བྱིས་པའི་སློབ་གསོ་ལ་ལྟ་བ་ལས་ཀྱང་སྤྱོད་པ་གལ་ཆེ།
______ཞོགས་ལྗང་།
དུས་ད་ཙམ་ལ། རང་ཅག་རྣམས་ཁྱིམ་དང་བྱིས་པའི་སློབ་གསོ་གླེང་བ་འདི་ཤིན་ཏུ་ལེགས། ཁྱིམ་དང་བྱིས་པའི་སློབ་གསོ་ལེགས་ལམ་དུ་སོང་ཙ་ན། རང་ཅག་རྣམས་ཀྱང་གཞན་དང་དཔུང་བ་གཤིབ་པའི་ཚད་དུ་འོང་། གཞན་གྱི་མདུན་ལ་མགོ་སྨད་མ་དགོས་པའི་ལེགས་ཚོགས་མཐའ་དག་ལེགས་ལམ་དུ་སོང་བའི་སློབ་གསོས་འོང་གིས། སློབ་གསོ་ལེགས་ལམ་དུ་མ་སོང་བ་དེས་དཀའ། ལེགས་ཉེས་བླང་དོར་ཐམས་ཅད་ཀྱི་རྩ་བ་སློབ་གསོ་ལ་རག་ལས། དེ་ལས་ཀྱང་ཁྱིམ་དང་བྱིས་པའི་སློབ་གསོ་ལ་རག་ལས།
ཁྱིམ་གང་ཡིན་པ་ནི་ཕ་མ་དང་ཁྱིམ་པའོ། ཕ་མ་དང་བྱིས་པ་སྡོད་པའི་ཡུལ་དེ་ནི་ཁྱིམ་མོ། །ཕ་མ་དང་བྱིས་པ་འཚོ་ཞིང་སྡོད་པའི་ཐབས་ཐམས་ཅད་ནི་ཁྱིམ་སྲིད་དོ། །
ཁྱིམ་དང་ཁྱིམ་སྲིད་ཀྱི་རྩ་བ་ནི་སློབ་གསོའོ། །ཅི་ཙམ་གྱི་སློབ་གསོས་དེ་ཙམ་གྱི་ཁྱིམ་སྲིད་བསྐྱེད་དོ། །ཁྱིམ་སྲིད་ཀྱི་ལེགས་ཉེས་གང་ཡིན་པ་དེས་མི་རིགས་དང་རྒྱལ་ཁབ་ཀྱི་ལེགས་ཉེས་བསྐྱེད་དོ། །དེས་ན་རང་ཅག་རྣམས་ཀྱི་རྩ་བ་ནི་ཕ་མས་བྱིས་པར་སློབ་གསོ་ཅི་གཏོང་བ་དོན་དམ་པོའོ།།
འཇིག་རྟེན་གྱི་ལེགས་ཚོགས་ཐམས་ཅད་སློབ་གསོས་བསྐྱེད་ལ། སྡིག་ལྟུང་ཐམས་ཅད་ཀྱང་སློབ་གསོས་བསྐྱེད། མ་རིག་པའི་རྩ་བ་སློབ་གསོ་ལ་རག་ལས་པ་དང་། ཤེས་རབ་ཀྱི་རྩ་བའང་སློབ་གསོ་ལ་རག་ལས། སྒེར་གཅོད་གཏུམ་དྲག་ཐམས་ཅད་སློབ་གསོས་བསྐྱེད་པ་དང་། རང་དབང་འདྲ་མཉམ་ཐམས་ཅད་ཀྱང་སློབ་གསོས་འོང་། གསོད་པ་དང་། གཏུབ་པ་དང་། འབྲེག་པ་དང་། བསྡམས་པ་དང་། བཀྱིགས་པ་དང་། བསྒགས་པ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མིན། བདག་ཏུ་འཛིན་པའི་སེམས་ཡོད་པ་ཐམས་ཅད་སྡིག་ལྟུང་ལ་ཡ་མི་ང་བ་དེའང་མིན། རང་ལ་མི་འདོད་པ་ཐོག་ཏུ་འོང་ཞིང་། འདོད་པ་བསྒྲུབས་ཀྱང་དཀའ་བའི་དགེ་སྡིག་གི་ངོ་བོ་ཤེས་པ་དག་གཞན་ལའང་མི་སྤྱོད་དོ། །”བདག་པས་གཞན་གཅེས་”ཀྱི་བསམ་པ་རླབས་པོ་ཆེ་བསྒྲུབ་དཀའ་ཡང་། “བདག་གཞན་མཉམ་བརྗེས་ཀྱི“སྤྱོད་པ་རླབས་པོ་ཆེ་སྐྱོང་དགོས། རང་གང་གི་འདོད་པ་དག་གཞན་ལ་མ་སྤྱད་པ་དེས་ཞི་བདེ་འོང་གིས། ཐམས་ཅད་ཀྱི་བདེ་བ་ང་ཁོ་ནས་བསྐྲུན་པའོ་སྙམ་པའི་རྨོངས་པས་མི་གསོད་ཁྲག་སྦྱོར་ཤ་སྟག་བསྐྱེད།
སེམས་ཅན་གྱི་ཁམས་དང་མོས་པ་མཐའ་ཡས་པས་ཁྱོད་ཁོ་ནའི་བློ་ཡིས་ག་ལ་དཔོགས། དེས་ན། དང་པོ་ཉིད་ནས་ལེགས་ཚོགས་ཀྱི་རྩ་བ་སློབ་གསོ་ལེགས་པོ་སྤེལ་བ་ལ་རག་ལས་པས། ཐམས་ཅད་དེ་ལ་འབད་པ་གལ།
སེམས་དང་ལྡན་པ་རྣམས་ངའི་བྱིས་པ་ཕུལ་དུ་བྱུང་བའོ་མི་འདོད་པ་སུ་ཡང་མེད། ཐམས་ཅད་ལེགས་ཉེས་བླང་དོར་ལ་མགོ་རྨོངས་པས་རྩ་བ་དང་ཡལ་ག་འཁྲུལ།
ཁྱོད་རྩ་བར་འདོད་པ་དེ་ངས་ཡལ་གར་སྙམ། ངས་བདེན་པར་འདོད་པ་དེ་ཁྱོད་འཁྲུལ་བར་བཟུང་། དེས་ན། ཕ་མའི་མ་རིག་པས་མི་རབས་རྗེས་མའི་མ་རིག་པ་བསྐྱེད། མ་རིག་པའི་རྩ་བ་འདི་དག་སློབ་གསོ་ལ་རག་ལས་པས། བྱིས་པའི་སློབ་གསོ་ལེགས་པོ་འོང་བ་འདི་ལེགས་ཚོགས་ཐམས་ཅད་ཀྱི་ཆུ་མགོར་འདུག མ་རིག་པའི་དབང་གིས་ཤིན་ཏུ་ཉམ་ཆུང་བ་དག་ཀྱང་སློབ་གསོ་མེད་པ་མིན་མོད། སློབ་གསོ་ལེགས་པོ་གཏོང་བའི་ཆ་ལག་མ་ཚང་བ་ཡིན། ཕ་མ་རྣམས་སློབ་གསོ་ལེགས་པོ་གཏོང་བ་ལ་མ་མཁས་པ་ཡིན། ཕ་མ་རྣམས་སློབ་གསོ་ལེགས་པོ་ཇི་ལྟར་གཏོང་བའི་ཚུལ་ལ་རྨོངས་པ་ཡིན།
རང་ཅག་གི་གཞུང་ལ་དགེ་སློབ་དབར་གྱི་སློབ་གསོ་གཏོང་སྟངས་ཡོད་ཀྱི། ཕ་མ་དང་བུ་ཕྲུག་དབར་གྱི་སློབ་གསོ་གཏོང་སྟངས་དཀོན། ཡེ་མེད་པ་མིན་མོད། གཞུང་ལུགས་སུ་གྲུབ་པ་མེད། སྲིད་པའི་གཏམ་དུ་སྙད་པའི་ལེགས་པར་བཤད་པ་མི་ཉུང་མོད། དེ་འཐུས་སྒོ་ཚང་བར་གཞུང་དུ་བཅོས་པ་མེད། དེས་ན། འདིར་ཡང་ཟུར་ཙམ་གྱི་བསམ་ཚུལ་ཞིག་ཞུ་ཡི། བསྟན་བཅོས་རྩོམ་པ་མི་འོང་། རང་ཅག་གིས་ལྟ་སྤྱོད་ཅེས་བསྙད་པའི་ལྟ་བ་དང་སྤྱོད་པ་འདི་ཤིན་ཏུ་གལ་ཆེ། སློབ་གསོ་རིག་པའི་ངོས་ནས་བསྙད་ན། ལྟ་བ་ནི་གཞུང་ལུགས་དང་། སྤྱོད་པ་ནི་ལག་ལེན་ནོ། །ལྟ་བ་མེད་པའི་སྤྱོད་པ་དེ་ཉག་ཕྲ། ཤིན་ཏུ་ཉམ་ཐག་པ་རང་འདུག་མོད། སྤྱོད་པ་མེད་པའི་ལྟ་བ་ནི་དུར་ལ་སྦས་པའི་རིན་ཆེན་དང་འདྲ།
བྱིས་པ་ཆུང་ཆུང་རྣམས་ནི་ལེགས་ཉེས་བླང་དོར་གྱི་ཚུལ་ལ་རྨོངས། བཤད་ཀྱང་གོ་བའི་ངེས་པ་ཡེ་མེད། ནར་མའི་འཚོ་བའི་ཁྲོད། རང་ཅག་རྣམས་ཁ་ནས་མཚམས་མེད་དུ་འཆད་ལ་འབད་ཀྱི། ལག་ལེན་དངོས་བསྟར་ཞུ་མཁན་དཀོན། བདེན་རྫུན་ལེགས་ཉེས་ཀྱི་བླང་དོར་ཐམས་ཅད་ཁ་ནས་འཆད་ཀྱི། ནར་མར་ཀུན་སྤྱོད་དུ་བསྟར་བ་དཀོན། རང་གིས་སློབ་སྦྱོང་བྱེད་པ་དཀོན། བྱིས་པ་དཔེ་ཀློག་ལ་སྐུལ་བ་བཟང་མོད། ཁྱོད་དཔེ་ཀློག་ལ་འཇུག་པ་དེ་ལས་ཀྱང་མཆོག་ཏུ་བསྔགས་པས། ལྟ་སྤྱོད་གཉིས་ལས་སྤྱོད་པའི་རྗེས་སུ་འབྲངས་པ་གལ་ཆེ། རྫུན་བཤད་མ་རུང་བའི་སློབ་གསོ་སུས་ཀྱང་གཏོང་མོད། རྫུན་མི་བཤད་པའི་ཕ་མ་ཧ་ལམ་མེད། དཔེ་ཀློག་སྐྱོར་སྦྱངས་ལ་མི་དགའ་བའི་བྱིས་པ་དག་ལ་དགེ་རྒན་རྣམས་ཀྱང་སྨད། བྱིས་པའི་སེམས་ཁམས་ལ་བརྩི་མཐོང་ཡེ་མི་བྱེད་པར། ངོ་མཚང་འདྲུ་བ་དང་། གཅར་རྡུང་བྱེད་པ་སོགས་རང་གང་ལ་མོས་པ་བཞིན་དགེ་རྒན་རྣམས་ཀྱང་སྒྲུབ།་རང་དཔེ་ཀློག་ལ་འཇུག་པའི་དགེ་རྒན་ཤིན་ཏུ་རབ་ཏུ་ཉུང་། ལྟ་སྤྱོད་ཡ་བྲལ་དུ་གྱུར་བ་འདི་རང་རེའི་གཙོ་རྒྱུགས་སློབ་གསོ་རེད་མོད། འདི་མི་ལེགས་ཞེས་སུས་ཀྱང་མི་སྨྲ།
གཏམ་རྒྱུད་འདི་འདྲ་ཞིག་འཆད་དེ། ཡུལ་གང་ན་ཕ་མ་གཉིས་རང་གི་བུ་ཕྲུག་གི་སློབ་སྦྱོང་ལ་རྩོད། དགེ་རྒན་ཡང་ནམ་རྒྱུན་སློབ་མ་དེ་ལ་རྡུང་། ཅི་ཙམ་བཤད་པ་དང་། རྡུང་བ་སོགས་ཀྱིས་སློབ་མ་དེའི་སློབ་སྦྱོང་ལ་ཡར་བསྐྱེད་ཡེ་མི་འབྱུང་། ནམ་ཞིག་ན། ཨ་མ་དེའི་བསམ་པར་འདི་སྙམ་དུ། ད་ནི་རང་ཉིད་ནས་མགོ་བརྩམས་ཏེ་སློབ་སྦྱོང་བྱེད་སྙམ་པ་དང་། ཉི་མ་རྟག་པར་དཔེ་ཀློག་ལ་ཞུགས། དཔེ་ཀློག་ལ་ཡེ་དགའ་བའི་ཕ་མ་གཉིས་དེ་ལྟར་དཀའ་སྤྱད་སྙིང་རུས་ཀྱིས་སློབ་སྦྱོང་ལ་ཞུགས་པ་མཐོང་བ་དང་། དང་པོར་བུ་ཆུང་དེ་ཡ་མཚར། རིམ་གྱིས་ཕ་མ་གཉིས་ཀྱི་ཤུགས་རྐྱེན་གྱིས་བུ་ཆུང་ཡང་དཔེ་ཀློག་ལ་ཞུགས། དཔེ་ཆ་མང་དུ་བཀླགས་པ་དང་སློབ་སྦྱོང་གི་འབྲས་བུ་ཡར་ངོའི་ཟླ་བཞིན་འཕེལ། དུས་ནམ་ཞིག་ན། བུ་ཆུང་དེ་སློབ་ཆེན་རྩེ་གྲ་ཞིག་ཏུ་རྒྱུགས་འཕྲོད་ཅིང་། ཕ་མ་གཉིས་ཀྱང་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། ཡིན་ནའང་། ཕ་མ་གཉིས་ཕན་ཚུན་མི་འཆམ་ཞིང་འཁོན་འཛིང་ལ་རྒྱུན་མི་ཆད་པས། བུ་ཆུང་དེ་ཡང་ནམ་རྒྱུན་ཁམས་མི་དྭངས་པ་དང་། ཁྲོ་སླ་བ། ཁོང་དུ་ཆུད་པ་ཞིག་འདུག དེ་ལ་ཕ་མ་གཉིས་མི་འཁོན་པའ་དམ་བཅས། ཕན་ཚུན་ལ་སྙིང་རྩེ་ཞིང་ནམ་རྒྱུན་བུ་ཆུང་དང་གཏམ་མང་དུ་བྱས། རིམ་གྱིས་བུ་ཆུང་དེ་ཡང་སེམས་སྐྱིད་པ་དང་གཞན་ལ་བརྩེ་བ་ཤ་སྟག་ཏུ་གྱུར། གཏམ་རྒྱུད་འདས་ཀྱང་ལྟ་སྤྱོད་གཉིས་ལས་སྤྱོད་པ་གལ་ཆེ་བ་མཐོང་།
ནམ་ཞིག་ན། ཁོ་བོས་ཀོ་རི་ཡ་ལྷོ་མའི་གློག་བརྙན་ཞིག་ལ་བལྟས།(ད་ལྟ་གློག་བརྙན་དེའི་མིང་མི་དྲན་པར་འདུག) གློག་བརྙན་དེ་ལས། ཕ་རྒན་གྱིས་དབང་ཆ་དང་འཇིགས་སྐུལ་དོར་ནས་བདེན་པའི་རྗེས་སུ་འབྲངས། ཁོའི་ཉེ་མི་གྲོགས་པོ་དང་བཅས་པས་མཚར་དུ་འཛིན། དབང་ཆ་ཅན་གྱི་འཇིགས་སྐུལ་བ་དེ་དག་ཀྱང་བློས་མི་དཔོགས་པར་འདུག བཙན་པོ་དབང་ཡོད་དེ་དག་གི་མདུན་ནས་ཉམ་ཆུང་བའི་ཕ་རྒན་དེས་བཙོན་མའི་སྡུག་ལས་མི་མྱངས་ཐབས་མེད་དུ་གྱུར། ཡིན་ནའང་། ཕ་རྒན་དེའི་སྐད་ཆ་ཚིག་གཅིག་གིས་ཐམས་ཅད་བག་འཁུམ་པར་བྱས། སྐད་ཆ་དེ་ནི་འདི་ལྟ་སྟེ། “མ་འོངས་པའི་ངའི་བུ་རྒྱུད་ཀྱི་དོན་ལ། ངས་ནི་བདེན་པ་འབའ་ཞིག་བདམས་པའོ། །” དབང་དང་བཙན་གྱིས་ཉམ་ཆུང་བའི་མི་རྣམས་ཀྱི་ལུས་པོའི་རང་དབང་འཕྲོག་ཐུབ་ནའང་། ཁོ་ཚོའི་རྣམ་ཤེས་དང་སྙིང་སྟོབས་ཡེ་མིན་ནོ། །རང་གི་བུ་རབས་ཚ་རྒྱུད་བདེན་པའི་ལམ་དུ་སྐུལ་བའི་སྤྱོད་པ་རླབས་པོ་འདི་ནི། མི་རིགས་དང་རྒྱལ་ཁབ་རང་དབང་གི་ལམ་ལ་འགྲོ་བའི་སྒུལ་ཤུགས་ཡིན། འདི་ལྟ་བུའི་སློབ་གསོ་ནི་ལྟ་བ་ཙམ་གྱིས་མིན་པར། སྤྱོད་་པ་ལ་བརྟེན་པའོ།།
དེས་ན། སློབ་གསོ་ལ་ལྟ་སྤྱོད་གཉིས་ཀ་གལ་ཆེ་མོད། དེ་ལས་ཀྱང་སྤྱོད་པ་ཉིད་ནི་ཤིན་ཏུ་གལ་ཆེའོ། །སྤྱོད་ལམ་གྱི་རྗེས་སུ་མ་འབྲངས་པའི་སློབ་གསོ་ནི་སྲོག་དབང་བྲལ་བའི་བེམ་པོ་ཡིན་ཙ་ན། རང་ཅག་ཕ་མར་གྱུར་པ་རྣམས་ཀྱིས་རང་ཉིད་ནས་མགོ་བརྩམས་ཏེ་ནར་མའི་ཀུན་སྤྱོད་ལ་མཉམ་འཇོག་པ་རྩིས་ཆེ།
ཟུར་མཆན།
ཡང་ཡང་ཀློག་པའི་ཆེད་དུ་འདིར་སྤེལ་ནས་ཉར་བ་ཡིན་གྱི། དམིགས་འཆར་མེད་ན། ཀློག་མཁན་གྱིས་ཀྱང་དེ་ལྟར་དུ་མཛོད་ཅིག
No comments:
Post a Comment