『རྩོམ་མཁན་བྷུ་ཌི་ལེར། སྒྱུར་མཁན་ན་བུན།』
མི་ཚེ་ནི་སྤྱི་འདུས་སྨན་ཁང་ཞིག་ཡིན་ན། དེ་གར་ནད་པ་རེ་རེ་རང་རང་གི་རེ་འདུན་ལྟར་གྱི་ནད་ཁྲི་རེར་ཞེ་འཁྲེང་ལ། ནད་པ་གཅིག་གིས། རང་ཉིད་ནད་ཁང་གི་ལྕགས་ཐབ་ཁ་གཏད་དུ་ན་ཟུག་སྐྱེས་ན་འདོད་ཅིང་། གཞན་དག་གིས། རང་ཉིད་སྒེའུ་ཁུང་འགྲམ་དུ་དྲག་སྐྱེད་ཡོང་ངེས་སྙམ།
ངས་ནི་ནམ་ཞར་དུ། ད་ཆར་རང་ཉིད་མི་གནས་པའི་འཇིག་རྟེན་གཞན་ཞིག་གི་བདེ་སྣང་ཚོར་ལ། ནང་སེམས་ན་འགུལ་གྱིན་པའི་རེ་དོགས་འདི་དག་ཟམ་མི་ཆད་པར། ངས་རང་ཉིད་ཀྱི་བླ་སྲོག་ལའང་དྲིས་སོ།།
“བདག་གི་བླ་སྲོག་ཀྱེ། བདག་ལ་གསུང་དུ་འབྱོན་རོགས། བདག་གི་འདར་སིལ་སིལ་གྱི་བླ་སྲོག་ཨང་།
ཁྱེད་རང་ལེ་སི་བྷོན་མཁར་གྲོང་དུ་ཇི་ལྟར་གསོན་ནམ། དེ་གར་རྨིགས་པ་ནང་བཞིན། ཁྱེད་རང་ཉི་འོད་ཀྱིས་དྲོས་སྲིད།
གོ་ཐོས་སུ། དེ་ནི་རྡོ་ཤེལ་གྱིས་རྩིག་པའི། ཆུ་ངོགས་ཀྱི་མཁར་གྲོང་ཞིག་ཡིན་པར་གདའོ།།
བསྙད་ཚུལ་ལ། དེ་ནི་སྔོ་ལྡུམ་ཚང་ཚིང་འཁྲིགས་པའི། མི་མེད་ཡུལ་སྟོང་ཆེས་འཇིགས་སུ་རུང་བ་ཞིག་ཡིན་པར་སྐད་དོ།།
དེ་གར། ཤིང་ནགས་མ་ལུས་བྲག་ཟིན། ཁྱོད་ཀྱིས་མཐོང་གསལ་ལྟར་དུ། དེ་ནི་བདག་གི་ནང་སེམས་ཀྱི་མེས་རྒྱལ་ཡིན་ནོ།།
དེ་ཡི་ནང་སྙིང་ཆུ་འོད་གྱིས་གྲུབ་ཅིང་། དེ་ཡི་སྣང་བརྙན་གཤེར་གཟུགས་འཕྲོས་སོ།།”
བདག་གི་བླ་སྲོག་གིས། ཁ་གྲག་མ་སོང་།
“བདག་གི་སྙིང་ལགས། ཁྱེད་རང་གྲགས་མེད་འགུལ་མེད་དུ་གྲུབ་ནས། མཛེས་སྡུག་གི་འདུ་འཛིར་གཡེང་དུས། ཁྱེད་རང་ཡིད་འོང་གི་ཧོ་ལན་ཌིར་འཚོ་ན་འདོད་དམ།
དེ་ནི་སྒྱ་རྩལ་གྱི་རིས་སུ་བཀོད་ཅིང་། འགྲེམ་སྟོན་གྱི་ལྡེབས་སུ་བཤམས་ནས། ཁྱོད་ཀྱི་ཡིད་དབང་འཕྲོག་པའི་དབང་གིས། དེ་གར། ཁྱེད་རང་དགའ་སྣང་གི་དཔལ་ལ་རོལ་ཐུབ་ངེས།
དར་ཤིང་གི་ནགས་ཚལ་ལ་དུང་བའི་ཁྱེད་ཨང་། སྒོ་ཤིང་གི་མཚོ་གྲུར་འཁྲེང་བའི་ཁྱེད་ཨང་། རའོ་ཊིར་མཁར་གྲོང་ལ་ཅི་ཞིག་གླེང་རྩིས་ཡིན་ནམ།”
བདག་གི་བླ་སྲོག་གིས། ད་དུང་ཁ་གྲག་མ་སོང་།
“གཅིག་བྱས་ན། བྷ་ཊ་བེ་ཡ་ནི་ཁྱེད་རང་ཆེས་མོས་པའི་གླིང་ཕྲན་ཡིན་ངེས་སམ། ད་དུང་དེ་གར། འུ་གཉིས་ཀྱིས་མཛེས་སྡུག་གི་ཚ་བའི་ཁུལ་གྱི་ཡོ་རུབ་གླིང་ཧྲིལ་གྱིས་མཐོང་ཐུབ་བམ།”
ཁ་གྲག་མ་སོང་། བདག་གི་བླ་སྲོག་གཏན་དུ་བྲལ་སོང་ངམ་ཅི།
“ཁྱེད་རང་ཅི་བྱ་གཏོལ་མེད་ཀྱི་འཇིངས་སུ་བྱིང་ནས། སྡུག་བསྔལ་བདེ་སྣང་དུ་འཁྲུལ་བ་ཡིན་ནམ། གལ་ཏེ་དེ་ལྟ་ཡིན་ན། འུ་གཉིས་འཆི་བ་གསོན་པར་རྫི་བའི་ཡུལ་གྲུ་ཞིག་ཏུ་འཕུར་ཆོག
བདག་གི་སྙིང་ཉེ་བའི་བླ་སྲོག་ཀྱེ། བདག་གིས་འུ་གཉིས་ཀྱི་མཐར་ཐུག་གི་གནས་མལ་རྟོགས་ཡོད།
ལྕགས་སྒམ་ནང་བསྡུ་གསོག་བརྒྱབ་ནས། འུ་གཉིས་ཊོར་ནེ་ཨོ་རུ་བཞུད་ཆོག
ཡང་ན་དེ་ལས་ཀྱང་རིང་དུ་བརྒལ་ཏེ། འུ་གཉིས་བྷལ་ཊེ་ཁི་མཚོ་མཐར་ཕྱིན་ཡང་ཆོག
ད་དུང་ཡང་ཚེ་ཐག་རིང་ན། འུ་གཉིས་ཀ་བྱང་སྣེ་གླིང་ཕྲན་ཕཱོལ་དུ་གཞིས་ཆགས་པར་བྱའོ།།
དེ་གར་ཉི་འོད་ས་སྟེང་དུ་འཕྲེད་དང་གསེག་གིས་འཕྲོས་ལ། ཉིན་མཚན་གཉིས་ཀ་ག་ལེར་འཁོར་ནས། སྟོང་བའི་ཁམས་གཞན་དག་རྨེག་མེད་དུ་བཅོམ་འགྲོ།
དེ་གར་འུ་གཉིས་མུན་ནག་གི་ཁྲུས་སུ་ཞུགས་ཆོག་ལ། སྐབས་རེར་སྤྲོ་སྣང་གི་སླད་དུ། བྱང་ཕྱོགས་ཀྱི་སྐྱ་མདངས་ལས་རྒྱ་སེ་མདོག་གི་འོད་སྣང་དམར་པོ་སྤར་ཆོག དམྱུལ་ཁམས་ཀྱི་ཤོག་སྦག་གད་པ་ནང་བཞིན།”
མཐའ་གཞུག བདག་གི་བླ་སྲོག་གས་ཐོར་བྱུང་སོང་། “འཇིག་རྟེན་གྱི་ཕྱི་རོལ་ཞིག་ཏུ།”
སྲོད་ཀྱི་མཛའ་མཐུན།
ད་ནི་དུས་ལ་འཁེལ་འདུག མེ་ཏོག་རེ་རེ་ཉིང་ལག་སྟེང་དུ་འདར་ལྕུག་ལྕུག བདུག་སྤོས་ནང་གཞིན་དྲི་ངུད་ཡལ་སོང་།
སྒྲ་དབྱངས་དང་དྲི་བསུང་། ས་སྲོད་ཀྱི་རླུང་ཁར་རྩེན།
ཡིད་གདུང་གི་ཞབས་བྲོ། འཇམ་མཉེན་གྱི་རོལ་དབྱངས་ཟ་ཟི་ཨང་།
མེ་ཏོག་རེ་རེ། བདུག་སྤོས་ནང་གཞིན་དྲི་བསུང་ཡལ་སོང་།
ཨོག་ལེན་གྱི་ཨག་སྐད། མི་སེམས་ལ་མནར་གཅོད་གཏོང་བྱད་འདྲ་བོ་འདུག
ཡིད་གདུང་གི་ཞབས་བྲོ། འཇམ་མཉེན་གྱི་རོལ་དབྱངས་ཟ་ཟི་ཨང་།
དཔངས་མཐོ་བའི་བང་སོ་ནང་བཞིན། ནམ་མཁའ་མཛེས་སྡུག་དང་སྐྱོ་སྣང་གིས་ཁེངས།
ཨོག་ལེན་གྱི་ཨག་སྐད། ནང་སེམས་ལ་མནར་གཅོད་གཏོང་སྤྱད་འདྲ་བོ་འདུག
ཆེས་སྙི་བའི་ནང་སེམས། གནག་ཅིང་ཟབ་པའི་སྟོང་འདང་ལ་སྡང་ཟུག་སྐྱེད།
དཔངས་མཐོ་བའི་བང་སོ་ནང་བཞིན། ནམ་མཁའ་མཛེས་སྡུག་དང་སྐྱོ་སྣང་གིས་ལྟེམས་ལ། ཉི་ནུབ་ཀྱང་རང་གི་སྲོག་རྩར་ཞོ་ལྟར་ཆགས་པའི་ཁྲག་ལ་ནུབ་སོང་།
ཆེས་སྙི་བའི་ནང་སེམས། གནག་ཅིང་ཟབ་པའི་སྟོང་འདང་ལ་སུན་སྣང་ཕྱུང་སྟེ། རྗེན་ནེར། འདས་སོང་གི་རྐང་རྗེ་བཏུས།
ཉི་ནུབ་ཀྱང་རང་ཉིད་ཀྱི་སྲོག་རྩར་ཞོ་ལྟར་ཆགས་པའི་ཁྲག་ལ་ནུབ།
བདག་གི་ཕྱིར་མིག་ཁུད་ཀྱི་ཁྱེད་ཨང་། གཙོ་བདག་གི་བྱིན་སྣོད་ནང་བཞིན། ད་དུང་འོད་དུ་འཚེར།
No comments:
Post a Comment