབ། སོགས་ཟེར་བ་བྲན་འབངས་སྐྱེ་བོ་དག་ལ་བརྙས་བཅོས་མ་བཏང་ན་རྒྱལ་པོ་རྒྱལ་པོར་དང་དཔོན་པོ་དཔོན་པོར་མི་མཐོང་། དཔོན་པོས་ཇི་ལྟར་བརྙས་བཅོས་ཀྱིས་ནི་དེ་ལྟར་དཔོན་པོར་བཀུར་འགྲོ་ལ། མཚན་གནས་གོ་ཐོབ་ཟིལ་ཤུགས་ཀྱི་དབང་གིས་གོང་ནས་འོག་དང་གཙོ་བོས་ཕལ་བ་གནོན་པའི་ཚུལ་མཐོང་ཚེ། ཐམས་ཅད་ཀྱིས་རང་ལའང་ཐོབ་གོ་ས་དེ་འདྲ་འཐོབ་པར་འདོད་དེ་གང་དེ་མཆོག་དང་རབ་དང་ཕུལ་དུ་ལྟ་བ་སྟེ། གོ་ས་འདོད་པ་མི་བུའི་རང་བཞིན་ལ་བསྙབས་འདུག་པའི་ངང་ཚུལ་དང་། དེ་ལའང་ཉེས་ཁྲིམས་ཕྱར་ཏེ་གཉའ་བ་བཅགས་ཚེ་རྒྱལ་པོས་འཐབ་མོ་འགྱེད་སྙམ་པ་ཅི་བསམ་གང་འདོད་དུ་འཐབ་ཆོག་གི་ཡོད་ཅེས་མི་རྣམས་ཉེར་སྤྱོད་ལག་ཆ་ཙམ་དུ་ངོས་བཟུང་ཡོད་པའོ།། ཡང་། ཡ་རབས་བཟང་པོས་འབངས་སྐྱོང་ན།།རྒྱལ་ཁབ་ཉམས་ཤིང་འཆོལ་བར་འགྱུར།།གཡོ་ཅན་གྱིས་སྐྱོང་འབངས་ཐུལ་ན།།རྒྱལ་ཁབ་སྟོབས་དང་ལྡན་པར་འགྱུར།།ཞེས་འབངས་རྣམས་མྱི་ངན་གཡོ་ཅན་གྱིས་འདུལ་དགོས་པར་བརྗོད་པ་འདི་ཡང་མི་བུ་མི་བུའི་ཚད་དུ་མི་འཛིན་པའི་བརྙས་དམོད་ཀྱི་དོན་དུ་གཏོགས་ལ། དེ་མཚུངས་བསྟན་དོན་གཞན་ཡང་ཡོད་པ། ནང་མི་ཕན་ཚུན་ལྐོག་ཞུའི་ལས་ལ་སྐུལ་ཞིང་ཉེས་པ་ལྕགས་ཐག་དགུ་སྦྲེལ་དུ་སོང་ན་ནི། ཁོ་ཚོའི་རྩིས་ཐང་ཉམས་ནས་རྣམ་པ་ཐམས་ཅད་དུ་འཇིགས་དངངས་ཀྱིས་འཚོ་དགོས་པས་དཔོན་པོ་དག་ལ་སྐྱབས་མི་རེ་ཐུ་མེད་ཡིན་སོགས་མང་དུ་ཡོད་ཚུལ་འདིའི་ལ་ཉེ་རྣམ་སྨིན་ད་ལྟའི་དུས་ནའང་མཐོང་ཐོས་དྲན་མྱོང་ཡོད་པ་སྨྲོས་ཅི་དགོས། ཆ་བཞག་ན། དབང་ཅན་རྒྱལ་པོ་དེ་ཚོས་རང་ཉིད་བསྐལ་པར་འཚོ་འདོད་དུ་འཆི་མེད་རིལ་བུ་སྒྲུབ་བཅུག་པ་གྲུབ་ཡོད་ཚེ། དཔེ་དེབ་མེ་དང་ཤེས་ལྡན་དུར་གྱི་བྱ་བྱེད་རྒྱུན་ཆགས་སུ་སོང་ནས་ཁོ་ཚོའི་བཀའ་རྒྱ་མ་འདི་མ་གཏོགས་ལྷག་ཡོད་ཀྱི་མ་རེད་ལ། ལྷག་པ་གང་ཞིག་ཕལ་པའི་མཐོང་ཐོས་སུ་འགྱུར་མི་དཔེ་བ་དེ་བཞིན། རང་རེའི་དབྱངས་གསལ་དུ་འགོད་པ་དེ་བས་ཀྱང་ངོ་།།


3.མཇུག་སྡུད་པ།

འབངས་འདུལ་མན་ངག་བཀའ་རྒྱ་མ་དེ་གོང་དུ་སོང་བའི་ལྔ་ཚན་དུ་མི་འདུ་མོད། འབངས་མི་ཁ་ལོ་སྒྱུར་བྱེད་ཀྱི་ཐབས་ཇུས་ལྔ་ཞེས་ཡོངས་གྲགས་ཡིན་ཕྱིར། ཁོ་བོས་འདིར་གནའ་སྐད་གོ་བདེར་བྱས་ནས་སྙིང་པོ་བསྡུས་པ་གནད་ཚིག་ཏུ་བརྗོད་དེ་གང་ལ་གང་འཚམས་ཀྱི་འགྲེལ་པའང་སོང་ཁུལ་ཡིན། ཚུལ་འདིར་ཐོས་པས་ཕྱུག་པའི་ཀློག་པ་པོ་དག་ལ་ནི་ཁོ་བོས་འདི་ཙམ་བྲིས་པའི་ཕན་ཆོད་དུ་ཚིག་གཞན་བརྗོད་པའི་དགོས་པ་མ་མཆིས་མོད། ཚུལ་འདིར་ཐོས་པས་དབུལ་བའི་ཀློག་པ་པོ་རྣམས་ལ་ནི་ངེས་པ་ལྷག་ཏུ་བསྐྱེད་ཕྱིར་སྐད་ཆ་འགའི་སྣོན་པའང་རྒྱག་རྒྱུ་ཡིན་ཏེ། མི་རྣམས་སྔོན་དུས་ཅིས་ཀྱང་དབང་སྒྱུར་གང་རུང་ཞིག་གི་འོག་ཏུ་བསྡད་བསྡད་ནས་འོངས། དེས་ན་དབང་སྒྱུར་པའམ་དབང་འཛིན་པ་ཁོ་ཚོའི་བསམ་སྤྱོད་ག་འདྲ་ཡིན་པ་དེང་དུས་ཀྱང་ཤེས་རྒྱུ་གལ་ཆེན་པོ་རེད། འདིར་བལྟས་འོང་ན། དབང་སྒྱུར་པ་ཚོས་ཁོ་ཚོའི་དབང་སྒྱུར་བདེ་བའི་ཕྱིར། ཐབས་ཚུལ་སྣ་དགུ་དང་བྱེད་སྟངས་འདྲ་མིན་སྤྱད་དེ་མི་རྣམས་དབང་འོག་ཏུ་བསྡུ་ཐབས་ལ། རང་ཚུགས་བསམ་གཞིག་མེད་པ་དང་། སྟོབས་ཤུགས་དཔུང་པ་ཞན་པ་དང་། འགྲོ་འོང་འདུག་བཟོད་མི་བདེ་དང་། རྒྱུ་ནོར་རང་དབང་བྲལ་བ་དང་། རྩིས་མཐོང་ཐོབ་ཐང་གཉའ་ནས་བཅགས་ཏེ་དབང་སྒྱུར་ཞིང་ས་ལེབ་ལེབ་ཅིག་བཟོས་འགྲོ་བ་རེད། སྒེར་གཅོད་དུ་གནས་པའི་ཡུལ་ཁམས་དང་སྒེར་གཅོད་དུ་གནས་པའི་གཞུང་དག་གིས་དངོས་བརྒྱུད་གང་རུང་ནས་ཚུལ་འདི་དོན་འཁྱོལ་བྱེད་སྲིད་པ་ཤེས་དགོས་པའི་གནད་དང་། ཐབས་ཚུལ་འདི་སོགས་མི་ལོ་སྟོང་ཕྲག་གི་ཡུན་ལ་ངག་ནས་གདམས། ལག་ཏུ་བསྟར། ཉམས་སུ་བླངས་ནས་འོང་སྟབས། དུས་ད་ལྟ་ཡིན་ཀྱང་ཤན་ཞུགས་རྣ་བས་ཐོས་རྒྱུ་དང་སྣང་ཚུལ་མིག་གིས་མཐོང་རྒྱུ་ཡོད་པ་དེ་བཞིན་ནོ།།


བྲན་གཡོག་དང་མཉམ་མིན་དང་སྒེར་གཅོད་དང་མི་བུས་སྐྱོང་གི་སྤྱི་ཚོགས་དེའི་ལྡོག་ཕྱོགས་ནི་རང་དབང་གི་འཚོ་བ་དང་། འདྲ་མཉམ་གྱི་གནས་སྟངས་དང་། དམངས་གཙོའི་ལམ་ལུགས་དང་། ཁྲིམས་སྐྱོང་གི་སྲིད་ལུགས་ཀྱིས་མཚོན་པའི་དཔལ་ཡོན་སྤྱི་ཚོགས་ཀྱི་ཁྱད་ཆོས་སུ་སོང་བ་དེ་སོགས་རེད། ད་ལྟར་རྒྱལ་ཁབ་ཏུ་འབོད་པ་འདི་སྔོན་དུས་རྒྱལ་པོའི་ཁབ་ཅེས་རང་རེའི་སྒྲ་བཤད་ལྟར་གྱི་ཡོད་ཚད་རྒྱལ་པོ་ཁོ་ན་ལ་གཏོགས་པའི་གོ་དོན་དུ་མི་གནས་ཏེ། (རྒྱལ་ཁབ་ཅེས་པ་ག་འདྲ་ཞིག་ཡིན་ནམ་ཞེས་པའི་རྩོམ་ཞིག་གཞན་དུ་བྲི་འཆར།) གནའ་སྐད་ཐ་སྙད་རྒྱུན་སྤྱོད་དུ་ཡོད་ནའང་གང་དེ་བློས་བཏགས་ཀྱི་བཀོད་པ་ཞིག་གམ་ངོ་བོ་གཏམ་རྒྱུད་ལ་སྒྲོ་བཏགས་པའི་དོན་སྤྱི་ཉི་ཚེ་བ་ཞིག་ལས་མ་འདས། དེ་ཡང་གན་ཆིངས་ཀྱི་སྤྱི་ཚོགས་ཞེས་མི་བུ་སྒེར་རེ་རེ་ལས་མ་གྲུབ་པ་མེད་པས་དོན་སྤྱི་ཉི་ཚེ་བའི་རྒྱལ་ཁབ་དེ་དང་མི་སྒེར་བར་ཕན་ཚུན་གན་ཆིངས་ཀྱི་འབྲེལ་བའི་ངོ་བོར་སོང་ཕྱིར། སྤྱི་དམངས་རྣམས་སྤྱི་དམངས་སོ་སོའི་བསམ་འདུན་ལྟརདབང་སྒྱུརགྱི་ཡོད་ལ། སྒེར་གཅོད་དུ་གནས་པའི་ལུང་པ་ཡིན་ན་དེར་ཟད་ཀྱི། དེ་མིན་རྒྱལ་པོ་དང་དཔོན་པོ་དང་འབངས་མི་དང་དབང་སྒྱུར་ཞེས་པའི་ཐ་སྙད་སོགས་ཀྱང་ལྷ་སྒྲུང་དང་གནའ་གཏམ་དུ་སོང་ཚར། གནའ་དུས་ནང་ལྟར་རྒྱལ་པོ་དང་དཔོན་པོ་ལྟ་བུའི་གོ་ས་མཐོན་པོར་བཞུགས་པ་རྣམས་ཀྱང་སྤྱི་དམངས་ཀྱི་ཞབས་ཞུ་པ་རང་ཡིན་ལ། རྒྱུ་མཚན་ནི་དེ་དག་སུ་ཞིག་དབང་ཆ་བདག་གིར་སྤྱད་དེ་སྒེར་གཅོད་བྱེད་པ་སྤྱི་དམངས་རྣམས་བློ་མོས་མེད་ན་ནི་དུས་དེ་ཤེད་དུ་གོ་གནས་ལས་དབྱུག་འགྲོ་བ་རེད། སྤྱི་ཚོགས་གནས་སྐབས་འདི་ལྟ་བུར་སོན་པ་ནི་མི་ལོ་བརྒྱ་ཕྲག་གི་ཡུན་ལ་མི་རྣམས་ཀྱི་གོ་རྟོགས་སད་རྐྱེན་ལས་ཏེ། མི་བུ་སུ་ཡིན་ཀྱང་གཞི་རྩའི་ཆ་ནས་བདེ་སྡུག་གཅིག་ཡིན་པ་དང་། ཁྲིམས་ཀྱི་མདུན་དུ་ཨ་འདྲ་གང་འདྲ་ཡིན་པ་དང་། ཐོབ་ཐང་དང་རྩིས་ཐང་བཙན་འཕྲོག་མི་རུང་བ་སོགས་ཀྱི་ངེས་ཤེས་རྙེད་པ་ཇི་བཞིན། སྐབས་འདིའི་རྨོངས་བྱ་ཞན་བྱ་ངལ་བྱ་དབུལ་བྱ་བརྙས་བྱ་བཅས་ཀྱི་བབ་ལས་ཐར་ནས་རང་བསམ་བསྟན་ན་ཆོག་པ། མི་བུའི་ཚུལ་དང་མཐུན་པ། རྒྱུ་འབྲས་དྲང་ལ་སྙོམས་པ། ཚེ་སྲོག་བརྩི་མཐོང་ཡོད་པ། རང་ཕན་དང་ཁེ་ཕན་སྒྲུབ་ཏུ་རུང་བའི་ལུགས་ཅན་དུ་བགྲོད་ཀྱི་འདུག་སྟེ། དེ་སོགས་གཞན་དང་གཞན་ནས་རྟོགས་ན་ལེགས་ཞེས་ཞུས་པ་ཡིན་ནོ།།


                               2024.9. 17~24

______དྲ་རྩོམ་སྒྱུར་འགྲེལ། ཞོགས་དུང་།
 



No comments:

Post a Comment

Adbox