དམངས་ཁྲོད་རིག་གནས་དང་འབྲེལ་བའི་བྱིས་རྩོམ། I འོས་སྦྱོར།

གསར་རྩོམ་པ་དུང་ཨ་ཏི། རི་མོ། (Printest)

ཨ་མའི་ཨམ་ཕྲག

ང་རང་སྐྱེ་དུས་སུ།

ཨ་མའི་ཨམ་ཕྲག་ནས།

འོ་མའི་ཆུ་རྒྱུན་རྡོལ་ཡོང་བས།

ཨ་མའི་ཨམ་ཕྲག་ནི།

ཚེ་སྲོག་གི་མ་མ་དེ་ཡིན་ཨང་།

 

ང་རང་བྱིས་པའི་དུས།

ཨ་མའི་ཨམ་ཕྲག་ནས།

སྐབས་རེ་བྱེ་རིལ་ཐོན་ཡོང་།

སྐབས་རེ་ཀུ་ཤུ་སྨིན་ཡོང་།

སྐབས་རེ་རྩེད་ཆས་སྦྱིན་ཡོང་བས།

ཨ་མའི་ཨམ་ཕྲག་ནི།

སྒྱུ་མ་མཁན་གྱི་ཁུག་མ་དེ་ཅི་ལ་མིན།

 

མིག་ཧྲིག་ཧྲིག་གིས།

ཨ་མའི་ཨམ་ཕྲག་ལ་ལྟ་དུས།

ཨ་མའི་ཨམ་ཕྲག་གིས།

ངའི་རེ་བ། ཆུད་ཟོས་སུ།

གཏན་ནས་གཏོང་མ་མྱོང་།

བསྡུར་ བ།

སྤོ་བོས། ཕྱག་དང་མ་ཎི་བསྡུར།

རྨོ་བོས། ཚ་བོ་དང་ཚ་མོ་བསྡུར།

ཨ་ཕས། མོ་ཊ་དང་ཁ་པར་བསྡུར།

ཨ་མས། སྐེ་རྒྱན་དང་ལག་གདུབ་བསྡུར།

ཕུ་བོས། ལྷམ་དང་གོན་པ་བསྡུར།

ངས། སྐར་གྲངས་དང་རྩེད་ཆས་བསྡུར།

རྒྱུ་ ནོར།

ཁྱོད་ཀྱིས་ང་ལ།

ཁྱོད་ལ་རྒྱུ་ནོར་ཅི་ཙམ་ཡོད་ཟེར།

ངས་ཁྱོད་ལ་སྦ་གསང་མེད་པར་བཤད་ཆོག

 

ང་ལ་གནག་ཕྱུགས་སོ་བཞི་ཡོད།

དེ་ནི་དབྱངས་གསལ་སོ་བཞི་ཡིན།

འབའ་འདེབས་པ། 

རྡེའུ་གཅིག

རྡེའུ་གཉིས།

རྡེའུ་གསུམ།

རྡེའུ་བཞི།

རྡེའུ་ལྔ།

ཆེ་ཆུང་མེད།

ཡང་ལྕི་མེད།

རིལ་རིལ་ཡིན།

ཟླུམ་ཟླུམ་ཡིན།

རྐྱང་འབའ་འདེབས།

རྙང་འབའ་འདེབས།

སྒུལ་འབའ་འདེབས།

ཡང་ན། འབའ་རིང་འབའ་ཐུང་འདེབས།

ཡང་ན། གང་ལེན་གང་འཁྱེར་འདེབས།

མགོ་མང་འདེབས།

རྟ་རྒྱུགས་འདེབས།

སྒ་བསྟོད་འདེབས།

ཡང་ན། ཐོད་བཀུག་འདེབས།

ཡང་ན། ལག་གསོག་འདེབས།

ཁེར་ཆ་འདེབས།

ཉིས་ཆ་འདེབས།

སུམ་ཆ་འདེབས།

བཞི་ཆ་འདེབས།

འབའ་ཐེངས་གཅིག་ཚར་ན་གླུ་ཞིག་ལེན།

མགོར་ཐེངས་གཅིག་བཀལ་ན་སྒྲུང་ཞིག་བཤད།

ང་རང་རྒྱལ་སོང་།

ཁྱོད་རང་ཕམ་སོང་།

ཁེད་ཅིག་བཤད་རོགས།

ང་རང་རྒྱལ་སོང་།

ཁྱོད་རང་ཕམ་སོང་།

གཞས་ཤིག་གཏོང་རོགས།

ང་རང་རྒྱལ་སོང་།

ཁྱོད་རང་ཕམ་སོང་།

བྲོ་ཞིག་འཁྲབ་རོགས།

སྦྲ་ནག  

ང་རེ་ལྡེས་གྲུབ།

རེ་ལྡེ་ཁུལ་རྩིད་ཀྱིས་གྲུབ།

ང་ཁ་ཚུབ་ཀྱིས་གྲུབ།

ཁ་ཚུབ་བལ་རྩིད་ཀྱིས་གྲུབ།

ང་སྒོ་ཕྱར་གྱིས་གྲུབ།

སྒོ་ཕྱར་རས་དཀར་གྱིས་གྲུབ།

གཟའ་ཡིས་གནོད་མི་ཐུབ།

གཉན་གྱིས་གནོད་མི་ཐུབ།

བཙན་གྱིས་གནོད་མི་ཐུབ།

གདོན་གྱིས་གནོད་མི་ཐུབ།

ང་ཐ་གུས་གྲུབ།

ཐ་གུ་བལ་རྩིད་ཀྱིས་གྲུབ།

སྒྲོག་གུ་ཤིང་གིས་གྲུབ།

སྒྲོག་ལུང་རྩིད་པས་གྲུབ།

གྲུ་ཆོན་བཞི། དུས་ཚིགས་བཞི།

ནང་ཀ་བརྒྱད། སྤར་ཁ་བརྒྱད།

ཆོན་ཐག་དགུ། སྨེ་བ་དགུ།

ངོ་ཐིག་བཅུ་གཉིས། ལོ་སྐོར་བཅུ་གཉིས།

ཕུར་བ་ཉེར་བརྒྱད། རྒྱུ་སྐར་ཉེར་བརྒྱད།

ཕུག་ཆོན་སྲུང་མའི་རྟེན།

དཀྱིལ་ཆོན་ཕྱུགས་ཀྱི་རྟེན།

སྒོ་ཆོན་འཁོར་བའི་རྟེན།

གཡས་ཁྱིམ། མོ་ཁྱིམ་ཡིན།

གཡོན་ཁྱིམ། ཕོ་ཁྱིམ་ཡིན།

ང་རུས་སྦལ་གྱི་དབྱིབས་ཡིན།

འབྱུང་བཞིར་སྐྲག་མི་དགོས།

ང་དུག་སྡོམ་གྱི་དབྱིབས་ཡིན།

དགྲ་བོར་འཇིགས་མི་དགོས།

ས་བརྐོ་མི་དགོས།

རྡོ་སློག་མི་དགོས།

རུ་སྤར་དུས། ལྟེབ་ཆོག

གཞི་འཛིན་དུས། ཕུབ་ཆོག

སྒང་ནས་ཕུབ་ཆོག

གཤོང་ནས་ཕུབ་ཆོག

རྒྱབ་ཀ་སྟག་པ་ཡིན།

སྐུ་ཚེ་བརྟན་པར་སྨོན།

མདུན་ཀ་ཤུག་པ་ཡིན།

རྒྱུ་ནོར་འཕེལ་བར་སྨོན།

སྦྲ་མ་ཕུབ་པར།

ཨ་མས་ཁྱེའུ་སར་མི་འཇོག

སྦྲ་ནག སྦྲ་ནག སྦྲ་ནག

སློག་པ།

སློག་པ་གྱོན། སློག་པ་གྱོན།

ང་རང་སློག་པ་ལ་དགའ།

ཕུ་རུང་ཕུ་རུང་། རིང་དགོས།

ངའི་ལག་པ་འཁེང་འགྲོ།

ཐུ་བ་ཐུ་བ། བསྣོལ་དགོས།

ངའི་པུས་མོ་འཁེང་འགྲོ།

སློག་པ་གྱོན། སློག་པ་གྱོན།

ང་རང་སློག་པ་ལ་དགའ།

དཔྱིད་དུས་གྱོན།

དབྱར་དུས་གྱོན།

སྟོན་དུས་གྱོན།

དགུན་དུས་གྱོན།

གྲང་རླུང་འུར་འུར་ལྡང་དུས་གྱོན།

ཆར་བ་ཤག་ཤག་འབབ་དུས་གྱོན།

ཁ་བ་ལྷབ་ལྷེབ་འཚུབ་དུས་གྱོན།

སློག་པ་གྱོན། སློག་པ་གྱོན།

ང་རང་སློག་པ་ལ་དགའ།

ཁ་ཆོན་དམར་པོས་སྤྲོས་ཡོད།

ཁ་ཆོན་ནག་པོས་སྤྲོས་ཡོད།

ཁ་ཆོན་ལྗང་གུས་སྤྲོས་ཡོད།

ཁ་ཆོན་སེར་པོས་སྤྲོས་ཡོད།

ཁ་ཆོན་སྔོན་པོས་སྤྲོས་ཡོད།

བལ་ཐུལ་མི་དགོས། ཐུ་བ་ཡོད།

སྔས་མགོ་མི་དགོས། ཕུ་རུང་ཡོད།

བལ་གདན་མི་དགོས། ཐུ་བ་ཡོད།

ནུ་བོ་ནུ་བོ། སུན་མི་དགོས།

རྩེད་ཆས་རུམ་ན་ཡོད།

ནུ་མོ་ནུ་མོ། ལྟོགས་མི་དགོས།

རྒྱགས་ཕྱེ་རུམ་ན་ཡོད།

ཁེད་འཕེན་པ།

བློ་རིག་སྒྲིམས་ཤིག

མིག་ཟུང་ཚུམས་ཤིག

ཁེད་རྡོ་གོར་གོར་ཡིན།

ཁེད་རྡོ་ལེབ་ལེབ་ཡིན།

ཁེད་རྡོ་ནར་ནར་ཡིན།

སྟེང་ན་ཀ་ཡིག་ཡོད།

སྟེང་ན་ཅ་ཡིག་ཡོད།

སྟེང་ན་ཏ་ཡིག་ཡོད།

སྟེང་ན་པ་ཡིག་ཡོད།

སྟེང་ན་ཙ་ཡིག་ཡོད།

སྟེང་ན་ཞ་ཡིག་ཡོད།

སྟེང་ན་ར་ཡིག་ཡོད།

སྟེང་ན་ཧ་ཡིག་ཡོད།

སྟེང་ན་ཨ་ཡིག་ཡོད།

ཡང་ན། གི་གུ་ཡོད།

ཡང་ན། ཞབས་ཀྱུ་ཡོད།

ཡང་ན། འགྲེང་བུ་ཡོད།

ཡང་ན། ན་རོ་ཡོད།

ཡང་ན། ཉི་མ་ཡོད།

ཟླ་བ་ཡོད། སྐར་མ་ཡོད།

བློ་རིག་སྒྲིམས་ཤིག

མིག་ཟུང་ཚུམས་ཤིག

ཤར་ཕྱོགས་ཡིན།

ལྷོ་ཕྱོགས་ཡིན།

ནུབ་ཕྱོགས་ཡིན།

བྱང་ཕྱོགས་ཡིན།

ཡང་ན། ཤར་ལྷོ་ཡིན།

ཡང་ན། ལྷོ་ནུབ་ཡིན།

ཡང་ན། ནུབ་བྱང་ཡིན།

ཡང་ན། བྱང་ཤར་ཡིན།

ཁེད་རྡོ་སུས་རྙེད་ན།

དེ་རྒྱལ་བ་ཡིན།

རྙེད་མཁན་སུས་བཟུང་ན།

དེའང་རྒྱལ་བ་ཡིན།

རེམ་རེམ་གྱིས། མྱུར་མྱུར་གྱིས།

རེམ་རེམ་གྱིས། མྱུར་མྱུར་གྱིས།

འབྲོག་ཐབ།

མར་སྒྱིད་གཅིག

ཡར་སྒྱིད་གཉིས།

ཐབ་རྔ་མོང་གཟུགས་ཡིན།

ཐལ་ཕྱེ་མའི་ཚུལ་ཡིན།

སྒྱིད་པུ་ས་ཡིན།

རླངས་པ་རླུང་ཡིན།

ཆུ་ཁོལ་ལྷོག་ལྷོག

མེ་ལྕེ་འུར་འུར།

གཡང་སྒྱེད་པོ།གྲོགས་སྒྱེད་པོ།

གྲོགས་འདུས།གྲོགས་འདུས།

ཕར་རི་སྲིབ་ཀྱི་གྲོགས་འདུས།*

ཚུར་རི་ཉིན་གྱི་གྲོགས་འདུས།

ཉིན་སྲིབ་ཐང་གི་གྲོགས་འདུས།

ཁྱོད་འབར་ཡུན་མ་ཆད།*

ངས་གཡོ་ཡུན་མི་ཆད།

གཡང་སྒྱེད་པོ།གྲོགས་སྒྱེད་པོ།

 

*<<རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཀྱི་དམངས་སྲོལ་རིག་གནས་སྤྱི་བཤད་ཕ་ནོར་རིན་ཆེན་གཏེར་མཛོད་>>ལས་དྲངས།

འུར་ཆ།

ང་ཡར་མཆོག་གིས་གྲུབ།

ཡར་མཆོག་བལ་རྩིད་ཀྱིས་གྲུབ།

སུམ་སླས་ཡིན། བཞི་སླས་ཡིན།

བརྒྱད་སླས་ཡིན། སྦྲུལ་སླས་ཡིན།

ང་འུར་མཐིལ་གྱིས་གྲུབ།

འུར་མཐིལ་ཕྱིང་བས་གྲུབ།

ཀོ་བས་གྲུབ། ལྤགས་པས་གྲུབ།

ང་མར་མཆོག་གིས་གྲུབ།

མར་མཆོག་རྒྱུན་བུས་གྲུབ།

འུར་མཇུག་བལ་རྩིད་ཀྱིས་གྲུབ།

སུམ་སླས་ཡིན། བཞི་སླས་ཡིན།

བརྒྱད་སླས་ཡིན། སྦྲུལ་སླས་ཡིན།

ང་ལ་མཁོ་བ་འུར་རྡོ་རིལ་རིལ་ཡིན།

ཟླུམ་ཟླུམ་ཡིན།

ང་ལ་མཁོ་བ་འུར་རྡོ་ནར་ནར་ཡིན།

འཇོང་འཇོང་ཡིན།

  

གོ་རིམ་ཞིག

རམ་པ། བརྔོས་རྗེས།

རང་འཐག བསྐོར་རྗེས།

འབྲི་མོ། བཞོས་རྗེས།

འོ་མ། དཀྲུགས་རྗེས།

དར་བ། བསྐོལ་རྗེས།

རྩམ་པ། ཁ་བ་སྤུང་སྤུང་།

མར་ལོ། ལུ་གུ་རྩེན་རྩེན།

ཕྱུར་བ། སྤྲིན་ཕུང་ལྡང་ལྡང་།

འོ་ཇ། མཚོ་མོ་འཁྱིལ་འཁྱིལ།

ཐུར་མ་མི་དགོས།

ཁེམ་བུ་མི་དགོས།

མཛུབ་མོས་གཡོས་སུ་བསྐོར།

མཛུབ་མོས་གཡོན་དུ་བསྐོར།

༢༠༡༧..༢༦ཁྲང་ཨན།

ཨ་ང་ཙི།   

མཆུ་ཏོ་རྣོ་ན་རྣོ།

མཆུ་ཏོ་རིང་ན་རིང་།

ང་རང་ཆེས་སྐྲག་ས།

ཁྱོད་ཀྱི་མཆུ་ཏོ་དེ་མིན།


ལྟོ་བ་ཆེ་ན་ཆེ།

ལྟོ་བ་ལྡིར་ན་ལྡིར།

ང་རང་ཆེས་སྐྲག་ས།

ཁྱོད་ཀྱི་ལྟོ་བ་དེའང་མིན།


ང་རང་ཆེས་སྐྲག་ས།

ཁྱོད་ཀྱི་འཇབ་རྒོལ་དེ་ཡིན།

ཁམས་བདེ་ཞུ་མི་དགོས།

བཀའ་དྲིན་ཞུ་མི་དགོས།

དགོངས་དག་ཀྱང་ཞུ་མི་དགོས།


འོན་ཀྱང་། ང་རང་གཉིད་དུ་ཡུར་རྗེས།

ཁྱོད་ཀྱིས་འཇབ་རྒོལ་མི་བྱ་རོགས།

དུང་ཨ་ཏི། 

དངོས་མིང་ལ་རྡོ་རྗེ་བཀྲ་ཤིས་ཟེར། མཚོ་སྔོན་རྩེ་ཁོག་རྫོང་གི་མི་ཡིན། སྔ་ཕྱིར་༼གངས་རྒྱན་མེ་ཏོག་༽ དང་༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་༽སོགས་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་སྟེང་བྱིས་པའི་སྙན་ངག་དང་བྱིས་སྒྲུང་གཙོ་བོར་བྱས་པའི་བརྩམ་བྱ་མི་ཉུང་བ་ཞིག་བཀོད་མྱོང་། སྣང་བའི་འོད་ཆེན་འོག་གི་གྲིབ་གཟུགས་ནག་པོལ་༢༠༡༤ལོའི་སྐབས་དང་པོའི་ལྗོངས་ཞིང་ལྔའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་ལ། ༢༠༡༧ལོར་སྐབས་དང་པོའི་དཔྱིད་ཆར་རྟགས་མའི་བོད་ཀྱི་བྱིས་སྒྲུང་གསར་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། ༢༠༡༧ལོར་བྱིས་པའི་སྙན་ངག་རྩེ་གྲ་དག་བདམས་ཏེ་སློབ་གྲྭ་རེ་འགས་ཚོད་ལྟའི་ཚུལ་དུ་ཁྲིད།སང་ལོར་བྱིས་པའི་སྙན་ངག་གི་དེབ་གཉིས་དང་བྱིས་སྒྲུང་གི་དེབ་གཅིག་པར་དུ་གདབ་འཆར་ཡོད། དེ་སྔོན་དར་མའི་སྙན་དེབ་༼མདུད་པ་གྲོལ་བ་༽དང་བྱིས་པའི་སྙན་ངག་གི་དེབ་༼ཨ་ང་ཙི་ཞིག་ལ་སྨྲས་པ་༽པར་དུ་བསྐྲུན།



No comments:

Post a Comment

Adbox