རྒྱ་ཁ་སྲང་ཁའི་ཞིབ་ཆ་རྩོད་པ་ལས། །
མ་ཤེས་མ་མཐོང་བྱས་ན་སེམས་པ་བདེ། །
ཨུ་ཚུགས་བྱས་ཀྱང་འཐོབ་པར་མི་འགྱུར་ན། །
དང་བོ་ཉིད་ནས་ཆོག་ཤེས་སློབ་པར་བྱ། །
གཞན་དང་རྩོད་པ་སྣ་ཚོགས་བྱེད་པ་ལས། །
སེམས་བདེ་ཞི་མཐུན་བྱུང་ན་མི་དགའ་འམ། །
རང་གི་བསམ་ཐོག་ཇི་བཞིན་མི་ཡོང་ན། །
དོན་དེ་སེམས་ནས་འདོར་བ་མི་ལེགས་སམ། །
སྐྱེ་བ་འདིར།
ཡོང་བའི་ཚེ་ན་གཙང་མ་ཡིན་ལ།
འགྲོ་བའི་ཚེ་ནའང་ལག་སྟོང་སྟེ།
རྩྭ་རྐང་གཅིག་ཀྱང་འཁྱེར་ས་མེད།
དེ་བས་ཅི་ཞིག་རྩོད་ཨང་།
རྒྱུ་འབྱོར་ལོངས་སྤྱོད་ནི་ནམ་མཁའི་སྤྲིན་དང་འདྲ།
སུ་ལ་ལེ་བདའ་བྱེད་དམ།
འཐོབ་ཤོར་མཐའ་དག་ལས་ཀྱི་བསྐོས་ཐང་རེད།
ཅི་ལ་ཁོང་ཁྲོ་སྐྱེའམ།
ཁོང་ཁྲོས་ལུས་ཕུང་ལ་གནོད་ན་སྡུག་འཁུར་མཁན་རང་ཉིད་རེད།
ང་ཚོ་ཚང་མ་གནམ་སའི་མཚམས་ཀྱི་འགྲོན་པོ་སྟེ།
རྟག་བརྟན་གྱི་ཚེ་སྲོག་ཅིག་མེད།
མ་ཤི་གསོན་ཐུབ་པ་ནི་ལས་བསོད་ཆེན་པོ་རེད།
བདེན་བདེན་རྫུན་རྫུན་གྱི་འཇིག་རྟེན་དུ།
འབད་པས་སེམས་སྐྱིད་ན་དེ་གས་འཐུས།
བཅོས་མ་དང་བདེན་པ་འདྲེས་པའི་མི་སེམས་ལ།
ལེ་བདའ་དང་འཁང་ར་མེད་ན་དེ་གས་ཆོག
ང་ཚོ་གསོན་པ་ཐེངས་གཅིག་ཙམ་རེད།
སྐྱོ་སྡུག་མང་བོ་ཅི་ལ་སྐྱེས།
སེམས་སྐྱིད་ལ་རོལ་ཐུབ་ན། གདོང་ལ་སྐྱོ་གཉེར་མ་བསྡུ་རོགས།
སེམས་ནས་བྲ་ཞིང་འདོར་ཐུབ་ན། ཞེན་ཆགས་དེ་ཙམ་མ་གནང་རོགས།
རང་ཉིད་ཚད་ལྡན་ཞིག་བྱས་ཏེ། རང་གི་རྐང་འོག་གི་ལམ་ལ་བསྐྱོད་ཅིག
གཞན་ལ་གནོད་པ་མི་བྱེད་ཅིང་། བསླུ་བྲིད་གཏོང་རེས་མ་བྱེད།
ཉོག་དྲ་མེད་པའི་མི་ཞིག་བྱ་ཞིང་།
ལྷག་བསམ་རྣམ་དག་གིས་གཞན་ལ་འགྲོགས་རོགས།
བརྩེ་དུང་དང་བྱ་བ་གང་ཡིན་ཡང་།
ཨུ་ཚུགས་ཀྱིས་རེ་བ་དང་ནན་ཏན་གྱིས་འགོག་མི་རུང་།
ཡོང་འོས་པ་དེ་ཡོང་སྲིད་ལ། འགྲོ་འོས་པ་དེ་བུད་འགྲོ།
ཐམས་ཅད་རང་བྱུང་གི་ཆོས་ཉིད་ལ་བསྟུན་ཏེ།
གནམ་རྒན་མར་བཀོག་སྒྲིག་བྱེད་དུ་ཆུག
མི་ཚེ་གཅིག་ལ། རིན་ཐང་ཆེ་བ་ནི་བློས་གཏོང་ཕོད་པ་དེའོ། །
བརྩེ་དུང་ཞེས་པ་འདི། གལ་ཆེ་བ་དེ་གནད་འགག་བརྒྱུད་ནས་འཐོབ།
ཡོད་མྱོང་ན། དེ་གས་ཆོག་ལ།
མྱངས་མྱོང་ན། འགྱོད་པ་མེད།
མི་ཚེ་གཅིག་ལ་ཉི་མ་ཁྲི་གསུམ་ལས་མེད།
གསོན་པ་དེ་སྡུག་བསྔལ་ཐལ་ཆེ་མི་རུང་།
ལྟག་རྒྱབ་ན་སྡིགས་མོ་གཏོང་མཁན་མེད་ཅིང་།
སེམས་ལ་འགྱོད་པ་མེད་པ་དང་།
མངོན་གསལ་འཛེམ་མེད་དང་། གཙང་མ་གཙང་རྐྱང་ཡིན་ན།
དེ་ནི་ད་གཟོད་བདེ་སྐྱིད་ལྡན་ཞིང་དོན་སྙིང་ཆེ་བའི་མི་ཚེ་ཡིན།
དྲ་ལམ་དུ་སྤེལ་བའི་རྒྱ་ཡིག་གི་རྩོམ་ཡིག་ཅིག་མཐོང་བས་དོན་བསྒྱུར་ཞུས་ཏེ་བཀོད།
_______གྱི་ལིང་འཇིགས་མེད།
No comments:
Post a Comment