ཁ་སང་གི་ལོ་ཟླ། ཁ་སང་གི་ཕྱི་མིག
| ན་བུན།
མེས་པོ་རལ་བ་ཅན་གྱི་ཤེས་རིག་གིས་མཆོད་མྱོང་བའི་ཁ་སང་གི་ཁ་བ། བཙན་པོ་དཔའ་ངར་ཅན་གྱི་བླ་སྲོག་གིས་བསྲུངས་མྱོང་བའི་ཁ་སང་གི་ཁ་བ།
ཁ་སང་གི་ཁ་བ་ཡབ་ཆེན་གྱི་བྱམས་བརྩེའི་དབུ་སྐྲ་བཞིན་དཀར་སངས་སངས། ཁ་སང་གི་ཁ་བ་ཡུམ་ཆེན་གྱི་དྲན་སྒུག་གི་དངན་པ་ལྟར་དཀར་བོང་བོང་།
ཁ་སང་། ཁ་སང་གི་ཁ་བ་ལྟར་བབས་ཤིང་ཁ་སང་གི་ཁངས་ཆུ་ལྟར་བཞུར་ཚར་བའི་ཤུལ་གྱི་ཡུལ་གདུང་དུ། ཁ་སང་གཅིག་པུར་བསྐྱར་དུ་ཚེས་སོང་། འདི་ནི་ཡུལ་གྱར་གྱི་ཁ་སང་རེད། འདི་ནི་ཁ་སང་གི་ཡུལ་འཁྱར་རེད།
ཁ་སང་ནམ་ཞིག་ལ་རྫོགས་འགྲོ་བར་ང་ལ་སེམས་ཁུར་ཆེ་ཞིང་། ཁ་སང་གང་ཞིག་ཏུ་འཛད་འགྲོ་བར་ང་ལ་ཕངས་སེམས་ཆེ།
ཁ་སང་ཨང་། ཞེན་ཆགས་དང་གནོང་འགྱོད་ཀྱི་ཁ་སང་ལས་ཅི་ཡང་ལྷག་མེད། དེ་ནི་ཁ་སང་གི་ཡུལ་མིའི་ཞེ་འདུན་དྲོན་མོ་དེ་ཡིན་ནམ། དེ་ནི་ཁ་སང་གི་རིགས་ཀྱི་གཏམ་རྒྱུད་སྣུམ་པོ་དེ་ཡིན་ནམ།
ཁ་སང་གི་གངས་རླུང་ཤུག་ཤུག ཁ་སང་གི་གངས་ཆུ་ཤག་ཤག ལོ་རྒན་ལྔ་བཅུའི་ཁྲག་གི་ཁ་བ་དང་ཁ་ཆེམས། ལོ་རྒན་དྲུག་ཅུའི་སྲོག་གི་ཁ་བ་དང་ཁ་དན། ཡང་ལོ་རྒན་བདུན་ཅུའི་སེམས་ཀྱི་ཁ་བ་དང་ཁ་འཐོར།
ཁ་སང་ཁ་བ་འབབ་ཐེངས་རེ་ལ་དྲན་གཞིག་ཁྲི་མ་འབུམ། ཁ་སང་ཁ་བ་ཞི་ཐེངས་རེ་རེ་ལ་འཁྲེང་ཞེན་ཁྲི་མ་འབུམ།
ཁ་སང་གི་ཡབ་མེས་དཔུང་རྗེན་དག་གི་སྒམ་བརླིང་ལྟར་བརྗིད་པའི་ཁ་བ། དེ་རིང་གི་རྗེས་རབས་གསོག་གསོབ་དག་གི་ཚུལ་འཆོས་བཞིན་འཚུབ་པའི་ཁ་བ།
ཁ་སང་གི་ཁ་བ་ང་ལ་ཞེད་སྣང་ཡོད། ཁ་སང་གི་ཁ་བ་ང་ལ་བློ་འགྱོད་མེད།
དོ་ནུབ་གཅིག་པུར་ཁ་སང་ཕྱིར་ལྡོག་ན་བསམ་བྱུང་། ཁ་སང་གི་ཁ་བ་བཞིན་ངའི་སེམས་ཁོང་ལ་འཕུར་ཡོང་ན་སྙམ། ཁ་སང་གི་ཁངས་ཆུ་ལྟར་ངའི་སྙིམ་པར་འཕྱུར་ཡོང་ན་བསམ།
དེ་ནི་ཁ་སང་ན་ཁ་བའི་རང་དམངས་ཡོད་པས་ཡིན་ལ་དེ་ནི་ཁ་སང་ན་ཁ་སང་གི་ཕ་ཡུལ་ཡོད་པས་ཡིན།
ཁ་སང་གི་ཁྱེད་ལ་ཁ་སང་ལས་མེད་ལ་ཁ་སང་གི་ང་ལའང་ཁ་སང་ལས་མེད་ཨང་།
༦ / ༢ / ༢༤
No comments:
Post a Comment