རླབས་ཆེ་བའི་དུས་རབས་ཀྱི་ང་། I འོས་སྦྱོར།

རླབས་ཆེ་བའི་དུས་རབས་ཀྱི་ང་།

ངས་ཉི་འོད་ཀྱི་གདོང་ལ་མཛུབ་མོ་བཙུགས་ནས

ཁྱོད་ནི་འོད་ཟེར་གྱི་པགས་པ་གྱོན་པའི་མུན་པ་དང་གྲང་ངར་རེད

དྲོད་ཁོལ་དང་འོད་སྣང་འཕྲོག་མཁན་གྱི་ཇག་པ་ཁྱོད་ལ་ངོ་ལོག་བྱའོ་ཞེས་སྨྲས་ན

ཇག་པའི་གཉའ་གནོན་ལ་གོམས་པའི་རི་ལུང་དང་གཙང་བོ་ཡིས་ངའི་མགོ་བོ་གཅད་སྲིད

དེ་ནས་བཟུང་སྡར་མ་ངས

མུན་པའི་མཆེ་བ་ལ་ཉི་འོད་ཀྱི་གཟི་མདངས་ཞེས་མཆོད་ཀྱིན་ཡོད


ངས་དབྱར་ཟླ་རིང་པོ་འདིའི་རྐང་སྣམ་སྒྱིད་ཁུག་ཏུ་དེད་ནས

ལྟོས་དང  འདི་ནི་མེ་ཏོག་གི་སྒེག་རྫས་བྱུགས་པའི་དགུན་ཟླ་སྐྱ་ཆད་ཅིག་རེད

རྟ་ཕོའི་དྲུག་ཤ་ལྷུང་ཞིང་རྩི་ཤིང་གི་ཁྲག་རྩ་འགག་པའི་དུས་ཚིགས་ཤིག་རེད

འགྱིག་གི་མེ་ཏོག་དང་རྡོ་ཡི་རྩྭ་ལོ་ཡིས་མི་སེམས་བསླུ་བའི་ཁྲམ་པ་འདི་རྒྱང་འཕེན་གཏང་དགོས་ཞེས་སྨྲས་ན

ཁྲམ་པའི་གཡོ་ཟོལ་ལ་ལོབས་པའི་ཁྲུང་ཁྲུང་དང་གཡག་རྒོད་ཀྱིས་ང་རང་དམར་གསོད་བྱ་སྲིད

དེ་ནས་བཟུང་ཉམ་ཆུང་ངས

དགུན་ཁའི་མདའ་མདུང་ལ་དབྱར་ཁའི་མེ་ཏོག་ཅེས་བསྟོད་པ་བྱེད་ཀྱིན་ཡོད


ངས་རྟག་བརྟན་གྱི་འཛུམ་མདངས་འདིའི་མགྲིན་པ་ནས་བསྒགས་ཏེ

ཁྱོད་ནི་སྡིག་སྒྲིབ་དང་དཀའ་སྡུག་གི་མཚོན་བྱེད་ཅིག་རེད

མིག་ཆུ་དང་དངན་པ་ལ་ཁྱོད་ཀྱིས་བཙན་གཡེམ་བྱས་མྱོང

འཁང་ར་དང་ཁེར་ཚུགས་ལ་ཁྱོད་ཀྱིས་ཁྱད་གསོད་བྱས་མྱོང

དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྣོག་མཁན་གྱི་གཏེ་བོ་ཁྱོའི་མགོ་རྟིང་བསློག་དགོས་ཞེས་སྨྲས་ན

སྐྱི་པགས་ཀྱི་འཁྲབ་སྟོན་ལ་མཁས་པའི་ཁོ་དང་ཁོ་མོས་ང་རང་དམྱལ་བར་བརྫང་སྲིད

དེ་ནས་བཟུང་ཆོ་མེད་ངས

དཀའ་སྡུག་གི་མནར་གཅོད་ཅིག་ལ་ཧབ་ཆ་དང་འཛུམ་མདངས་ཞེས་འབོད་ཀྱིན་ཡོད


ངས་ཀུན་གྱིས་མཐོང་འདོད་པའི་མཐེབ་རྒན་གྱོང་བོ་འདིའི་ཕོ་བ་བཤགས་ནས

ཨེ་རིག་གི འདིའི་ཁོག་ན་ཝ་དང་སྤྲེའུ།ཧཱ་པ་དང་བོང་བུ་སོགས་ཀྱིས་དམུར་རེས་བྱེད་ཀྱིན་འདུག

འདིས་ང་ཚོའི་མཛུབ་ཆུང་གི་བྱེད་ནུས་ཉམས་སུ་བཅུག་སོང

འཐབ་འཛིང་དང་ངོ་རྒོལ་གྱི་དཔའ་སྤོབས་དོར་བའི་བྲན་གཡོག་འདི་ཆུ་ལ་བསྐྱུར་དགོས་ཞེས་སྨྲས་ན

དབང་བོ་ཐམས་ཅད་འཐོམ་སྦྲིད་དུ་གྱུར་བའི་ལག་པ་དག་གིས་ང་རང་དུམ་བུར་གཏང་སྲིད

དེ་ནས་བཟུང་ཡ་རབས་ཀྱི་བུ་ངས

མཛུབ་ཆུང་གྲི་ཡིས་བཅད་དེ་མཐེབ་བོང་གཅིག་པུ་གྱེན་དུ་བསླངས་ནས

"ལགས་སོ"དང"ལེགས་སོ"ཡི་བརྡ་སྟོན་ཅི་ཐབས་བྱས


ངས་ཁྱེད་ལ་དགོངས་དག་ཞུ།


འུ་ཚང་གི་རྒྱབ་རི་གྲི་ཡིས་གཙབས་ཏེ་རླུང་ལ་བསྐུར་ཀྱང

འུ་ཚང་གི་ནམ་མཁའ་ཐག་པས་བཀྱིགས་ཏེ་དོང་དུ་འཕངས་ཀྱང

ངས་བྲང་ཁ་ལྡིར་ཙམ་དང་མགོ་བོ་དགྱེ་ཙམ་ཡང་བྱེད་མི་ཐུབ

ངས་གསང་དོར་ཚི་རོ་མ་ཞིག་སྙིང་ཁར་སྦྱར་ནས

མིག་ཀེམ་ཀེམ་གྱིས་གཞན་ངོ་འཚོ་ཚུལ་འདིས

ཁྱེད་ལ་ཁོང་ཁྲོ་དང་ངོ་ཚ་མཉམ་དུ་བསླང་སྲིད་པ་ཁོ་ཐག་རེད

ངས་ཁྱེད་ལ་དགོངས་དག་ཞུ


གངས་རི་མ་ཞུ་སྔོན་ལ་ངའི་རུས་པ་དང་སྒལ་ཚིགས་བརྡུངས་སོང

ཁེར་ལམ་མ་ཉིལ་གོང་ལ་ངའི་གསེར་གུར་དང་དོ་ཆ་བསློགས་སོང

ངས་ངག་ནས"ཨ་ཚ"དང"ཨ་ཧོ"ཙམ་ཡང་ཟེར་མ་ཕོད

ལྕེ་སྣར་སྣར་དང་དབུགས་ཧལ་ཧལ་གྱིས་གསོན་ཐབས་བྱེད་པ་འདིས

ཁྱེད་ལ་སྐྱུག་མེར་བསླང་སྲིད་པ་གཏན་འཁེལ་རེད

ངས་ཁྱེད་ལ་དགོངས་དག་ཞུ


ཁོ་ཚོས་ཁྱོད་རང་བོང་བུ་ལྟར་ཞོན་ནས་ཡོབ་རྡུང་བྱས་ཀྱང

ཁོ་ཚོས་ངའི་བུ་ཕྲུག་རྣམས་བྱེའུ་ཕྲུག་བཞིན་འཕོངས་ཀྱིས་བཅིར་ཡང

ངས་འཛུམ་དམུལ་དམུལ་གྱིས་ཁོ་ཚོའི་མགུལ་དུ་ཁ་བཏགས་སྒྲོན་གྱི་ཡོད

ཆུ་རྡོ་ཞིག་ལྟར་གཅེར་བུ་ཨ་རྗེན་དུ་ལུས་པའི་ངའི་སེམས་པ་འདིས

ཁྱེད་ལ་དྲོས་རྒྱུ་མེད་པའི་སྣང་བ་ཞིག་སྟེར་སྲིད་པ་བརྒྱ་ཆའི་བརྒྱ་རེད

ངས་ཁྱེད་ལ་དགོངས་དག་ཞུ


མགོ་བོ་མེད་བཞིན་དུ་མིག་གིས་མཐོང་བར་རློམ་པ་དག་གིས

སོ་ལ་རྟོག་ཞོར་དུ་ལྕེ་སྣེ་གཡོ་ཡིས་འདྲ་བ་དཔེ་ཡིན་ཡང

ངས་ཁོ་ཚོའི་ལག་ནས་གཏུབ་གྲི་དེ་དབྲོག་རྩིས་ཙམ་ཡང་བྱས་མ་མྱོང

རང་ཉིད་ཀྱང་ལྐུགས་པ་ཞིག་ལྟར་ཁུ་སིམ་མེར་འཆི་གྲབས་བྱེད་པ་འདིས

ཁྱེད་ལ་འཚིག་པ་ཟ་བའམ་ཡི་ག་ལོག་ཏུ་འཇུག་སྲིད་པས

ངས་ཁྱེད་ལ་དགོངས་དག་ཞུ


རྩྭ་ཐང་བལྟབས་ནས་ཤུལ་དུ་འགྱིག་གདན་ལྗང་ཁུ་ཞིག་བཏིངས་ཀྱང

ཕ་ཡུལ་བསུབས་ནས་ཚབ་ཏུ་སྐྱག་ཁང་རིགས་འདྲ་འགའ་ཕུབ་ཀྱང

བཟི་སྨན་བླུད་པ་ལྟར་ཆགས་སྡང་ཅི་ཡང་མི་སྐྱེ་བའི་འདྲ་མེད་ངས

རླབས་ཆེ་བའི་སྐྱེས་བུ་ཁྱེད་ལ་དགོངས་དག་ཞུ་རྒྱུ་ལས་ཅི་བྱ

ངས་ཁྱེད་ལ་དགོངས་དག་ཞུ

                 

༢༠༢༡.༡༠༢༩


དགུན་ཁ་དེར།


ཁ་བ་མཐུག་པོ་ཞིག་ཁ་རོག་གེར་བབས

མི་དང་ཁྱི་གཉིས་ཀས་མ་ཚོར་བས

ཁ་བས་ཁྲིད་ཡོང་བའི་ཙག་ལྡོམ་དེས

མི་ཕྱུགས་ཐམས་ཅད་མལ་ས་ནས་མནན


ལོ་དེར་ཁ་བ་ཚོགས་རྫས་བཞིན་མཐོ་ས་ནས་གཏོར་དུས

སྟོན་ལ་ཆགས་པའི་གསར་མོ་དེའི་སྒྱིད་པ་ཕྱིད་སོང

ང་ཚོ་ཇེ་གཉོམ་ཇེ་འཇམ་དུ་སོང་བ་ནས་བཟུང

དགུན་ཁ་ཇེ་སྔ་དང་ཇེ་རིང་དུ་སོང


དབྱར་ཁ་དང་དཔྱིད་ཀ་ཉིས་ལག་བྱས་ཀྱང

དགུན་ཁའི་དཔུང་བ་གཅིག་ལའང་མི་དོ་བ་འདྲ

ང་ཚོ་དཔྱིད་ལ་སྨོན་དྲག་པའི་དབང་གིས་ཡིན་ནམ

དགུན་ཁ་ཟེར་བ་འདིས་ཡོད་ཚད་དབང་དུ་བསྡུས

མི་དང་སྒོ་ཕྱུགས

གཅན་གཟན་དང་ས་གཞི་ཐམས་ཅད

ཁ་དོག་དཀར་པོ་དཀར་རྐྱང་དུ

ནང་ངོས་འཁྱག་པ་རྡོ་འཁྱག་ཏུ་བྱས


དགུན་ཁ་དེར

ཁ་བ་བསྟུད་མར་བབས

བྱིས་པའི་མགོ་སྐྲའང་དཀར་པོར་བསྒྱུར

གསོམ་སྡོང་གི་མགོ་བོའང་དཀར་པོར་བསྒྱུར

ཕྲ་རགས་ཐམས་ཅད་དཀར་པོར་བསྒྱུར་པས

སེམས་ཅན་རྣམས་དཀར་པོར་འཇིགས་ཏེ་འཇམ་ཅག་གེར་གྱུར

སྟོན་ཀ


སྐྱོ་གར་ནི་ཧ་ཅང་ཐུང་ངོ

ཚངས་དབྱངས་ཀྱི་མི་ཚེའི་འཕྱོ་འཇགས་ཙམ་རེད


སྐྱོ་གར་ནི་ཧ་ཅང་རིང་ངོ

གཏན་དུ་སྲིང་པའི་མི་རབས་ཀྱི་དྲན་པ་རེད

དེ་ནི་གསེར་མདོག་གི་སྟོན་ཀ་དང་འདྲ་བའི

མཛེས་སྡུག་གི་རྣམ་པས་ནང་སེམས་ཀྱི་མནར་གཅོད་མཚོན


སྟོན་ཀ་ནི་སྐྱོ་སྣང་གི་སྨུག་པ་ཁེར་ཆད་ཅིག

སྐར་མའི་སྐྲ་ལོ་ལ་དྲན་གདུང་གི་ཟིལ་བ་ཆགས་ཡོད


ཚངས་མགུར་ལྟ་བུའི་དྭངས་གཙང་གི་སྐྱོ་བ་དེ

བརྒྱད་པའི་བ་མོ་དང་འདྲ་བར་སྲིད་པའི་སྙིང་ཁར་འབབ


ཚངས་དབྱངས་རྒྱ་མཚོ་གྱེས་དུས་སྟོན་ཀ་ཞིག་ཡིན་ལ

མི་སེམས་ལ་སྔངས་འདར་བསླངས་པའི་སྟོན་ཀ་ཞིག་རེད

རིག་འཛིན་དབང་མོ་འདས་དུས་ཀྱང་སྟོན་ཀ་ཞིག་ཡིན་ལ

དམ་བཅའ་སྙིང་ནས་ཕྱུང་བའི་སྟོན་ཀ་ཞིག་རེད


༢༠༢༢༠༩༠༣ལ།

རྩོམ་པ་པོ། 

འཕགས་པ་འབྲོང་། དངོས་མིང་ལ་འཕག་པ་སྐྱབས་ཟེར། ཕ་ཡུལ་མཚོ་སྔོན་རྨ་ལྷོ་རྫོང་མདའ་ཚན་ནས་ཡིན། ༢༠༡༤ ལོར་མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སློབ་གླིང་གི་དབྱིན་ཡིག་འཛིན་གྲྭ་ནས་དངོས་གཞི་མཐར་ཕྱིན། ༢༠༡༢ ནས་༢༠༡༣ ལོར་ཕྱིའི་རྒྱལ་ཁབ་ཏུ་ཕྱིན་ཏེ་དབྱིན་ཡིག་སྦྱངས། ༢༠༢༠ ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་ལག་རྟགས་བླངས། ཞིབ་འཇུག་ཁ་ཕྱོགས་བོད་ཀྱི་དེང་རབས་རྩོམ་རིག་ཡིན། མཐོ་འབྲིང་ནས་བཟུང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་བྱེད་མགོ་བརྩམས། ༢༠༡༩ ལོའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད«ཁུང་བུ»ལ་ཨང་གསུམ་པའི་མཚན་སྙན་ཐོབ། «བསུ་སྐྱེལ»དང«ལྷ་སའི་སློང་མོ་པ» «མཚན་མོ» «ཙད་པ» «དོན་བརྗོད་རིག་པའི་མིང་བརྡ་དྲུག་གི་རགས་བཤད»སོགས་སྙན་ངག་དང་བརྩམས་སྒྲུང་། དཔྱད་རྩོམ་སོགས་བརྩམས་ཆོས་ཉི་ཤུ་ལྷག་ཙམ་སྔར་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར» «གངས་དཀར་རི་བོ» «ཤྭ་སྐྱ» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «བོད་ཀྱི་རྩོམ་རིག་ཞིབ་འཇུག» «འབྲོང་རྭ»སོགས་ཀྱི་སྟེང་བཀོད་མྱོང་། མི་འགྱང་བར་«འཇིགས་རྒོད་སྐེ་ནུ»ཞེས་པའི་བརྩམས་སྒྲུང་དེབ་ཐོག་མ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྒོར་ཐོན་ངེས།


ཡོང་ཁུངས་པོད་ཕྲིན།



No comments:

Post a Comment

Adbox