གཅེས་ཕྲུག ངས་ཁྱེད་ཅག་ལ་ནུབ་ཕྱོགས་དཔལ་ཡོན་དང་འབྲེལ་བའི་ལེགས་སྐྱེས་་ཤིག་སྟེར། ཁྱེད་ཀྱི་བསམ་པར། རྒད་པོ་འདིས་ནུབ་ཕྱོགས་རྒྱལ་ཁབ་རྐང་བས་བསྐོར་བའི་གཏམ་རྒྱུད་ཡག་ཐག་ཆོད་པ་ཞིག་ལབ་ཡོང་འདོད་ཀྱིན་ཡོད་ནའང་། ང་ནི་རང་གི་རྐང་བ་རང་ལ་མི་དབང་བའི་མི་ཕལ་བ་ཞིག་སྟེ། ཕ་ཡུལ་ལུང་བ་ཡང་བརྒལ་མ་མྱོང་བས་མི་ཡུལ་ས་མཐའ་ཟེར་བ་ནི་དེ་བས་ཀྱང་ངོ་།།
གཅེས་ཕྲུག ང་ཚོས་ནུབ་ཕྱོགས་དཔལ་ཡོན་གྱི་དགེ་འབྲས་བག་མེད་དུ་ལོངས་སྤྱོད་བྱེད་བཞིན་ཡོད་ནའང་། གང་ནི་ནུབ་ཕྱོགས་དཔལ་ཡོན་དང་། དེ་ནི་གང་ནས་བྱུང་བ། དེས་འབྲས་བུ་ཇི་འདྲ་བསྐྱེད་ཡོད་མིན། དེས་འགྲོ་བ་མི་ལ་བདེ་འམ་སྡུག་བསྔལ་གང་ཞིག་སྟེར་བ། རང་ཅག་ནི་གང་ལ་ཡིད་ཆེས་བྱས་ཏེ་རྗེས་སུ་འབྲང་དགོས་པ་སོགས་མང་པོ་ཞིག་ལ་བསམ་བློ་མི་གཏོང་རང་དབང་མི་འདུག་པས་ཚིག་གསུམ་སྙིང་ཐིག་མ་འདི་ལ་ཉོན་དང་། བྲིས་ཚད་སྐྱོན་མེད་པའི་གདེང་ཚོད་མེད་ཀྱང་བློ་དཀར་སེམས་དཀར་ཡིན་པ་མཆོག་གསུམ་དཔང་དུ་འཇོག་ཆོག
༢
ནུབ་ཕྱོགས་རིག་གནས་ཟེར་བ་ཧ་ཅང་གཞི་རྒྱ་ཆེན་པོ་ཡིན་མོད་ཀྱང་མདོར་བསྡུས་ན་རྩ་བ་གཅིག་ལ་ཡལ་ག་གསུམ་སྟེ། དེ་ཡང་། ནུབ་ཕྱོགས་དཔལ་ཡོན་ཟེར་བའི་ཡལ་ག་ནི། གྷི་རིག་ཡུལ་གྱི་རིག་གནས་རླབས་པོ་ཆེ། རོམ་ཞེས་ལམ་ལུགས་ཡ་མེད་སྲོལ་བཏོད་མཁན། ཡེ་ཤུ་ཆོས་ཀྱི་སྙིང་སྟོབས་བཅས་པ་ལས། ནུབ་ཕྱོགས་དཔལ་ཡོན་ཟེར་བའི་བསྐལ་བ་ཤར། འདི་གསུམ་ནོར་བ་མ་བྱུང་ན་ནུབ་ཕྱོགས་རིག་གནས་ལ་གོ་བ་རགས་ཙམ་ལོན་པ་མཁས་པས་གསུངས།
འོ་ན། གྷི་རིག་ཟེར་བའི་གཡང་ས་དེ་ནི་ཐོན་ཁུངས་ཕུན་སུམ་ཚོགས་པ་མིན་པ་མ་ཟད་ཀྱི་ཁ་ལྟོ་གཞན་ལ་རེ་དགོས་པ་ཞིག་ཡིན། དེ་ལྟར་ནའང་། རྒྱུ་རྐྱེན་གང་རུང་གིས་ས་དེ་ནི་འཛམ་གླིང་གི་མིག་དཔེ་རུ་གྱུར་བ་རེད། མང་མང་གིས་བཤད་ན། དེ་ནི་འཛམ་གླིང་གི་མང་གཙོའི་འབྱུང་ཁུངས་ལྟ་བུར་འདོད་མོད། བདག་གི་བསམ་པར། གྷི་རིག་གིས་བཞག་པའི་བྱས་རྗེས་རླབས་པོ་ཆེ་དེ་གང་ཞེ་ན། དེ་ན་ཁོ་ཚོའི་མཚན་ཉིད་ཀྱི་ལྟ་གྲུབ་དང་སྒྱུ་རྩལ་ཡིན། ཅིག་ཤོས་ནི་རིགས་པ་ཞིབ་ཚགས་ཀྱིས་གྲུབ་པའི་རིག་གཞུང་དང་ཅིག་ཤོས་ནི་ཚོར་བ་སྐྱེན་པོས་བཞེངས་པའི་སྒྱུ་རྩལ།
དེ་ཡང་། མང་མང་གིས་བཤད་པ་ལྟར། སྤྱན་ཟུང་སྟོང་བའི་དབྱིངས་སུ་གཏད་པའི་མི་རིགས་ནི་ཤིན་ཏུ་ནས་རླབས་ཆེན་པོ་ཡིན་པར་འདོད་པ་ཇི་བཞིན་དུ། གྷི་རིག་གི་མཚན་ཉིད་ལྟ་བ་གཙོས་པའི་རིག་གནས་རྣམ་པར་བཀྲ་བ་དེས་འཛམ་གླིང་ཧྲིལ་བོའི་སྒང་ནས་གང་སུ་ཡང་རུང་བས་འགྲན་དུ་མེད་པའི་གོ་གནས་མཐོན་པོ་བཟུང་ཡོད་པ་ཀུན་གྱིས་ཁས་ལེན་པ་ལྟར། ཁོང་ཅག་གི་སྒྱུ་རྩལ་ཏེ་བྲིས་འབུར་གཉིས་ཀྱི་ལམ་ནས་བཞེངས་པའི་ངོ་མཚར་བའི་སྒྱུ་རྩལ་བརྩམས་ཆོས་དེ་དག་གི་ཤན་སྟོབས་ནི་སྒང་བ་བོད་པ་བཅས་པའི་མི་རིགས་མང་བོའི་ཁང་བ་གསར་བཞེངས་བྱེད་སྐབས་ཀྱི་མཛེས་ཉམས་མངོན་སྟངས་ཚུན་ཆད་ནས་ཀྱང་གསལ་བོ་ཤེས་ཐུབ། ནུབ་ཕྱོགས་དཔལ་ཡོན་གྱི་མ་ཡུམ་ལྟ་བུའི་རིག་གནས་འདི་ལ་གནའ་ནས་ད་བར་དུ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཐལ་མོ་སྙིང་ཀར་སྦྱར་ནས་བཀའ་དྲིན་ཞུ་ཡི་ཡོད།
ཁོང་ཚོའི་རིག་གནས་ཀྱིས་ཕྱིས་བྱུང་འགྲོ་བ་མང་བོའི་རྒྱུད་ལ། མི་ནི་འདྲ་མཉམ་ཡིན་པའི་བག་ཆགས་དང་མིའི་འཚོ་བ། མིའི་བསམ་བློ། མིའི་ལུས་པོ། མིའི་ཚོགས་སྡེ་སོགས་འགྲོ་བ་མི་དང་འབྲེལ་བའི་ཡོད་ཚད་ནི་བླ་ན་མེད་པ་སྟེ། ལྷ་ཆེན་པོ་ཇི་བཞིན་གུས་ཞེད་ཚད་མེད་གནང་ཆོག་ཆོག་གི་ལྟ་ཚུལ་བཞག་ཡོད། གང་གིས་མཚོན་ཐུབ་ཅེ་ན། ལྷ་ཆེན་པོ་ལ་གུས་ཞེད་དང་དེ་བཞིན་ཚེ་སྲོག་གི་སྙིང་བོ་ལེན་འདོད་ཀྱི་ཀུན་སློང་མཚོན་པའི་སྒྲུང་རིངཡེར་ནུ་ཡ་ཐྲི་དང་། མི་ཡི་ཡོད་ཚད་སྲོག་ཤིང་དུ་འཛིན་ཞིང་འཇིག་རྟེན་དངོས་ཡོད་ལ་གདོང་གཏུག་པའི་ཨོ་ཏྲི་སེ།
༣
གཅེས་ཕྲུག ང་ཚོ་ལ་བཞག་པའི་སློབ་གསོའི་བག་ཆགས་ལྟར་ན། རོམ་ཞེས་གླེང་མ་ཐག་ཏུ་སྟོབས་ཀྱི་འཁོར་ལོས་ས་གཞི་ཆེན་པོ་དབང་དུ་བསྒྱུར་བའི་དཔའ་ངར་ཡ་མེད་ཀྱི་དམག་དཔུང་ཙམ་ལས་སེམས་ལ་འཆར་རྒྱུ་མེད་ནའང་། དོན་དུ། རོམ་ནི་ཧ་ཅང་གི་གལ་བོ་ཆེ་དང་རླབས་ཆེན་པོ་ཡིན་ས་རེད། གང་དེས་མཐོ་སྙེམ་མེད་པར་རྒྱལ་ཁབ་དང་མི་རིགས་གཞན་གྱི་ཁྲིམས་དང་སྲོལ་གྱི་ལེགས་ཆ་ཕྱོགས་གཅིག་ཏུ་བསྡེབས་ནས་ཁྲིམས་ཀྱི་ལམ་ལུགས་སྔར་མེད་རླབས་ཆེན་ཞིག་གསར་བཏོད་བྱས་པ་རེད། དེ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ལུགས་ཡིན། དེང་སང་ང་ཚོའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་སྤྱི་མཐུན་རྒྱལ་ཁབ་མང་བོ་ནི་རྫུན་མ་སྟེ་ལུག་ལྤགས་གྱོན་པའི་སྤྱང་ཀི་ཡིན་པ་ཤེས་དགོས་སོ།
གལ་ཏེ། ཁྲིམས་ལུགས་ཡག་པོ་ནི་མི་རྣམས་བདེ་ཞིང་སྐྱིད་པའི་རྒྱུ་གལ་ཆེ་ཤོས་ཤིག་ཡིན་ན། མི་རྣམས་ནི་ཅིས་ཀྱང་འདུས་སྡོད་མི་བྱེད་རང་དབང་མེད་པ་ཡིན་ན། འདུས་སྡེ་ཤིག་ལ་འདི་ཡིན་དེ་མིན་དང་སྤང་བླང་འཇུག་ལྡོག་གི་བསླབ་བྱའམ་ཚད་གཞི་རེ་དགོས་ཚེ། གནས་ལུགས་དང་མི་འགལ་ལ་ཆོས་ཉིད་དང་ཡང་མི་འགལ་བའི་ཁྲིམས་ཤིག་གཏན་འབེབ་དགོས་པ་སྙོན་དུ་མེད། དེས་ན། དཔལ་ཡོན་གྱི་འཚོ་བ་རོལ་བཞིན་པ་དང་། ལམ་ཁ་དེ་ལ་སྙེག་གིན་པ་དང་བསྙེག་འདོད་ཀྱི་སྐྱེ་འགྲོ་སུ་ཡིན་ཡང་ཆོག ང་ཚོས་རོམ་ལ་བཀའ་དྲིན་ཞུ་དགོས་ཐུག་པ་རེད། གང་ཟེར་ན། ང་ཚོའི་གནས་བབ་ནི་འདི་ལྟ་སྟེ། ཡང་མིན་ན་རོམ་གྱི་བཀའ་དྲིན་ལས་མཆེད་པའི་ཁྲིམས་ཀྱི་དཔལ་ཡོན་ལ་རོལ་བཞིན་ཡོད་པ་དང་། ཡང་ན་དེའི་ཤེས་རབ་དང་སྙིང་སྟོབས་ལ་ནང་རྒྱུས་ལོན་ནས་སེམས་ལ་རེ་བས་ཁེངས་ཡོད་པ་ཤ་སྟག་ཡིན། དེ་ཡང། མཁན་ཆེན་ངག་དབང་གྲགས་པའི་མངའ་རིས་ཆོས་འབྱུས་ལས། དགེ་བའི་ཁྲིམས་ཀྱིས་འཇིག་རྟེན་བུ་ལྟར་སྐྱོང་བ་དང་།། རྩོད་པའི་ཆོས་ཀྱིས་འབངས་རྣམས་ཏིལ་བཞིན་འཆིར་བ་ལས།། བདེ་དང་སྡུག་བསྔལ་ས་བདག་མཛད་པའི་རྗེས་འགྲོའི་ཕྱིར།། བདག་པོའི་སྐྱོང་ཞེས་འཇིག་རྟེན་དག་ན་བརྗོད་པ་ཡིན།། ཞེས་གསུངས་པ་ལྟར། ལས་དབང་ཁོ་ན་ལ་རེ་ནས་ཆོས་ཀྱི་རྒྱལ་པོ་རེ་ཨེ་འཁྲུངས་ཀྱི་རེ་བ་སྙིང་ནས་ཆེ་ཞིང་དེ་ལྟར་བྱུང་ན་སྐྱིད་ཀྱི་སྣེ་མོ་ཙམ་ཟིན་སྲིད་པ་དང་། མ་བྱུང་ན་སྡུག་གི་མཆི་མ་ཁོག་ཏུ་མིད་དགོས་ཐུག་པའི་གཞན་དབང་ཁོ་ན་ལ་རེ་བའི་གནས་བབ་ལ་བསམས་ན།ཁྲིམས་ལུགས་ཡག་པོས་སྟངས་འཛིན་ཡོད་པའི་ལམ་ལུགས་ནི་ནུབ་ཕྱོགས་དག་པའི་ཞིང་དང་ཁྱད་པར་ཅི།
༤
རེད་ཡ། རྒད་པོས་མི་ཤེས་ཤེས་ཁུལ་བྱས་ནས་མང་བོ་ལབ་སོང་། ཁྱེད་ཅག་སུན་གྱིན་ཡོད་དམ། ད་ནི་ཡེ་ཤེས་ཆོས་ཀྱི་སྙིང་སྟོབས་གླེང་བར་བྱའོ།
བདག་གིས་ཤེས་གསལ་ལྟར་ན། ནུབ་ཕྱོགས་པའི་རང་དབང་འདྲ་མཉམ་གྱི་ལྟ་བའི་ཁུངས་གཏུག་ས་ནི་ཡེ་ཤེས་ཆོས་ཀྱི་དགོངས་པ་རེད། འགྲོ་བ་ཐམས་ཅད་ལྷ་ཆེན་པོས་བཟོས་པ་ཡིན་པས་ང་མཆོག་ཁྱོད་དམན་སོགས་རིགས་རུས་ཀྱི་ཁྱད་པར་མེད་དེ་འདྲ་མཉམ་ཡིན།འདི་དང་འགལ་ན་ཡོད་ཚད་དང་འགལ་སོང་བར་འདོད་པས་ཧ་ཅང་གལ་ཆེ། སྤྱིར་ཡིན་ན། ནུབ་ཕྱོགས་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེ་ཤོས་ནི་ཆོས་ཀྱི་སྙིང་སྟོབས་ཡིན།
རྒྱ་ནག་གི་མཁས་པ་རེ་འགས་གསུངས་པ་ལྟར། ཡེ་ཤེས་ཆོས་ལུགས་ལ་དད་པ་བརྟན་པོ་མ་ཆགས་ན་བདེ་བའི་བསྐལ་བ་ནམ་ཡང་མེད་པར་འདོད་ནའང་། རྒད་པོ་ངའི་བསམ་ཚུལ་ལ། འགྲོ་བ་སེམས་ཅན་འདྲ་མཉམ་དུ་ལྟ་བའི་ཆོས་སམ་རིག་གཞུང་ཡོད་ཚེ་ནུབ་ཕྱོགས་དཔལ་ཡོན་ནང་འདྲེན་བྱེད་སླ་བོ་དང་། དེ་མེད་པའམ་དེ་ལྟར་ཁས་མི་ལེན་ན། ནུབ་ཕྱོགས་དཔལ་ཡོན་ནི་ཤ་ནང་གི་ཚེར་མ་དང་མིག་ནང་གི་ལིང་ཏོག་རེད། རང་རེའི་ཆོས་དང་རིག་གཞུང་གང་གི་ཆ་ནས་བལྟས་ཀྱང་ནུབ་ཕྱོགས་དཔལ་ཡོན་དང་ཆུ་ལ་ཆུ་བཞག་མར་ལ་མར་བཞག་གི་ཚུལ་དུ་ཡོད་པ་ཐེ་ཚོམ་མེད།
༥
གཅེས་ཕྲུག་ཚོ། རྒད་པོ་ངས་ཧ་ཅང་བསྡུས་པའི་ངང་ནས་ནུབ་ཕྱོགས་དཔལ་ཡོན་རགས་ཙམ་གླེང་བ་ཡིན། དཔལ་ཡོན་འདིའི་ཆགས་རིམ་ཁྲོད་མི་དུང་ཕྱུར་མང་བོའི་འཚོ་བའི་ཉམས་མྱོང་དང་སྐྱིད་སྡུག་གི་རི་མོ་བྲིས་ཡོད། བསམ་བཞིན་དང་བསམ་བཞིན་མ་ཡིན་པར་གང་ཡང་རུང་སྟེ་དོན་རྐྱེན་མང་བོས་ནུབ་ཕྱོགས་དཔལ་ཡོན་ལ་ཤན་ཤུགས་ཐེབས་ཡོད། ལྷག་ཏུ་འགྲོ་བའི་དཔལ་དུ་ཤར་ཞིང་ཤེས་ཡོན་གྱིས་ཕྱུག་པའི་བདག་ཉིད་ཆེན་པོ་མང་བོའི་ཐུགས་སྟོབས་དང་ཡེ་ནས་ཁ་འབྲལ་ཐབས་མེད།
གཅེས་ཕྲུག ཁྱེད་ཅག་ལག་ཆགས་པ་དང་ཤེས་རིག་འཚོལ་བསྙེག་གི་གོ་རིམ་ཁྲོད་དུ་དམ་པ་མང་བོ་དང་མཇལ་སྲིད། བདག་གི་སེམས་སུ། ཁོང་རྣམ་པ་ནི་ཡུལ་ཁམས་རིས་མེད་ཀྱི་འགྲོ་བའི་སྡུག་བསྔལ་སེལ་ཕྱིར་བསམ་བཞིན་མི་ཡུལ་ལ་འཁྲུངས་པ་ཡིན་ངེས་པའི་དད་པའམ་ཡིད་ཆེས་བརྟན་པོ་ཡོད།
དེ་ཡང་། ཁྲིམས་ལུགས་ནི་གསར་དུ་བཟོས་པ་མིན་པར་རྙེད་པ་སྟེ། སྔར་གྱི་སྲོལ་དང་ཉམས་མྱོང་དང་། གཞིའི་གནས་ལུགས་ལས་ཐོན་པར་འདོད་པའི་ལྟ་བ་ཐོག་མར་འདོན་མཁན་སའོ་ལོང梭伦སྟེ་གྷི་རིག་གི་མཛངས་མི་བདུན་གྱི་ཡ་གྱལ། གྷི་རིག་གི་བཅོས་བསྒྱུར་བ་དང་དབང་བསྒྱུར་བ། ཁྲིམས་ལུགས་རིག་པ་བ་ཡིན།
དུས་རབས་བཅུ་དྲུག་པའི་འགོ་ཙམ་ལ། དབྱིན་ཇིའི་སྐུ་དྲག་ཚོགས་པ་ཞིག་གིས་རྒྱལ་པོ་ལ་འབའ་གན་བཟོས་པ་མ་ཟད་དེའི་ངོས་སུ་ས་ཡིག་བཀོད་དུ་བཅུག དེ་ནས་བཟུང་རྒྱལ་པོའི་དབང་ཆ་ཁྲིམས་འོག་ཏུ་གནས་དགོས་པའི་སྲོལ་བཏོད། དེ་ལ【ཁྲིམས་རྩ་ཆེན་མོ】(大宪章)ཟེར།
ཡང་མི་ལོ་གང་འཚམས་འགོར་རྗེས། རྒྱལ་པོ་འཁོར་དང་བཅས་པས་འབའ་གན་སྣང་མེད་དུ་གཡུག་འདང་ཡོད་ནའང་། ཁུ་ཁུ柯克ཟེར་བའི་ཁྲིམས་དཔོན་བླ་ན་མེད་པ་དེས་སླར་ཡང་དབང་ཆ་ཁྲིམས་འོག་ཏུ་བཅུག 【ཁྲིམས་རྩ་ཆེན་མོ】ལས་སྤྱི་ཚོགས་ཀྱི་སྒྲིག་གཞི་གསར་བ་དང་རྒྱལ་ཁབ་སྐྱོང་སྟངས་གསར་བ་ཞིག་གི་སྲོལ་བཏོད། དབྱིན་ཇི་ནི་དེང་རབས་ནུབ་ཕྱོགས་དཔལ་ཡོན་གྱི་འགོ་ཁུངས་ཡིན་པས། གང་དེའི་བྱུང་བ་དང་རྒྱབ་རིས་ལ་ཇི་ལྟར་རྒྱུས་ལོན་ཡག་པོ་བྱུང་ན་དེང་རབས་དཔལ་ཡོན་གྱི་རྩི་དེ་རང་ཉིད་ལ་དེ་ལྟར་བསྒོ་ཐུབ། དེང་རབས་ཁྲིམས་སྲིད་ཀྱི་གཞུང་ལུགས་དང་ལམ་ལུགས་ཡོད་ཚད་འདི་ནས་མགོ་འབུས་པ་ཡིན་ལ་ཁྲིམས་སྐྱོང་གི་སྲོལ་རྒྱུན་ཟེར་བའང་འདི་ནས་འགོ་བཟུང་བ་ཡིན་པས་ལྷག་ཏུ་ངོ་སོ་བསྟོད།
འཛམ་གླིང་འདི་ལ་སྲིད་གཞུང་མང་བོ་ཡོད། དེའི་ནང་དུ་མི་དུང་ཕྱུར་བདུན་ཅུ་ལྷག་གིས་འཚོ་བ་རོལ་གྱིན་ཡོད། ཡིན་ནའང་སྲིད་གཞུང་ཞེས་པའི་རྟོག་བཏགས་ཀྱི་ཐ་སྙད་འདི་ལ་བསམ་མནོ་ཞིབ་ཏུ་བཏང་དང་གཏོང་གིན་པ་ག་ཚོད་ཡོད། སྲིད་གཞུང་ནི་ཆག་མཆན་ལས་བྱུང་བ་དང་། ཆོག་མཆན་མ་ཐོབ་པའམ་བཙན་དབང་ལས་བྱུང་བའི་སྲིད་གཞུང་ནི་ཁྲིམས་མཐུན་མིན་པས་རྩད་རྫོགས་ཆོག་པ་དང་།མི་མི་འདྲ་མཉམ་ཡིན་ལ། སོ་སོའི་རེ་འདོད་འདུས་སྤྱི་ལས་མངོན་འགྱུར་ཡོང་བའི་རེ་བ་ཡོད་པས་འབའ་གན་བཞག་སྟེ་ཆབ་སྲིད་ཀྱི་འདུས་སྡེ་བཟོས་པ་ནི་བླ་ན་མེད་པའི་འབའ་གན་གྱི་སྙིང་སྟོབས་ཡིན་པའི་ལྟ་བ་ཐོག་མར་འདོན་མཁན་འཇོན་ལོ་ཀའི【སྲིད་གཞུང་གི་རྣམ་བཤད】(政府论 约翰.洛克著)ནི་འཇིག་རྟེན་སྲིད་ལུགས་ཀྱི་བསྟན་བཅོས་ཆེན་མོ་ཡིན།
མི་རྣམས་གསར་བ་ཞེས་པ་ལ་ཞེ་དྲག་དགའ་བོ་ཡོད་པས། ནམ་ཡང་རྙིང་བ་རྩད་རྫོགས་དང་གསར་བ་བཞེངས་པ་ལ་དགའ་བའི་བསམ་བློའི་འུར་ཟིང་སྐྱེས་དང་སྐྱེ་གིན་ཡོད། དག་ཞིང་བསྒོམས་ནས་དམྱལ་བ་དངོས་མཐོང་གི་བྱུང་བའང་ཆད་སོང་བ་མེད། དེ་ལྟར་སྲུང་འཛིན་རིང་ལུགས་ཞེས་ཐལ་མཐར་མ་ལྟུངས་པའི་བར་གནས་ཀྱི་རིང་ལུགས་ཤིན་ཏུ་ནས་ཀྱང་གལ་ཆེ་ལ་ཡག་པོ་ཞིག་བྱུང་བ་རེད། འདི་ཡི་སྲོལ་འབྱེད་མཁན་ཨེ་ཏྲིན་མོན་བྷོར་ཁུ་ལགས་ཀྱིས་བརྩམས་གནང་བའི【ཧྥ་རན་སིའི་གསར་བརྗེ་ཆེན་མོའི་ཕྱིར་རྟོག་རེག་ཟིན】(法国大革命反思录 艾德蒙.柏克著)ནི་ས་གཞི་གསེར་གྱིས་གང་ཡང་བླུ་མི་ཐུབ་པའི་བསྟན་བཅོས་ཡིན།
ཕྱི་ལོ་༡༧༨༧ལོར་མི་བུ་སྐོར་ཞིག་གིས་རྒྱལ་ཁབ་ཅིག་ལ་རྩ་ཁྲིམས་བཟོ་འདོད་ཀྱིས་ཕྱོགས་གཅིག་ཏུ་འདུས། རྩོད་པ་བྱས་བྱས་པའི་མཐར་མངའ་སྡེ་བཅུ་གསུམ་ལས་གྲུབ་པའི་སྤྱི་མཐུན་རྒྱལ་ཁབ་ཚུགས་པ་རེད། དེ་ནས་བཟུང་འཛམ་གླིང་གི་རྩེ་དང་ཏོག་དང་ཕུལ་དུ་གྱུར་བའི་སྐད་གྲགས་ཆོད་པའི་རྒྱལ་ཁབ་དེ་ལམ་དུ་བུད་པ་རེད། ཚོགས་འདུ་དེ་ལ【རྩ་ཁྲིམས་བཟོ་བའི་ཚོགས་འདུ】(ཡོངས་གྲགས་སུ་དེ་ལྟར་བརྗོད་ནའང་། དོན་དུ་ཚོགས་འདུ་འདི་བརྒྱུད་ནས་ཨ་རིའི་རྩ་ཁྲིམས་ཀྱི་ཕྱི་མོ་ཙམ་བཟོས་ཏེ་མངའ་སྡེ་སོ་སོ་ལ་གྲོས་སུ་བཏབ་པ་ཙམ་ཡིན།)ཞེས་སྙན་གྲགས་ཤིན་ཏུ་ཆེ་བའོ།
ཡང་། རྩ་ཁྲིམས་གསར་བཟོའི་སྐབས་སུ་དཀའ་ཉོག་རབས་དང་རིམ་པ་བསྟུན་མར་བྱུང་། སྐྱེས་ཆེན་གསུམ་གྱིས་རྒྱལ་ཁབ་ཀྱི་ངོ་བོ་དང་སྲིད་གཞུང་གི་དགོས་པ། སྲིད་གཉེར་བའི་སྤང་བླང་། དབང་ཆའི་མཚམས་ཚིགས་སོགས་མང་བོ་ལ་བསམ་བློ་ནན་གྱིས་བཏང་སྟེ【ཆད་སྦྲེལ་རིང་ལུགས་པའི་གསུང་རྩོམ་ཕྱོགས་བསྒྲིགས】①(联邦党人文集)ཟེར་བའི་ཤེས་རབ་བརྒྱ་སྟོང་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་བརྩམས་ཆོས་དེ་ཉིད་འཛམ་གླིང་མི་དམངས་ཀྱི་བགོ་སྐལ་དུ་ཕུལ་བ་རེད།
ཚོགས་སྤྱི་ལས་ཆ་ཤས་ཐོན་པའམ་ཆ་ཤས་ལས་ཚོགས་སྤྱི་གྲུབ་པར་འདོད་པའི་ལྟ་ཚུལ་གཉིས་ལས་སོ་སོ་སྐྱེ་བོའི་བདེ་སྡུག་ནི་གནམ་ས་བླ་འོག་བརྗེས་པ་ལྟ་བུ་བྱུང་། དེ་ཡང་དཀར་ནག་གི་ཤན་མ་ཕྱེས། བདེན་རྫུན་གྱི་ཐག་མི་ཆོད་པའི་བར་སྐབས་དེར། ཧེ་ཡེ་ཁུ་ཟེར་བའི་མཁས་པ་ཆེན་པོ་དེས་རྫུན་གྱི་རྔ་མ་བཅད།【 བྲན་འགྱུར་གྱི་རིམ་པ】(通向奴役之路 海耶克著)ཟེར་བའི་བསྟན་བཅོས་བླ་ན་མེད་པ་མཛད། ཐུན་མོང་ཟེར་བའི་རྫུན་གྱི་ར་བ་དགུ་སྐོར་ན་མགོ་རྨོངས་པའི་རྒྱལ་ཁབ་དང་མི་སྒེར་མང་བོ་ལ་འགྲོ་ལམ་གསལ་བོར་བསྟན་པ་རེད།
དེང་སང་མང་གཙོ་ཟེར་མཁན་ཧ་ཅང་མང་། ཡིན་ནའང་མང་གཙོ་ལ་དག་རྫུན་གྱི་ཁྱད་པར་ཡོད། མ་ཟད། མང་གཙོ་ནི་བདེ་སྐྱིད་འཚོལ་བའི་ཐབས་ཙམ་ལས་དམིགས་ཡུལ་མིན་པས་འདི་མེད་ན་དེ་མེད་པའི་ལྟ་བ་མཁྲེགས་པོ་འཛིན་མི་རུང་། མང་གཙོ་ལའང་སྐྱོན་ཆ་ཡོད་པ་ཁྲའོ་ཁེ་བེར་གྱི【ཨ་རིའི་དམངས་གཙོའི་རྣམ་བཤད】(论美国的民主 托克维尔著)ན་རིགས་པས་གཏན་ལ་ཕབ་ཡོད་པས་དེར་གཟིགས་ཤིག
གཅེས་ཕྲུག ཁྱེད་རང་རང་དབང་ལ་ཤིན་ཏུ་མོས་པ་ཇི་བཞིན་དུ་ང་རང་ཡང་དེ་ལྟར་རོ། འགྲོ་བ་སེམས་ཅན་ཀྱང་ཆོས་ཉིད་འདི་ལས་འདའ་བ་གཅིག་ཀྱང་མེད། ཡིན་ནའང་རང་དབང་ལ་དགའ་བས་རང་དབང་ཐོབ་སྲིད་པའི་ངེས་པ་མེད། དོན་གྱི་རང་དབང་མ་ཐོབ་ཚེ་གཞན་དབང་ཁོ་ནའི་དབང་དུ་ཤོར་འགྲོ་བ་འཛམ་གླིང་ལོ་རྒྱུས་ཀྱིས་ར་སྤྲད་ཟིན། དེའི་ཕྱིར། ཀོང་སི་ཏང་གི【གནའ་རབས་པའི་རང་དབང་དང་དེང་རབས་པའི་རང་དབང】(古代人的自由与现代人的自由 贡斯当著)ལ་ངེས་པར་དུ་ཞིབ་ཀློག་བྱེད་རོགས
གཅེས་ཕྲུག དེ་དང་དེ་བཞིན་གྱི་མི་བུ་རླབས་པོ་ཆེ་དང་དོན་རྐྱེན་གལ་ཆེན་པོ་ལོས་ཀྱང་ཡོད་དེ། ཁྱེད་ཅག་ལག་ཆགས་པའི་གོ་རིམ་ཁྲོད་ནས་འདི་ལས་མང་བའི་སྐྱེས་ཆེན་མང་བོའི་མཛད་པ་ལ་མཇལ་བའི་གོ་སྐབས་ཐོབ་སྲིད་ཀྱི་རེད། ད་དུང་རང་གི་རྒྱུད་ལ་ཡིད་གཉིས་ཐེ་ཚོམ་མི་དགོས་པའི་རིགས་པའི་གདེང་ཚོད་ཀྱང་རྙེད་ངེས་ཡིན།
གཅེས་ཕྲུག་ཚོ། ཁྱེད་ཅག་གཙང་མ་གཙང་རྐྱང་ངང་ལག་ཆགས་ཐུབ་པ་དང་། རང་ཉིད་གང་ལ་མོས་པ་དེ་ལ་ལོངས་སུ་སྤྱོད་པར་འགལ་རྐྱེན་བར་ཆད་མི་འབྱུང་བ་དང་སྐྱེ་འགྲོ་མང་བོར་ཕན་ཐོག་ཉི་ཟླ་ལྟར་འབྱུང་བའི་སྨོན་ལམ་འདེབས།
མ་འོངས་པ་ན། ཁྱེད་ཅག་འཛམ་གླིང་གི་ས་ཆ་གང་ལ་སོང་ན། སྐྱེས་ཆེན་དམ་པས་མཛད་པ་བསྐྱངས་པའི་གནས་བྱིན་ཅན་གང་དང་གང་དུ་འབྱོར་ན། སྐབས་དེར། རྒད་པོ་ངའང་ཁྱེད་དང་མཉམ་དུ་ཡོད་པར་སོམས་ལ་སྨོན་ལམ་ཡག་པོ་རྒྱག་རོགས་གནང་།
༢༠༢༤ / ༡༠ / ༧
①ཆད་སྦྲེལ་ནི་རྒྱའི་སྐད་དུ联邦ཡིན། རྒན་བྱང་སྐར་ལགས་ཀྱི་འགྱུར་ཡིན།
རྩོམ་འབྲི་མཁན། རྔ་བ་བུདྡྷ།
རྩོམ་ཁུངས། གཉའ་ཁྲི་བཙན་པོ།
No comments:
Post a Comment