སྐྱེ་དངོས་གནས་སྤོ་དང་བཙན་འཛུལ། I འོས་སྦྱོར།

      ལོ་འདི་དག་ལ་རྭ་རྒྱའི་ཉེ་འཁོར་དུ་ཆུ་གློག་ས་ཚུགས་ཤིག་བརྒྱབས་སོང་། དེ་ནི་རྐ་མདོའི་ཡར་སྟེང་མར་སྟེང་གཉིས་ལས་མར་སྟེང་གི་འཁྲིས་སུ་ཆགས་ཡོད་པས་ད་ལྟ་མར་སྟེང་ཆུ་གློག་ས་ཚུགས་ཞེས་བཏགས་ཡོད་ལ། མར་སྟེང་གི་སྡེ་བའི་དཀྱིལ་དུ་དམར་སྟེང་ཞེས་ཀྱང་བྲིས་འདུག 

    ས་ཚུགས་འདི་ལ་ས་གནས་མང་ཚོགས་ཁྲོད་གླེང་བརྗོད་སྣ་ཚོགས་བྱུང་འདུག གཙོ་བོ་མིའི་རིགས་ཀྱི་འཚོ་བའི་བདེ་འཇགས་དང་འབྲེལ་བའི་ཧླེང་བརྗོད་ཤ་སྟག་རེད། རྗེས་སུ་འབུམ་རམས་པ་ཞིག་གིས་ས་གནས་འདིར་འཛམ་གླིང་དུ་མཐོང་དཀོན་པའི་ཉ་རིགས་ཤིག་ཡོད་ཚུལ་གྱི་དཔྱད་རྩོམ་ཞིག་བྲིས་ཡོད་ཟེར་ལ། རྩོམ་ཡིག་དེ་སྔོན་ཆད་ཅིག་ལ་གྲོགས་པོ་ཞིག་གིས་སྒེར་ལ་བསྐུར་མྱོང་བ་ཞིག་ཀྱང་དྲན་མོད། ད་ལྟ་རྙེད་མ་སོང་། གློག་འདོན་ས་ཚུགས་ཀྱི་གཙོ་འགན་པ་ཞིག་དང་ཉིན་གཅིག་ལ་ཁ་བརྡ་བྱེད་པའི་གོ་སྐབས་བྱུང་མྱོང་། དེ་དུས་ཁོ་ཚོས་ཀྱང་ཉ་རིགས་རྒྱུད་སྤེལ་བའི་སྐབས་སུ་ཆུ་བོའི་གྱེན་དུ་འགྲོ་བས་སྐབས་དེར་ང་ཚོས་ཀྱང་མིས་བཟོས་གློག་སྐས་ལ་བརྟེན་ནས་ཉ་རྣམས་ཆུ་མཛོད་ནང་དུ་བསྐྱལ་རྩིས་ཡོད་ཟེར། 

     ན་ནིང་ད་ཚོད་ཅིག་ལ་ཁོ་བོ་མར་སྟེང་ཀླད་དུ་སོང་ནས་རྨ་ཆུའི་གཞུང་གི་སྐྱེ་དངོས་རྩི་ཤིང་དང་ས་བབ་སོགས་ལ་བརྟག་དཔྱད་ཐེངས་གཅིག་བྱས་མོད། སྐབས་དེར་ལག་ཆ་དང་དུས་ཚོད་སོགས་མང་བོ་ཞིག་གི་དབང་གིས་གྲུབ་འབྲས་འདི་ཡིན་ཞེས་པ་ཞིག་བསྟན་རྒྱུ་མ་རྙེད། སྐབས་དེར་རྨ་ཆུ་བཀག་མེད་པས་ལུང་ཁུག་ཚང་མ་རྒྱུན་ལྡན་རེད། རྨ་འགྲམ་དུ་འབྲོག་ཁྱིམ་འགའ་རེ་དང་། རྨ་འགག་ཅུང་དོག་ས་ཞིག་ཏུ་ད་དུང་དཔྱང་ཟམ་ཞིག་ཀྱང་ཡོད། གྲམ་པའི་ནང་དུ་གསེར་རྐོ་མཁན་གྱི་རེད་ཟེར་བའི་འཕྲུལ་ཆས་ཆག་རོ་འགའ་རེའང་བདག་མེད་དུ་གཡུག་འདུག 

ན་ནིང་སྤྱི་ཟླ་བཅུ་བའི་ཟླ་སྟོད་ནས་ཆུ་མཛོད་དུ་ཆུ་བསྐྱིལ་འགོ་བརྩམས་སོང་། རྨ་ཆུ་ནི་གློ་བུར་དུ་ཇེ་ཆུང་ལ་སོང་བས་ཉེ་འགྲམ་གྱི་མི་སེར་རྣམས་རྨ་འགྲམ་དུ་མཚར་རྡོ་སྣ་ཚོགས་འཐུ་བར་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག དེ་ནས་རིམ་གྱིས་རྨ་ཆུའང་ཅུང་ཇེ་ཆེར་གྱུར་ཏེ་སྔར་གྱི་རྨ་ཆུའི་སུམ་ཆ་གཉིས་ཙམ་གསོར་ཆུད་འདུག 

      དེ་རིང་ཡང་བསྐྱར་ན་ནིང་སོང་མྱོང་བའི་ས་ཚུགས་དེར་སོང་བ་ན་མིག་ལམ་དུ་མངོན་པ་ནི་སྔོ་ལྟེམ་མེར་འཁྱིལ་བའི་མཚོ་ཆུང་ཞིག་རེད། སྔོན་ཆད་མཐོང་མྱོང་བའི་གྲམ་པ་དང་དཔྱང་ཟམ། ད་དུང་ཀ་མདོའི་ར་མ་རྒྱལ་མོ་ཞེས་པའི་གཞི་བདག་གི་གནས་རི་ཆུང་ཆུང་དེ་སོགས་ཐམས་ཅད་འཇའ་ཡལ་བ་བཞིན་མཐོང་རྒྱུ་མེད་པར་གྱུར་ཟིན། ངས་ཚོད་དཔག་བྱས་ན་རྨ་ཆུ་ཕལ་ཆེར་རྨིད་བཞི་བརྒྱ་ཡས་མས་ཤིག་དཀྲུགས་ཏེ་ཡར་འཕགས་ཡོད་པ་འདྲ། 

     གྲོག་རོང་གཡས་གཡོན་གྱི་སྐྱེ་དངོས་རྩི་ཤིང་ཐམས་ཅད་མཚོ་ཆུང་འདིའི་གཏིང་དུ་ཡུབ་ཟིན་ལ། འབུ་དང་འདབ་ཆགས། ད་དུང་རི་དྭགས་སྣ་ཚོགས་ལའང་འབྲོ་ལོང་བྱུང་ཡོད་མེད་བཤད་མི་ཕོད། འབུ་རིགས་མང་བོ་ཞིག་ཕལ་ཆེར་ས་བབ་ཀྱི་དབང་གིས་མཐོ་ས་ལ་གནས་སྤོ་མི་ཐུབ་པས་རྩ་མེད་དུ་འགྱུར་སྲིད་ལ། དེ་བཞིན་སྐྱེ་དངོས་རྩི་ཤིང་སྣ་ཚོགས་ཤིག་ཀྱང་མཐོ་སའི་དྲོད་འཁྱག་མི་འཚམ་པས་རྩ་མེད་དུ་འགྱུར་སྲིད། སྐྱེ་དངོས་ལ་ལ་ཞིག་དམའ་ས་ནས་རིམ་བཞིན་མཐོ་སར་གནས་སྤོ་སྲིད་ལ། དེ་ནི་སྐྱེ་དངོས་བཙན་འཛུལ་གྱི་ངོ་བོར་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། སྐྱེ་དངོས་བཙན་འཛུལ་ཞེས་པའི་མཇུག་འབྲས་ནི་མཐོ་སའི་སྐྱེ་དངོས་མང་བོ་ཞིག་གི་རང་བཞིན་ལ་འགྱུར་ལྡོག་ཐེབས་པ་དང་། སྐྱེ་དངོས་ལ་ལ་ཞིག་རྩ་མེད་དུ་གཏོང་བ་སོགས་མདོར་ན་མིའི་རིགས་ཀྱི་དམག་འཁྲུག་དང་ཁྱད་པར་མེད། དམའ་ས་ནས་མཐོ་སར་སྤོས་པའི་འབུ་རིགས་སྣ་ཚོགས་ཀྱིས་མཐོ་ས་ན་གནས་པའི་འབུ་རིགས་ལའང་བཙན་འཛུལ་དང་འགྱུར་བ་སྣ་ཚོགས་གཏང་ངེས།སྐབས་དེར་ཡུལ་འདིའི་སྐྱེ་ཁམས་ཡོངས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་སྲིད་པས། སྐྱེ་དངོས་སྣ་མང་ཞིབ་འཇུག་ལ་སྤྲོ་བ་ཡོད་པའི་མི་ཞིག་ལ་མཚོན་ན་འདི་ན་ཞིབ་འཇུག་དང་ཚད་ལེན་གྱི་གོ་སྐབས་ཡག་པོ་ཞིག་ཏུའང་འགྱུར་སྲིད།

    སྐྱེ་དངོས་གནས་སྤོ་ཞེས་པ་དང་སྐྱེ་དངོས་བཙན་འཛུལ་ཞེས་པ་འདི་ང་ཚོར་མཚོན་ན་ཐ་སྙད་གསར་བ་ཞིག་རེད། འོན་ཀྱང་སྣང་ཚུལ་འདི་ནི་རྒྱུས་མེད་ཅིག་གཏན་ནས་མ་རེད། དཔེར་ན་སྔོན་ཆད་ང་ཚོའི་དགོན་པའི་ཉེ་འཁོར་དུ་མིང་ལ་སྐྱེས་མ་ཞེས་པའི་ལྡུམ་རིགས་ཤིག་ཡོད། སྐྱེ་དངོས་དེའི་མཚན་རིག་ཐོ་འགོད་ཀྱི་མིང་དང་ཁྱད་ཆོས་སོགས་བཤད་མི་ཤེས་མོད། ཟླ་ལྔ་བའི་ནང་ལ་མེ་ཏོག་གློ་ཁ་ཞིག་བཞད་རྒྱུ་ཡོད་ལ། མེ་ཏོག་གི་འདབ་མ་འཐོར་རྗེས་ཀྱི་གང་བུའི་ནང་དུ་སྲན་མ་ལས་ཆུང་བའི་འབྲས་བུ་མང་བོ་སྨིམ་ཡོང་། དེ་ལ་སྐྱེས་ཏོག་ཟེར། སྐྱེས་མ་འཐུས་ནས་མགོ་རྒྱན་དང་རྩེད་ཆས་སྣ་ཚོགས་བཟོ་ཆོག་མོད་ནོར་ལུག་གིས་ཕལ་ཆེར་མི་ཟ། སྐྱེས་མ་ཞེས་པའི་སྐྱེ་དངོས་དེ་ལོ་འདི་དག་གི་རིང་ལ་རྩ་མེད་དུ་གྱུར་ཏེ་ད་ལྟ་ང་ཚོའི་དགོན་པའི་ཉེ་འཁོར་དུ་ལྡུམ་རིགས་དེ་གཅིག་ཀྱང་མེད་པར་གྱུར་འདུག དེ་ནི་ང་ཚོའི་ཉེ་འཁོར་དེར་སྟར་བུའི་སྡོང་བོ་སྟེ་གླ་ཚེར་གྱིས་ཡོངས་སུ་ཁེབས་འདུག་པས། རྒྱུ་རྐྱེན་དེ་དང་འབྲེལ་བ་ཟབ་མོ་ཞིག་ཡོད་ངེས་རེད། དེ་ལ་སྐྱེ་དངོས་བཙན་འཛུལ་ཞེས་གོ་བ་བླང་ཆོག 

      དེས་ན་ཆུ་མཛོད་འདིས་ཀྱང་ས་གནས་འདིའི་སྐྱེ་དངོས་ལ་འགྱུར་ལྡོག་བློ་ཡུལ་དུ་མི་ཤོང་བ་འཁྱེར་ཡོང་ངེས་པས། སེམས་ཞིབ་མོས་བརྟག་དཔྱད་གཏང་ཐུབ་ན་སྐྱེ་དངོས་དང་འབྲེལ་བའི་བློ་བསྐྱེད་ཆེན་པོ་རེ་རེག་སྲིད། 

    ཉིན་འགའི་སྔོན་ལ་ས་གནས་དེ་གའི་འབྲོག་པ་མི་སེར་རེ་འགར་ཁ་བརྡ་བྱས་པ་ལས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་གནས་ཚུལ་ཡིད་སྐྱོ་བ་ཞིག་ཐོས་སོང་། ཁོ་ཚོས་བཤད་ན་ནོར་ལུག་མང་བོ་ཞིག་ཀྱང་ཆུ་མཛོད་ནང་དུ་གཅིག་འཕྲོར་གཅིག་གིས་འཐེན་ནས་མཆོངས་སོང་ཟེར་ལ། དེ་བཞིན་ཤྭ་བ་སོགས་རི་དྭགས་མང་བོ་ཞིག་ཀྱང་དངངས་སྐྲག་དང་བཅས་བསྟུད་མར་གཅིག་རྗེས་གཅིག་གིས་དེད་ནས་ཆུ་ནང་དུ་མཆོངས་སོང་བ་དངོས་སུ་མཐོང་མྱོང་ཟེར། རི་དྭགས་དེ་དག་གི་གྲས་སུ་རྩ་ཆེ་བའི་ར་དྭགས་གླ་བ་སོགས་ཀྱང་མང་བོ་འདུ། 

     འདབ་ཆགས་མང་བོ་ཞིག་ག་ལེར་གནས་གཞན་དུ་འཕུར་ཟིན་པ་འདྲ་ལ། འགའ་རེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྨད་ཕྱོགས་སུ་གནས་སྤོ་བཞིན་པ་ང་རང་ཉིད་སྡོད་སའི་ཁོར་ཡུག་ནས་ཀྱང་ཚོར་ཐུབ། 

     ད་ལྟ་ང་རང་འཇིགས་སྣང་སྐྱེ་བཞིན་པ་ནི་གཤོང་ཁུག་གི་འབུ་རིགས་མང་བོ་ཞིག་མཐོ་སར་སླེབས་རྗེས་འབུ་རིགས་གཞན་དང་རིགས་བསྡེབས་ཏེ་སླར་ཡང་འབུ་རིགས་གསར་བ་རེ་འབྱུང་སྲིད་ལ། འབུ་དེའི་རིགས་ཀྱིས་མི་དང་སྲོག་ཆགས། སྐྱེ་དངོས་རྩི་ཤིང་བཅས་ལ་གནོད་པ་ཚབས་ཆེན་བཟོ་སྲིད་མིན་དེ་རེད། 

      ད་ལྟ་འཛམ་བུ་གླིང་ན་སྔོན་འགོག་བྱེད་དཀའ་བའི་ཉེན་ཁ་སྣ་ཚོགས་འབྱུང་བཞིན་པ་ལས་སྐྱེ་དངོས་བཙན་འཛུལ་དང་སྐྱེ་དངོས་རིགས་འགྱུར་གྱི་ཉེན་ཁ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་ཕན་ཚུན་བར་ལྐོག་ནས་གནོད་པ་གཏོང་རེས་བྱེད་སྐབས་ཀྱང་ཉ་རིགས་མི་འདྲ་བ་རེ་ཕ་རོལ་བོའི་མཚོ་ནང་དུ་མངགས་པ་དང་། འབུ་རིགས་མི་གཅིག་པ་རེ་ཕ་རོལ་བོའི་སྐམ་ས་ལ་སྐྱེལ་བ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་པ་གསར་འགྱུར་ཁག་ལས་ཀྱང་ཐོས་ཐུབ། 

      ཆུ་མཛོད་འདིའི་ཉེ་འཁོར་དུ་ཉེན་ཁ་དེ་འདྲ་ཡོད་མེད་ཁོ་བོས་མི་ཤེས་མོད། སྐྱེ་དངོས་རིག་པར་དགའ་ཞེན་ཅན་ཞིག་ཡིན་ན་ཞིབ་འཇུག་ཚད་ལེན་གྱི་གོ་སྐབས་ཡག་ཤོས་ཤིག་ཏུ་མཐོང་བས་འདིར་དྲན་སྐུལ་གྱི་རྩོམ་ཡིག་འདི་སྤེལ་བ་ཡིན། 


________གྱི་ལིང་བས།


༢༥/༠༥/༢༦





No comments:

Post a Comment

Adbox