“སྒེར་གཅོད་དང་གཏུམ་སྲིད། དྲག་སྤྱོད་ཀྱི་ལས་ལ་འཇུག་པའི་སྤྱི་ཚོགས་སུ་དཀྱེལ་ཡངས་ནི་རང་དབང་ལས་ཀྱང་ཤིན་ཏུ་གལ་ཆེ།”
_____མེ་སོན།
འདི་ལྟར་གླེང་བར་བྱ་སྟེ། མི་སྡེའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཤ་རུས་ཀྱིས་གྲུབ་པའི་གཟུགས་ཕུང་ཇི་བཞིན་ནད་མེད་བདེ་ཐང་ཡིན་མིན་དང་། མི་བུ་སྒེར་བ་གང་ཞིག་ཤིང་འབྲས་ནང་བཞིན་སྨིན་དང་མ་སྨིན་པའི་ས་མཚམས་ནི་རྣམ་པ་གཅིག་ཏུ་ན་ཕན་ཚུན་ལ་དཀྱེལ་ཡངས་ཀྱི་རྣམ་འགྱུར་འཛིན་ཤེས་མིན་གྱིས་གཞལ་ཆོག་ཅིང་། དཔལ་ཡོན་གྱི་དྲི་ངད་ལྡང་བའི་སྤྱི་ཚོགས་དང་ཤེས་རིག་ལ་ཉེ་བར་བཅར་བའི་མི་རིགས་ཀུན་གྱིས་དཀྱེལ་ཡངས་ནི་དཔྲལ་བའི་མིག་དང་ཁོང་གི་སྙིང་བཞིན་བླང་བྱར་ཡང་དག་ཅིག་ཏུ་འཛིན་མོད། དེ་ལས་ལྡོག་སྟེ་ལག་ཏུ་ཐོ་བ་འབའ་ཞིག་ཐོགས་ཤིང་། མཐོང་ཚད་འཛེར་མར་སྣང་མཁན་དག་གིས་ནི་དེའི་གོང་ཐང་ཡེ་ནས་མི་རྟོགས་སོ།།
དེ་བས་རྒྱའི་མཁས་པ་ཧུའུ་ཧྲིས། “སྒེར་གཅོད་དང་གཏུམ་སྲིད། དྲག་སྤྱོད་ཀྱི་ལས་ལ་འཇུག་པའི་སྤྱི་ཚོགས་སུ་དཀྱེལ་ཡངས་ནི་རང་དབང་ལས་ཀྱང་ཤིན་ཏུ་གལ་ཆེ”ཞེས་གསུངས་མྱོང་། དཀྱེལ་ཡངས་ཞེས་པའི་མིང་བརྡ་འདི་ནི་རང་རེ་ལ་མཚོན་ན་ཤིན་ཏུ་གསར་པ་ཞིག་སྟེ། དག་ཡིག་དང་མིང་མཛོད་རྙིང་བ་ཀུན་ན་རྙེད་དུ་མེད་ཅིང་། དེང་རབས་ཀྱི་མིང་བྱང་ཁུར་བའི་ཚིག་མཛོད་དང་རྒྱ་བོད་ཤན་སྦྱར་ཆེན་མོ། ཚིག་གཏེར་རྒྱ་མཚོ། དེང་རབས་རྒྱ་ཡིག་ཚིག་མཛོད་བོད་འགྱུར་མ་སོགས་སུའང་ཐ་སྙད་འདི་མཐོང་དཀོན་ལ། དེའི་དོད་དུ་བཟོད་སྒོམ་དང་གུ་ཡངས་ལྟ་བུ་བླ་ཐབས་སུ་སྦྱར་འདུག་པ་ཙམ་མོ།།
འོ་ན་དཀྱེལ་ཡངས་དང་བཟོད་སྒོམ་གཉིས་ཀྱི་དོན་ལ་ཧེ་བག་ག་ཙམ་མཆིས་སམ་ཞེ་ན། སྔ་མ་ནི་སྐྱེས་བུ་གང་དེར་བློ་གཤོག་ཆེན་པོ་ལྡན་པ་སྔོན་དུ་སོང་སྟེ། མ་བཅོས་རང་བྱུང་གི་ངང་ལ་མི་གཞན་པར་བསམ་ཤེས་བྱེད་ཐུབ་པ་ཞིག་ལ་ཟེར་ཞིང་། ཕྱི་མ་ནི་གཞན་གྱིས་ཚུར་གནོད་པ་བྱས་པའི་སྐབས་ལ་ཁོང་ཁྲོ་བཙན་གྱིས་བསྲན་ཐབས་བྱས་པའི་དོན་དུ་འཇུག་པས། ཤེས་རབ་ཀྱི་རྩིས་ཟིན་ཡོད་མེད་དང་བསམ་བློའི་མཐོ་ཚད་ཀྱི་ངོས་ནས་མིང་བརྡ་འདི་གཉིས་ལ་ཁྱད་ཆེའོ།།
དེ་ཡང་སྐུ་ཞབས་ཞོགས་དུང་སོགས་ཀྱིས<<བདག་དཔེ་ཚོགས>>ལས་རིག་གནས་དགག་གཞག་དང་རིགས་པའི་བརྒལ་བརྟག་དོ་གལ་ཆེ་བར་བརྗོད་ཅིང་། བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་གྲུབ་པ་ལ་དཀྱེལ་ཡངས་མཁོ་ཆེ་བ་ཐོག་མར་བསྟན་པས། བསམ་བློ་གསར་པའི་རླབས་རྒྱུན་ཞིག་ཏུ་བལྟས་ཆོག་པའི་བར་སྐབས་དེ་དག་ཏུ་དཀྱེལ་ཡངས་ནི་རྒྱུགས་ཆེ་བའི་མིང་བརྡ་ཞིག་ཏུ་གྲུབ་ཚར། “ང་རང་ཁྱེད་ཀྱི་ལྟ་ཚུལ་ལ་གཏན་ནས་འཐད་པ་མེད་ཀྱང་། ཁྱེད་ཀྱི་སྐད་ཆ་བཤད་པའི་ཐོབ་ཐང་ལ་ངས་རང་ཉིད་ཀྱི་གཅེས་པའི་སྲོག་བཞིན་དུ་བརྩི་བཀུར་བྱེད་ངེས” ཞེས་པའི་བློ་འབྱེད་བསམ་བློ་བ་ཧྥུར་ཐའེ་ལགས་ཀྱི་གསུང་ཚིག་འདི་ནི་སྐབས་དེའི་འབོལ་རྩོམ་ནང་དྲངས་པའི་ལུང་ཚིག་ཆེས་མང་བོར་འཁུམས་པས། དཀྱེལ་ཡངས་སྒོམ་པའི་ཁོར་ཡུག་ཅིག་ཀྱང་ངང་གིས་གྲུབ་ཡོད་པར་བརྗོད་ཆོག དེང་གི་གྲྭ་བཙུན་རིགས་སྨྲ་བ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་བཙན་ནི་ཐུགས་སྒམ་ལ་དཀྱེལ་ཆེ་ཞེས་པའི་ཚིག་འདི་བསྡུས་ཏེ་སྒམ་དཀྱེལ་ཅེས་པའང་དཀྱེལ་ཡངས་དང་དོན་གཅིག་མིང་གི་རྣམ་གྲངས་སུ་སྤྱད་ཅིང་། ཁ་ཅིག་གིས་ཤོང་ཡངས་ཞེས་པའང་དེ་དང་ཆ་འདྲ་བའི་དོན་དུ་འགྲེལ་ལོ།།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།། རོང་བ་རྣམས་ལ་མར་ཁུ་འཐུང་བ་སོགས།། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད།།” ཅེས་དང་། ཡང་། “སྤྱང་ཀི་ཤ་ཟན་རི་བོང་རྩྭ་ཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས།།” ཞེས་གསུངས་ལ། རང་རང་སོ་སོའི་བཟའ་བཏུང་གི་དགའ་ཁ་འཁྱེར་ཕྱོགས་མི་གཅིག་ནའང་སྒྲོག་ཙེ་གཅིག་གི་སྟེང་དུ་བསྡད་དེ་རང་རང་དགའ་བའི་བཟའ་ཆས་དུས་མཉམ་དུ་ལོངས་སུ་སྤྱོད་པ་ནི་ཤིན་ཏུ་ལེགས་ཤིང་། སྒྲོག་ཙེ་གཅིག་གི་སྟེང་དུ་རང་རང་དགའ་བའི་བཟའ་ཆས་དུས་མཉམ་དུ་ལོངས་སྤྱོད་བྱེད་མི་ནུས་ནའང་། སྐྱེ་བོ་སོ་སོའི་ཁམས་དང་མོས་པ་མི་འདྲ་བ་ཡིན་པ་ཁས་བླངས་ཏེ་རང་ཉིད་ལ་རང་ཉིད་དགའ་བའི་བཟའ་བཏུང་ཞིག་ཡོད་ན། གཞན་ལའང་གཞན་དགའ་བའི་བཟའ་བཏུང་ཞིག་མཆིས་པ་ནི་འོས་སོ་ཞེས་ཟས་ཟ་སའི་བར་སྟོང་གཞན་ཞིག་སྤྲོད་པའང་ཤིན་ཏུ་འགྲིག་གོ། དེ་ལས་ལྡོག་སྟེ། རང་ཉིད་ཁོ་ནའི་བཟའ་བཏུང་ནི་རབ་དང་། ཕུལ་དང་། མཆོག་དང་། རྩེ་མོ་དང་། གྱ་ནོམ་པར་ཡིད་ཆེས་ཤིང་། གཞན་དགའ་བའི་བཟའ་བཏུང་ནི་ངན་སྐྱུག་ཁྲོམ་པ་ལྟ་བུ་ངེས་ཕྱིར་བཙན་དབང་གིས་ཅིས་ཀྱང་རང་ཉིད་ཀྱི་དགའ་མོས་དང་ལེན་བྱེད་དུ་འཇུག་པ་ནི་རུང་བསྟུན་དང་དཀྱེལ་ཡངས་སྒོམ་མ་ཤེས་པའོ།།
འཛམ་གླིང་སྒང་གི་སྡེ་གཟར་སྤྱི་དང་ཁྱད་པར་དུ་དབུས་ཤར་གྱི་ཟམ་མི་ཆད་པའི་ཀོ་ལོང་འཁྲུག་རྩོད་ཕལ་ཆེ་བ་ནི་རུང་བསྟུན་དང་དཀྱེལ་ཡངས་ཡལ་བར་དོར་ནས་རང་ཉིད་ཀྱི་འདོད་མོས་གཞན་ལ་བཙན་འགེལ་བྱས་པ་ལས་བྱུང་ཞིང་། དེ་བཞིན་ལོ་རྒྱུས་སྟེང་བྱུང་མྱོང་བའི་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའི་འགལ་རྩོད་དག་གི་འབྱུང་རྩའང་གནད་འདི་ལ་ཐུག་ཡོད་པར་འདུག དེའི་ཕྱིར་སོ་སོའི་དགའ་ཕྱོགས་དང་། སོ་སོའི་ཁྱད་ཆོས། སོ་སོའི་མངོན་འདོད་ལ་གཙི་བཀུར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། རང་གཞན་ཕན་ཚུན་བར་དུ་མི་འདྲ་བ་ཅི་ཞིག་མཆིས་ཀྱང་། སོ་སོར་སྐྱོན་དང་ཡོན་ཏན་ནི་ངེས་པར་ཡོད་སྲིད་པ་ཆོས་ཉིད་དུ་གྲུབ་ཕྱིར། རང་ཉིད་ཀྱི་སྣང་བར་མི་འགྲོ་བའམ་ཉེས་སྐྱོན་ཆ་ཙམ་མཐོང་འཕྲལ་དུ་ཕ་རོལ་པོ་མཐར་སྐྲོད་པར་འདོད་པ་དང་། ཚར་གཅོད་པར་བསམ་པ་དང་། འབུར་འཇོམས་གཏོང་སྙམ་པ་མཐའ་དག་ནི་དཀྱེལ་ཡངས་ཀྱི་བསམ་བློ་བྲལ་བ་ལས་བྱུང་ཞིང་། དེ་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་འདུ་ཤེས་འཛིན་སྟངས་ཤིག་ཀྱང་ངོ་།།
རྒྱ་ནག་གི་རིག་གནས་གསར་པའི་ལས་འགུལ་སྐབས་སུ། ལུའུ་ཞུན་གྱིས་ཐེངས་དུ་མར་ཧུའུ་ཧྲི་ལ་གཤེ་བ་དང་སྤྱོ་བའི་ཚིག་སྨྲས་ཤིང་། ཐ་ན་མི་གཞིར་དམའ་འབེབས་ཀྱི་བསྟིང་ཚིག་གི་མདའ་མོ་འཕངས་ཡོད་ནའང་། ཧུའུ་ཧྲིས་དཀྱེལ་ཡངས་སྒོམ་སྟེ་ལན་གང་ཡང་བཏབ་མེད་པར་མ་ཟད། ལུའུ་ཞུན་སྐུ་གཤེགས་པ་དང་ཆུང་མས་ཁོང་གི་གསུང་འབུམ་པར་དུ་བསྐྲུན་པར་མ་དངུལ་མ་འདང་བར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་དུས། ཁོང་གིས་ལྷག་བསམ་ཟོལ་མེད་སྒོས་ལུའུ་ཞུན་གྱི་རྩོམ་རིག་གི་མཛད་རྗེས་བརྒྱུད་སྒྲོག་བྱས་པ་དང་། གསུང་འབུམ་པར་སྐྲུན་ཐད་ལ་ཐེབས་རྩ་སྦྱར་ཞིང་རོགས་རམ་གང་ལེགས་གནང་ཡོད། སྐབས་དེར་ཁོང་ལ་དགག་རྒྱག་གི་རྩོམ་ཡིག་དྲག་ཆར་འབབ་འབབ་བྱས་ཤིང་། ལོ་ངོ་མཐོང་བཅུ་ཙམ་ལ་ངན་སྨྲས་དང་སྡིགས་དམོད་བུ་ཡུག་འཚུབ་འཚུབ་བྱས་ཡོད་ནའང་། ཁོང་གིས་ཕྱིར་རྒོལ་གྱི་ལན་ཚིག་གཅིག་ཀྱང་སློག་མེད་དེ། ཧུའུ་ཧྲིའི་འཕྲིན་ཡིག་ཅིག་ཏུ“ཁོ་བོར་སྡིགས་དམོད་བྱེད་མཁན་དེ་དག་ལ་གཏན་ནས་ཁོང་ཁྲོ་མི་ལངས་པར་མ་ཟད། སྡིགས་དམོད་བྱས་པ་གནད་ལ་ཕོག་མེད་པ་དག་མཐོང་དུས་ངེད་རང་ལྡོག་སྟེ་སྔངས་འཚབ་སྐྱེས་ཤིང་། སྡིགས་མོ་བྱས་པ་ཐལ་དྲགས་ཏེ་མི་གཞིར་དམའ་འབེབ་དང་ཁྱད་གསོད་བྱས་པ་མཐོང་དུས་ངེད་རང་སེམས་ཁྲལ་ཧ་ཅང་ལྕི”ཞེས་འཁོད་འདུག་པ་ལས་ཁོང་གི་ངེས་དོན་གྱི་དཀྱེལ་ཡངས་བསམ་བློ་མཐོང་ཐུབ་ཅིང་། དེ་ནི་ཇི་སྐད་དུ། མ་ཁུ་ཐུའུ་ཝུན་གྱིས“མེ་ཏོག་ཅིག་རྡོག་བརྫིས་བཏང་བ་ལ་དེའི་དྲི་བསུང་རྡོག་བརྫིས་གཏོང་མཁན་གང་དེའི་ལྷམ་གྱི་རྡོག་སྣེར་ལུས་འགྲོ་བ་དེར་ད་གཟོད་དཀྱེལ་ཡངས་ཟེར”ཞེས་པ་དེའི་མཚན་གཞིའི་དཔེར་བརྗོད་དོ།།
དེ་ལྟ་མོད་ཀྱི། དཀྱེལ་ཡངས་བསྒོམ་བྱའི་ཡུལ་དེའང་དཀྱེལ་ཡངས་སྒོམ་རུང་བའི“སྣོད་ལྡན”ཞིག་ཅིས་ཀྱང་ཡིན་དགོས་པར་འདུག་སྟེ། རང་རྒྱུད་ན་དམངས་གཙོ་དང་འདྲ་མཉམ་གྱི་ས་བོན་རྡོག་གཅིག་མེད་པར། ཆོས་ལུགས་གྲུབ་མཐས་བློ་བསྒྱུར་ཡག་བྱས་པའི་ཐལ་མཐའ་བ་དང་། དབང་ཆ་སྤྱོད་རྒྱུར་གོམས་ཤིང་རྔམ་ཆེ་བའི་མི་ཞིག་ཡིན་ཚེ་དེ་ལ་དཀྱེལ་ཡངས་སྒོམ་པ་ནི་སྦྲུལ་ལ་སྙིང་རྗེ་སྐྱེས་པ་དང་ཡང་མཚུངས་སྲིད།
No comments:
Post a Comment