མིའི་རིགས་ཀྱི་སྤྱི་ཚོགས་རྣམ་བཤད་ལས། གེགས་རྐྱེན་བཅུ།

རྩོམ་མཁན། མོན་ཊི་སི་ཁེ་ཨར། སྒྱུར་མཁན། ན་བུན།

གེགས་རྐྱེན་དང་པོ། མི་གཞི་འཕུང་བའི་ཆབ་སྲིད།

ཆབ་སྲིད་ནི་ཤོག་ཁག་གཉིས་བར་གྱི་གཡོ་འཐབ་ཀྱི་རྒྱུད་རིམ་ཞིག་དང་དེས་བསྐྱེད་པའི་མཇུག་འབྲས་ཡིན། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་ནི་ཤེས་དཔལ་དར་འཕེལ་གྱི་སྔོན་འགྲོར་འཛིན་ན་ནི། རྒྱལ་ཁམས་དུས་བདེ་ཞོད་འཇགས་ཡོང་ངེས་མོད། ལྡོག་སྟེ་ཆབ་སྲིད་ཀྱི་བསམ་སྦྱོར་ལས་མི་གཞི་འཕུང་ནས་དུད་འགྲོའི་གཤིས་སྤྱོད་འབའ་ཞིག་ཏུ་གྱུར་ཚེ། མཇུག་འབྲས་དེས་ཤེས་དཔལ་དར་བའི་འགྲོ་བ་མིའི་རིགས་འདི་གནའ་བོ་གདོད་མའི་ནགས་ཚལ་གྱི་ཀླ་ཀློའི་རིགས་སུ་རྒུད་པར་གཏོང་ངེས་ལ། དེ་ནི་འགྲོ་བ་མིའི་རིགས་ཚར་གཅོད་གཏོང་བ་ལས་ཀྱང་ཆེས་འཇིགས་སུ་རུང་བ་ཞིག་གོ །

གེགས་རྐྱེན་གཉིས་པ། བསམ་གཞིག་གིས་སྟོང་བའི་དད་གུས།

ལྟ་དགོངས་གང་ཞིག་ལ་རེ་སྨོན་དང་དབུ་ཁྲིད་སུ་ཞིག་ལ་དད་གུས་བྱ་བར། ཐོག་མར་དབུ་ཁྲིད་གང་གི་བསམ་བློ་སྔོན་ཐོན་ཡིན་མིན་དང་ཡང་དག་ཡིན་མིན་དང་རྟོག་པ་སད་མིན་དང་། ལྷག་པར་དུ་མི་མང་གང་གི་དཀའ་སྡུག་སེལ་ཐུབ་མིན་ལ་ཞིབ་ཏུ་དཔྱོད་ཅིང་རྟོགས་པར་བྱ་ལ། གལ་སྲིད་དབུ་ཁྲིད་གང་གིས་མགོ་བདེ་དྲན་འཕྲུལ་གྱི་བགྱི་བ་ཧུར་བླངས་ནས། བཙན་དང་དབང་གིས་མི་མང་ལ་རང་ཉིད་ཀྱི་གཉན་པའི་བཀའ་ལུང་ལ་ངོས་ལེན་དང་རང་ཉིད་ལ་དད་གུས་བྱེད་དུ་འཇུག་ཚེ། མཇུག་འབྲས་དེས་འགྲོ་བ་མིའི་སྤྱི་ཚོགས་ལ་ཆག་འཇིག་བློ་ཡུལ་དུ་མི་ཤོང་བ་ཞིག་འཐེབས་པར་གདོན་མི་ཟ།

གེགས་རྐྱེན་གསུམ་པ། མི་ཆོས་བྲལ་བའི་ཚན་རིག

ཚན་རིག་གི་གསར་གཏོད་ནི་མི་ཆོས་དང་འབྲལ་ཐབས་མེད་པ་ཞིག་ཡིན། དེ་ལས་ལྡོག་ཚེ། ཚན་རིག་དར་འཕེལ་གྱིས་འགྲོ་བ་མིའི་རིགས་ལ་གནོད་འཚེ་ཚབས་ཆེན་འཐེབས་སྲིད། ཚན་རིག་གི་འཚོལ་ཞིབ་དང་གསར་གཏོད་ཀྱི་དམིགས་འབེན་ཡང་མི་ཆོས་བསམ་བློ་དང་རིན་ཐང་མཐོར་འདེགས་གཏོང་བ་ནས། སྤྱི་ཚོགས་ཀྱི་དཔལ་ཡོན་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་རྒྱུ་དེའོ།།

གེགས་རྐྱེན་བཞི་བ། ཀུན་སྤྱོད་དང་འགལ་བའི་ཁེ་ལས།

ལར་ན་ཚོང་ལས་ནི་ཁེ་གཉེར་ལ་དམིགས་པ་ཞིག་ཡིན་དུ་ཆུག དེ་ཡང་འགྲོ་བ་མིའི་ཀུན་སྤྱོད་དང་མ་འགལ་བར་ཡིད་རྟོན་འཕེར་བའི་སྒོ་ནས། འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་པའི་ཞར་ལ་ཁེ་སྤོགས་ལེན་པ་ཞིག་ཡིན་འོས། ལྡོག་སྟེ་འགྲོ་བ་མིའི་ཀུན་སྤྱོད་ལས་འགལ་ནས། ངོ་ཚ་ཁྲེལ་མེད་དང་སེམས་ཅན་དུད་འགྲོའི་གཤིས་སྤྱོད་ལྟར་དུ་ཧམ་འཕྲོག་གི་བསམ་སྦྱོར་ཁོ་ནར་གཞོལ་ཚེ། དེས་ནམ་ཞིག་ལ་འགྲོ་བ་མིའི་སྤྱི་ཚོགས་ལ་གནོད་འཚེ་དཔག་ཏུ་མེད་པ་བཟོ་སྲིད།

གེགས་རྐྱེན་ལྔ་བ། དཔྱོད་ཤེས་བྲལ་བའི་ཤེས་བྱ།

འགྲོ་བ་མིས་ཤེས་བྱ་སྦྱོང་བའི་དགོས་དམིགས་གཙོ་བོ་འཚོ་གནས་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན་མོད། འོན་ཀྱང་དེ་ཡང་དཔྱོད་ཤེས་ཀྱི་སྒོ་ནས་རྟོགས་པར་བྱ་ལ། དཔྱོད་ཤེས་བྲལ་བའི་ཤེས་བྱ་ཇི་ཙམ་སྦྱངས་ན་གནོད་པ་དེ་ཙམ་བསྐྱེད་འོངས། ཤེས་བྱ་དང་ལག་རྩལ་གྱི་ཁྲོད་ན་ད་དུང་གཡོ་སྒྱུ་དང་བསླུ་བྲིད་དང་རྐུ་འཕྲོག་དང་བཅས་པ་འདུ་བས། ཤེས་བྱ་བསླབ་པར་དཔྱོད་ཤེས་བསྟེན་དགོས།

གེགས་རྐྱེན་དྲུག་པ། ལོ་རྒྱུས་རྫུན་སྒྲིག  

འགྲོ་བ་མིའི་ཤེས་དཔལ་འཕེལ་རྒྱས་ལས་རྒྱུན་ཆད་མེད་པར་ལོ་རྒྱུས་ཀྱི་ཉམས་མྱོང་དང་དེ་ལས་ཐོབ་པའི་བསླབ་བྱ་གཅེས་བཏུས་བྱ་ལ། གལ་སྲིད་ལོ་རྒྱུས་རྫུན་སྒྲིག་བྱས་ཚེ། འདས་སོང་གི་ལོ་རྒྱུས་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་ལ། ལོ་རྒྱུས་ཀྱི་གོ་དོན་ཡང་བརླག་འགྲོ་བས། མིའི་རིགས་ཀྱི་ལོ་རྒྱུས་རྫུན་སྒྲིག་བྱེད་མཁན་སུ་ཞིག་ཡིན་རུང་། དེ་ལ་བསམ་པའི་ཀུན་སློང་འཁྱེར་སོ་གཞན་ཞིག་ཅིས་ཀྱང་ཡོད་ངེས་པ་ཤེས་བར་བྱ།

གེགས་རྐྱེན་བདུན་པ། གཞན་དབང་གི་བླ་སྲོག

ཚེ་སྲོག་དང་ཚེ་སྲོག་གི་རིན་ཐང་ནི་ཐོག་རེག་བྲལ་བའི་ཆོས་དངོས་མེད་ཀྱི་རང་བཞིན་ཅན་དུ་གྲུབ་ལ། མི་སྒེར་སོ་སོར་ནང་སེམས་ཀྱི་འཁྱེར་སོ་ཡང་སོ་སོར་མཆིས། རང་དབང་གི་མི་སྒེར་ལ་རང་དབང་གི་བསམ་བློ་དང་བླ་སྲོག་མངའ། མི་སྒེར་སྟོང་ཕྲག་གི་བསམ་བློ་གཅིག་པ་དང་སེམས་ཁམས་གཅིག་པར་འགྱུར་བའི་སྐལ་བ་ནམ་ཡང་དབེན། འགལ་འདུ་དང་རྩོད་གླེང་གི་ཁྲོད་ནས་ད་གཟོད་མིའི་བླ་སྲོག་གམ་བསམ་བློ་བདེན་པར་ཕྱོགས་སྲིད།

གེགས་རྐྱེན་བརྒྱད་པ། རང་དབང་དང་བྲལ་བའི་བདེ་སྐྱིད།

རང་དབང་ནི་བདེ་སྐྱིད་ལ་གཞུག་པའི་ལམ་ཡིན། རྩ་ཁྲིམས་སམ་ཁྲིམས་ཀྱི་གཞི་རྩར་འཁོད་པའི་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་གཤིས། རྒྱུ་མཚན་མེད་པར་རང་དབང་བཙན་འཕྲོག་གི་བགྱི་བ་རྩོམ་མི་རུང་། ཚེ་སྲོག་རེ་རེ་ནི་རང་དབང་འགན་དུ་སྲུང་མཁན་མི་སྒེར་རེ་རེ་ཡིན་པས། ང་ཚོས་རང་ཉིད་ཀྱི་ཐོབ་ཐང་འགན་དུ་སྲུང་བ་ལས། ང་ཚོར་གཞན་གྱི་རང་དབང་འཕྲོག་པའི་ཐོབ་ཐང་གར་ཡང་མེད།

གེགས་རྐྱེན་དགུ་བ། རྩོལ་བར་མ་བརྟེན་པའི་འབྱོར་བ།

རྒྱུ་ནོར་ནི་རང་རང་གི་ལུས་སེམས་གཉིས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཐོབ་པར་བྱ་ལ། གལ་སྲིད་སྤྱི་དམངས་སུ་ཞིག་གིས་ལུས་སེམས་ཀྱི་དཀའ་སྤྱད་འབད་བརྩོན་ཇི་ལྟར་བྱས་ཀྱང་ད་དུང་ཟས་གོས་ཀྱིས་དབུལ་བར་གྱུར་ན། དེ་ནི་མི་སྒེར་གང་གི་གནད་དོན་མ་ཡིན་པར་སྤྱི་ཚོགས་ཀྱི་གནད་དོན་ཡིན་པ་བསྙོན་དུ་མ་མཆིས། གཞན་གྱི་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་འཕྲོག་ནས་རང་ཉིད་ཕྱུག་བདག་ཏུ་བསྒྱུར་བའི་སྣང་ཚུལ་འདི་རྒྱ་ཁྱབ་ཏུ་ཕྱིན་ཚེ། སྤྱི་ཚོགས་གང་དེ་སླར་ཡང་གནའ་བོ་གདོད་མའི་ནགས་ཚལ་གྱི་ཀླ་ཀློའི་རིགས་སུ་རྒུད་པར་འགྱུར་བ་ལས་འོས་མེད།

གེགས་རྐྱེན་བཅུ་བ། དྲག་ཤུགས་མ་བསྟེན་པའི་དབང་ཆ།

དབང་ཆར་ཚད་མེད་དངོས་གྲུབ་ཀུན་འབྱུང་གི་ཁྱད་ཆོས་མངའ་བས་ན། ས་སྟེང་འདིར་དབང་ཆ་མི་འདོད་པའི་སྐྱེ་བོ་འགའ་ཡང་མེད། བཤད་རྒྱུན་དུ་མིའི་འདོད་པ་བསྐང་བར་དཀའ་ཞེས་སྨྲ། དེ་བས་ཆོག་ཤེས་ལ་བརྟེན་ནས་ཚད་བརྒལ་ལོག་སྤྱོད་ཀྱི་འདོད་པ་གཅུན་དགོས། དེ་མིན་འདོད་ཧམ་གྱིས་རང་གཞན་སྤྱི་ཚོགས་ཧྲིལ་བོར་གནོད་དང་རྒུད་ཀྱི་འཕུང་ལ་སྦྱོར་སྲིད་པས། རང་འཕུང་གཞན་བརླག་གི་དབང་ཆར་གཟབ་དགོས། འཚེར་སྣང་མེད་པར་སྤྱི་དམངས་ཀྱི་དབང་ཆ་རྩིས་མེད་ལོག་སྤྱོད་བྱ་བའི་སྤྱི་ཚོགས་ནི་ཆེས་འཇིགས་སུ་རུང་བའི་སྤྱི་ཚོགས་ཤིག་ཡིན་ངེས།

རྩོམ་པ་པོ། 

སྐུ་ཞབས་མོན་ཊི་སི་ཁེ་ཨར་(Montesquieu 1689-1755)ནི་ཧྥ་རན་སིའི་བློ་འབྱེད་དུས་རབས་(French Enlightenment Era 1715-1789)ཀྱི་བསམ་བློ་བ་དང་ཁྲིམས་རིག་སྨྲ་བ། ཡུ་རོབ་གླིང་གི་ཁྲིམས་རིག་ཤིང་རྟའི་སྲོལ་འབྱེད་པའི་གྲས་སུ་ངོས་འཛིན། ཁོང་གིས་དུས་སྐབས་དེའི་བློ་འབྱེད་བསམ་བློ་བ་ཆེན་མོ་ཝལ་ཏེར་(Voltaire) དང་རུའུ་སུའོ་(Rousseau)རྣམ་པ་གཉིས་དང་ལྷན་དུ་<<ཁྲིམས་ཀྱི་དགོས་དམིགས་>>(De l'esprit des lois: The Spirit of Law)བརྩམས་ཤིང་གཏན་ལ་ཕབ་པར། འཛམ་གླིང་ཤར་ནུབ་ཀྱི་དེང་རབས་ཆབ་སྲིད་རིག་པ་དང་ཁྲིམས་རིག་འཕེལ་རྒྱས་ཀྱི་རུ་མར་གྱུར་སྐད། དེ་ནས་བཟུང་ཁོང་རྣམ་པར་“ཧྥ་རན་སིའི་ཤེས་རབ་ཀྱི་གྲི་ཐོགས་པ་གསུམ་”ཞེས་གྲགས་པར་སྨྲ། བརྩམས་ཆོས་གཙོ་བོར་<<ཁྲིམས་རིག་རྣམ་བཤད་>>གཙོས་པའི་ཁྲིམས་གཞུང་དང་མཚན་ཉིད་རིག་གཞུང་བགྲང་ཡས་པ་མཆིས། 


No comments:

Post a Comment

Adbox