འཇང་འདི་སྔོན་མྱཱ་དཀར་ནག་ཅེས་འབོད་པའི་གནས་ཡུལ་ཏེ། བཙན་པོ་ཁྲི་འདུས་སྲོང་གིས་སྤྱི་ལོ་༧༠༣ ལོར་བོད་བཙན་པོའི་ཆབ་འོག་ཏུ་བཅུག་མྱོང་། བར་ལམ་ཏཱ་ལིས་རྒྱལ་ཁབ་བཙུགས་ཏེ་སྤྱི་ལོ་༡༢༥༣ལོར་ཧོར་སེ་ཆེན་རྒྱལ་པོས་དབང་དུ་བསྡུས་པའི་བར་དར་རྒྱས་ཆེན་པོ་བྱུང་སྟེ་མངའ་ཁོངས་ད་ལྟ་ཡུན་ནན་ཞིང་ཆེན་ལས་བརྒལ་བ་བྱུང་།
ཀརྨ་བཀའ་བརྒྱུད་དང་འབྲེལ་བའི་འཇང་ནི་འཇང་གི་རྒྱལ་ཕྲན་ཆེན་པོ་གསུམ་གྱི་ཡ་གྱལ་ས་ཐམ་རྒྱལ་པོ་ཞེས་པ་དེ་ཡིན་ཞིང་། དེ་ཡང་ཏཱ་མིང་རྒྱལ་རབས་ཀྱི་མགོ་ཙམ་དུ་གོང་མ་ཀྲུང་ཡོན་ཀྲང་གིས་སྤྱི་ལོ་༡༣༨༢ ལོར་འཇང་རིགས་པ་ཨ་ཨིན་ཅ་དི་(阿阿甲得)ལ་རྨུའུའི་རུས་མིང་གནང་ཞིང་ས་ཐམ་ཡུལ་གྱི་དཔོན་པོའི་གོ་གནས་བསྩལ། ༡༣༨༣ ལོར་རྨུའུ་གཞུང་བཙུགས། དེ་ནས་རིམ་པར་རྒྱལ་པོ་ཐ་མ་རྨུའུ་ཀྲུང་བར་མི་རབས་བཅོ་བརྒྱད་རིང་ལོ་ངོ་སུམ་བརྒྱ་བཞི་བཅུ་ཡས་མས་ཏེ་སྤྱི་ལོ་༡༧༢༥ བར་ཙམ་དུ་བསྐྱངས། མི་རིགས་འཇང་རིགས་ལས་ན་ཤིས་(纳西)རིགས་དང་གནས་ཡུལ་དེང་གི་ལིན་ཅང་(丽江)དང་། ཆོས་ལུགས་སྟོན་པའི་ཆོས་ལུགས་ཞེས་བོན་ཆོས་ཡིན་པར་བཤད། དུས་རབས་སོ་སོའི་མངའ་ཁོངས་མི་འདྲ་ཡང་སྤྱི་ཁུལ་བཞི་དང་རྫོང་གཅིག་ཡོད་པར་བཤད་ཅིང་། བོད་ཤར་མཐའི་ཕྱོགས་ལ་འཇང་དམག་གིས་མནར་གཅོད་མང་པོ་གཏོང་མྱོང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་ཕེབས་སྐབས་ལོ་བཅུ་གསུམ་རིང་བོད་ལ་དམག་མི་བྱེད་པར་ཁས་བླངས་པའང་དུས་རྒྱུན་བོད་ལ་དམག་གིས་གནོད་འཚེ་གཏོང་གི་ཡོད་པར་མཚོན། འཇང་གླིང་གཡུལ་འབྱེད་ནང་གི་འཇང་ཡང་འདི་ཡིན་སྐད།
ས་ཐམ་སྲིད་གཞུང་།
འཇང་དང་ཀརྨ་བཀའ་བརྒྱུད་བར་གྱི་འབྲེལ་བ་ལོ་རྒྱུས་ལས་གསལ་བ་ལྟར་ན་ཀརྨ་པཀྵི་ཤར་ཕྱོགས་སྤུངས་རིར་བཞུགས་སྐབས་རྒྱ་འཇང་དབང་དུ་བསྡུས་ཞེས་འབྱུང་བར་བལྟས་ན་དེ་དུས་ནས་འཇང་མི་ཕལ་བ་དང་ཆོས་ཀྱི་འབྲེལ་བ་ཡོད་པ་འདྲ་ཞིང་། གཞུང་དང་འབྲེལ་བ་ནི་ཆོས་རྗེ་རོལ་པའི་རྡོ་རྗེའི་སྐུ་དུས་ནས་བྱུང་ཡོད་དེ། ཁོང་གི་རྣམ་ཐར་སྐབས་གསེར་ཕྲེང་ལས། དེ་དུས་གོང་གི་གསེར་ཡིག་པ་དང་། འཇང་ཡུལ་བའི་གསེར་ཡིག་ཚན་ཆེར་འཛོམ་མོ། །ཞེས་འབྱུང་བས་སོ། །
དེ་ནས་ཞྭ་དམར་མཁའ་སྤྱོད་པའི་ཡང་སློབ་ཆོས་རྗེ་དྲི་མེད་པ་འཇང་རྒྱལ་པོའི་ཏི་ཤྲི་རུ་ཕེབས་པ་དང་། རྒྱལ་དབང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་འབུལ་བ་དང་སྤྱན་འདྲེན་ཡང་ཡང་སླེབས་ཡོད་པར་གསེར་ཕྲེང་ལས། རྗེ་དུས་མཁྱེན་གྱི་སྒྲུབ་གནས་སྤང་ཕུག་ཏུ་སྐུ་འདྲ་གསུང་འབྱོན་ལ་མཆོད། དེར་དབྱར་བཞུགས་མཛད་ཟླ་བ་གསུམ་འདག་སྦྱར་ལ་བཞུགས། འཇང་ས་ཐམ་རྒྱལ་པོས་འབུལ་ཞབས་རྒྱ་ཆེར་སླེབས། ཞེས་དང་། རྣམ་ཐོས་རིར་ཕེབས། འཇང་ས་ཐམ་རྒྱལ་པོས་ཞུ་ཡིག་འབུལ་ཆེན་བཅས་སྤྱན་འདྲེན་པར་སླེབས། ཞེས་འབྱུང་། དེ་དུས་འཇང་གི་རྒྱལ་པོ་ནི་རྒྱལ་རབས་དྲུག་པ་རྨུའུ་ཐེ་(木泰)ཡིན་ཞིང་། ཁོང་སྤྱི་ལོ་༡༤༥༥ ལོར་འཁྲུངས་ཤིང་། ༡༤༨༦ ནས་༡༥༠༢ ལོར་གཤེགས་པའི་བར་ལོ་བཅུ་བདུན་རིང་སྲིད་བཟུང་ཡོད།
རྗེ་མི་བསྐྱོད་རྡོ་རྗེ་གདན་འདྲེན་མཁན་གྱི་ས་ཐམ་རྨུའུ་ཏེན་རྒྱལ་པོ།
གོང་དུ་བྱུང་བ་ལྟར་རྗེ་བཞི་པ་དང་བདུན་པ་གཉིས་ཀར་ཞུ་ཡིག་སླེབས་ཡོད་ཀྱང་དངོས་སུ་ཕེབས་ཐུབ་མེད་ལ། འཇང་ཡུལ་དུ་དངོས་སུ་ཕེབས་མཁན་ཀརྨ་པ་ཐོག་མ་རྗེ་མི་བསྐྱོད་པ་ཡིན། དེ་ཡང་གསེར་ཕྲེང་ལས། ཨ་ལ་རོང་དུ་འཇང་བླ་མ་བཀྲ་ཤིས་ཀྱིས་རྒྱལ་པོའི་ཞུ་ཡིག་སོགས་ཕུལ། ཞེས་དང་། འཇང་རྒྱལ་པོའི་(འདི་པ་རྒྱལ་རབས་བདུན་པ་རྨུའུ་ཏེན་(木定)ཡིན་ཞིང་ཁོང་སྤྱི་ལོ་༡༤༧༦ ལོར་འཁྲུངས། ༡༥༠༣ ནས་༡༥༢༦ ལོར་འདས་པའི་བར་ལོ་ཉེར་བཞིའི་རིང་སྲིད་བཟུང་ཡོད།)གདན་འདྲེན་པ་བྱུང་། དེ་ནས་རིམ་པར་རྒྱལ་ཐང་དུ་ཕེབས། ཡང་འཇང་གི་གདན་འདྲེན་པ་རྣམས་སླེབས། ཕེབས་པར་ཞལ་གྱིས་བཞེས། ཕྱག་ནས་གནང་བ་ས་ཐམ་དུ་སླེབས། ཞེས་སོགས་གསེར་ཡིག་ཡང་ཡང་དུ་སླེབས།
དངོས་ཕེབས་སྐོར་ལ་གསེར་ཕྲེང་ལས། དེ་ནས་རིམ་པར་ཕེབས། བྱི་ལོ་(༡༥༡༦)ས་གའི་ཚེས་གསུམ་ལ་འབྲུག་གྲགས། རི་ཐམས་ཅད་ངུར། འཇའ་འོད་ཀྱི་དྲ་བ་བྲེས། མེ་ཏོག་གི་ཆར་བབས། གླང་པོ་ཆེ་ཐག་པ་བཅད་ནས་སྒར་དུ་ཕྱིན་ཏེ་ཕྱག་འཚལ་བ་སོགས་བྱུང་། ཇ་ཀྲ་བཞིས་གཙོས་དམག་མི་ཁྲི་ཚོ་ཙམ་གྱིས་བསུ་བ་དང་བཅས་ས་ཐམ་ཕོ་བྲང་གི་ཉེ་སྐོར་དུ་སྒར་ཕབ། ཅེས་དང་། བསུ་བ་དང་མཇལ་འཕྲད་སྐོར་ལ་དེ་ལས། ཕྱི་ཉིན་ཐོ་རངས་རྒྱལ་པོ་ཉིད་གྱམ་ཁྲིར་ཕེབས། རྒྱལ་པོའི་ཁུ་བོ་དང་ནུ་བོས་གླང་པོ་ཆེ་རེ་རེ་ཞོན། གླང་པོ་གཅིག་ཡན་པར་ཁྲིད། རྟ་ཁ་དོག་སྣ་ཚོགས་པའི་ཞོན་པ་ཅན། གདུགས་རྒྱལ་མཚན་རོལ་མོ་སོགས་ཀྱི་བཀོད་པ་བསམ་ལས་འདས་པ་བཅས་བྱོན། གུར་སྒོར་ཐམས་ཅད་བབས། ཕྱག་ཕུལ། ལ་ཁ་ཚ་སྨྱོན་གྱིས་ལོ་ཙཱ་བྱས། སྐུ་ཁམས་ཞུས། འབུལ་བ་ཕུལ། གླང་པོ་ཆེས་ཕྱག་ཕུལ་ཞིང་སྐད་ཆེན་པོ་བཏང་། འོ་ཐང་འབུམ་གྱིས་གླང་པོ་ཆེས་སྐད་འདོན་པའི་རྒྱུ་མཚན་དྲིས་པས། གླང་རྫིས་སངས་རྒྱས་བྱོན་པ་ལ་ཁོ་དགའ་བ་རེད་ཟེར།
འཇའ་དང་མེ་ཏོག་གི་ཆར་བབས། ནུབ་རེ་བཞིན་སྒར་མཐའ་ནས་རོལ་མོ་ཕུལ། རྒྱལ་པོར་སངས་རྒྱས་དང་དྲུང་གོང་མའི་གསེར་སྐུ། མདོ་སྡེ་པད་དཀར་རྒྱ་སྤར། རྒྱལ་བའི་རིང་བསྲེལ། རྒྱལ་ལག བསེ་རུ། གསེར་ཆས། ཆིབས་པ་སོགས་སྐྱོས་མར་ཕུལ། བསུ་བའི་བཀོད་པ་དང་རྗེ་ཉིད་འཇོག་ཁྲིར་སྤྱན་དྲངས་ནས་དཔོན་སློབ་རྣམས་ཕོ་བྲང་དུ་སྤྱན་དྲངས། རྒྱལ་པོ་ཡང་རྒྱ་སྒོ་བར་མར་བྱོན་ནས་མཇལ་དར་ཕུལ། རྒྱ་བན་རོལ་ཆ་ཐོགས་པ་དང་། རྔ་བོ་ཆེ་གཅིག་ལ་མི་བཅུ་དྲུག་གིས་འཐེན་དགོས་འདུག རྡོ་ཆལ་དུ་གསེར་གྱི་ནོར་བུ་ཀ་བ་གཉིས་ཀྱི་ཁྱོན་ཙམ་དང་གསེར་གྱི་རྒྱལ་སྲིད་སྣ་བདུན་སོགས་དང་། རི་དྭགས་ཚོན་གྱིས་ཁ་བསྒྱུར་བ་རྣམས་ལ་ཕྱག་ནས་ཞུས། ཕོ་བྲང་དུ་གསེར་ཁྲིར་བཞུགས་སུ་གསོལ། འཁོར་རྣམས་ལའང་ཁྲི་དང་རྒྱ་ཁྲིར་བཞུགས་ནས། མདུན་ལྕོགས་རྣམས་གསེར་དངུལ་གྱི་མེ་ཏོག་གིས་བརྒྱན་ནས། གསོལ་ཇ་ཞུ་བ་དང་སྦྲག་པའི་རིན་ཆེན་གོས་དར་སོགས་བརྒྱ་འབུལ་ཕུལ། གསོལ་ཆས་སྣ་ཚོགས་པ་ཞུས། ཡང་ཕོ་བྲང་གཅིག་ཏུ་གསོལ་ཆས་ཞུས། གསེར་དངུལ་གྱི་ཕུང་པོ་རྣམས་འདུག་པར་ཕྱག་ནས་ཞུས། བཙུན་མོ་གསུམ་གྱིས་རྒྱན་རྣམས་ཕུལ་ནས་སེམས་བསྐྱེད་གནང་། རྒྱལ་པོས་སྐྱེལ་མ་བཅས་སྒར་ཐོག་ཏུ་ཕེབས། ཕྱི་ཉིན་ཡང་དེ་ལྟར་ཕོ་བྲང་གཅིག་ཏུ་སྤྱན་དྲངས། ཞེས་འབྱུང་ཞིང་། དེ་དུས་རྒྱལ་པོས་སྐྱེད་ཚལ་གྱི་མཆོད་ཁང་གཅིག་བཞུགས་གནས་སུ་ཕུལ་བ་ལས་འཇང་འོག་མིན་ཀརྨ་རྣམ་གྲོལ་གླིང་གི་དགོན་པ་བྱུང་།
རྗེ་བཙུན་མི་བསྐྱོད་རྡོ་རྗེ་འཇང་དུ་ཕེབས་དུས་བཞུགས་ཁང་།
དེའི་སྐོར་གྱི་མཛད་པ་སོགས་ལ་ཡང་དེ་ལས། ལོ་བཅུ་གསུམ་བར་བོད་ལ་དམག་མི་བྱེད་པ་དང་། ལོ་སྟར་བཞིན་བུ་ཁྲལ་ལྔ་བརྒྱ་རྩེ་ཕུལ། དགོན་པ་བརྒྱ་འདེབས་པར་ཁས་བླངས། ཞག་བདུན་བཞུགས། དེ་ཡན་ཆད་དུ་འཇང་རྒྱལ་པོ་འདི་སངས་རྒྱས་ཀྱི་བསྟན་ལ་མི་གུས་པ་ཞིག་ཡིན་ཅིང་། དེ་ནས་བཟུང་རྒྱལ་བསྟན་སྤྱི་དང་ཀར་བསྟན་ལ་མི་ཕྱེད་པའི་དད་པ་ཐོབ། ལ་ཁ་བར་རྒྱལ་པོས་དམག་དང་བཅས་པས་བསྐྱལ། ལོ་བདུན་མཚམས་ནས་ཕེབས་པར་ཞལ་གྱིས་བཞེས། བུ་ཁྲལ་འབུལ་བ་སོགས་སྟར་ཆགས་སུ་བྱས། དེ་ནས་རྒྱལ་ཐང་ཁང་སར་མགོར་ཕེབས་ཞབས་ཀྱིས་བཅགས་ཏེ་དགོན་པ་བཏབ། ཅེས་གསུངས། ཁོང་ལོ་བདུན་མཚམས་ནས་ཕེབས་པར་ཞལ་བཞེས་ཡོད་ཀྱང་ཕེབས་མ་ཐུབ་ཀྱང་། འབུལ་བ་ཐེངས་མང་བསྐུར་ཡོད།
རྒྱལ་དབང་དགུ་པའི་སྐབས་ཡང་བསྐྱར་འབུལ་ཞབས་དང་གསེར་ཡིག་ཐེངས་མང་དུ་བསྐུར་ཀྱང་ཕེབས་མ་གྲུབ་པར་སྐུ་ཚབ་ཏུ་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་། ཀརྨ་པཀྵིའི་གདུང་རིགས་ལས་འཁྲུངས་པའི་བླ་མ་ཀརྨ་ལྷུན་གྲུབ། སི་ཏུ་དྲུག་པ་ཆོས་ཀྱི་རྒྱལ་མཚན་སོགས་ས་ཐམ་དུ་བཏང་། དེ་དུས་འཇང་རྒྱལ་བཅུ་གསུམ་པ་བསོད་ནམས་རབ་བརྟན་ནམ་རྨུའུ་ཙན་(木增)ཡིན། ཁོང་སྤྱི་ལོ་༡༥༨༧ ལོར་འཁྲུངས་ཤིང་། ༡༦༤༦ ལོར་གཤེགས། ༡༥༩༨ ནས་༡༦༢༤ བར་ལོ་ཉེར་དྲུག་རིང་སྲིད་བཟུང་ཡོད། རྒྱལ་པོས་བསྟན་པ་ལ་ཞབས་ཞུ་གང་ལེགས་ཞུས་པ་ན་བཀའ་འགྱུར་དཔར་དུ་བརྐོ་བར་གདམས་པས་སྤྱི་ལོ་༡༦༠༨ ལོར་དབུ་བརྩམས་ནས་ཚལ་པའི་བཀའ་འགྱུར་ལ་མ་ཕྱི་བྱས་ཏེ་པོད་བརྒྱ་དང་བརྒྱད་ཅན་བརྐོས། དེ་ལ་འཇང་འགྱུར་ཞེས་ཡོངས་སུ་གྲགས།
རྗེ་དབང་ཕྱུག་རྡོ་རྗེ་གདན་འདྲེན་མཁན་གྱི་ས་ཐམ་རྨུའུ་ཙན་རྒྱལ་པོ།
འཇང་སྤར་བཀའ་འགྱུར་ཇི་ལྟར་བཞེངས་པའི་སྐོར་ལ་གར་དབང་དྲུག་པས་མཛའ་པའི་བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་སྤར་གྱི་ཚོགས་སུ་འཁོད་པའི་བྱུང་བ་གསལ་བར་བརྗོད་པ་ལེགས་བྱས་ཀྱི་རང་གཟུགས་ཀུན་ནས་སྣང་བ་ནོར་བུ་རིན་པོ་ཆེའི་མེ་ལོང་ལས། རྒྱ་བོད་མཚམས་གནས་འཇང་གི་ཡུལ་གྲུ་དགེ་ལེགས་ཅན། །དགེ་བས་སྐྱོང་བའི་རྒྱལ་རིགས་རྒྱལ་བུ་གཞོན་ནུའི་ཚེ། །ཀརྨ་མི་དབང་ཚེ་དབང་བསོད་ནམས་རབ་བརྟན་ཞེས། །བཀྲ་ཤིས་མཚན་དང་ཤིས་པ་བརྗོད་པས་ཤིས་མཛད་དེ། །ཞེས་སྦྱིན་བདག་སུ་ཡིན་པ། སྤར་གྱི་ཕྱི་མོ་གང་ལ་བྱས་པ། འགྲོ་གྲོན་ཇི་ལྟར་བཏང་བ་སོགས་ཀྱི་བརྒྱུད་རིམ་གསུངས། འདི་བཞེངས་པའི་དུས་ཡུན་ལ་ལོ་རྒྱུས་གཞན་ལས་ལོ་བཅུ་གསུམ་ཞེས་བཀོད་འདུག་ཀྱང་། གོང་གི་དཀར་ཆག་ནོར་བུའི་མེ་ལོང་དུ། ས་དམ་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེས། །མདུན་ན་འདོན་དང་བློན་པོའི་ཚོགས་ལ་བཀའ་བགོས་ཏེ། །ཕྱོགས་བཞིར་བཅད་པའི་མངའ་འབངས་ཆེན་པོ་སོ་སོ་ལ། །དཀའ་བར་མ་བསམ་འདི་ནི་དོན་ཆེན་བླ་མེད་ཕྱིར། །མྱུར་དུ་སྒྲུབས་ཞེས་ཕན་པར་སྒྲོག་པས་དྲིལ་བསྒྲགས་སོ། །ཟླ་གྲངས་གཞལ་ན་ལོ་གཉིས་སུ་ཡང་མ་ལོན་པའི། །དུས་སྐབས་ཤིན་ཏུ་མྱུར་བ་ཁོ་ནར་གྲུབ་ནས་ཀྱང་། །ཡི་གེ་གཟུགས་ལེགས་གསལ་བ་དོད་ཅིང་དྲས་ཚད་དང་། །བཀོད་པ་རྒྱུ་དབྱིབས་ཕུན་སུམ་ཚོགས་པར་ལེགས་པར་གྲུབ། །ཅེས་འབྱུང་བས་བཅུ་གསུམ་གྱི་བཅུ་དེ་མང་བར་མངོན།
ཕྱིས་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་སྲས་ཆེ་བ་ཚེ་རིང་ཡེལ་དུ་ཆིའི་སྲས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་ཞེས་པ་དེས་དམག་དཔུང་ཁྲིད་དེ་སྨར་ཁམས་སུ་གཡུལ་བཏེག །མདོ་ཁམས་སྒང་དྲུག་ཐམས་ཅད་དང་། ཤར་དར་རྩེ་མདོ་ཡན་ཆད་དབང་དུ་བསྡུས། དེ་ཞོར་འཇང་ས་ཐམ་རྒྱལ་པོའི་སྟེང་དུའང་དམག་དྲངས་ཏེ་བཀའ་འགྱུར་གྱི་སྤར་ཤིང་ཡོངས་བླངས་ནས་ལི་ཐང་དགོན་ཆེན་དུ་བཞུགས་སུ་གསོལ་བས་དེ་ནས་བཟུང་ལི་ཐང་བཀའ་འགྱུར་ཞེས་གྲགས།
ད་ལྟ་ལི་ཐང་དུ་བཞུགས་པའི་འཇང་བཀའ་འགྱུར་གྱི་སྤང་ཤིང་།
གསེར་ཕྲེང་ལས། བྱི་ལོའི་ལོ་གསར་ལ་འཇང་རྒྱལ་པོ་(རྒྱལ་རབས་བཅུ་བཞི་པ་རྨུའུ་ཡེས་(木懿)ཡིན། ཁོང་སྤྱི་ལོ་༡༦༠༨ ལོར་འཁྲུངས་ཤིང་། ༡༦༩༢ ལོར་གཤེགས། ༡༦༢༥ ནས་༡༦༦༨ བར་ལོ་ཉེར་ལྔ་རིང་སྲིད་བཟུང་།)ཀརྨ་འཆི་མེད་ལྷ་དབང་ཡབ་སྲས་བཙུན་མོར་བཅས་ཀྱིས་ལོ་གསར་མཆོད་འབུལ་དང་། དེ་ཕྱོགས་ཀྱི་སྐྱེ་བོའི་ཚོགས་ཀྱིས་མཆོད་སྤྲིན་རྒྱ་མཚོས་མཆོད། རྡོ་མཁར་མོ་ཀྭ་སོགས་ཀྱི་ཁྱིམ་དུ་སྤྱན་དྲངས་ནས་གསེར་དངུལ་དར་གོས་སོགས་ཕུང་པོར་སྤུངས་པས་མཆོད། དེ་ནས་འཕེལ་རྒྱས་གླིང་དུ་ཕེབས། མཆོད་པ་རྣམས་བཞེས་ཤིང་ཁྲོམ་ཚོགས་ལ་དགེ་བསྐུལ་དང་དབུ་ཞྭ་བཞེས། གཙུག་ལག་ཁང་དང་བཀའ་འགྱུར་སྤར་ལ་རབ་གནས་གནང་། ཨ་སྤང་མགོ་ཀརྨ་དར་རྒྱས་གླིང་དང་། བྲག་དཀར་བླ་མ་ཁང་སར་དགོན་པ་སོགས་སུ་རིམ་པར་ཕེབས། ཞེས་འབྱུང་བ་ལྟར་སྒར་ཆེན་ཐོར་རྗེས་སྤྱི་ལོ་༡༦༤༧ ལོར་རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་སྤྱན་དྲངས་པ་བཞིན་རྒྱལ་ཐང་དུ་བྱོན། གོང་གི་བྱི་ལོ་སྟེ་སྤྱི་ལོ་༡༦༤༨ ལོར་ས་ཐམ་དུ་བྱོན་པ་ནས་སྤྱི་ལོ་༡༦༧༣ ལོར་ཡར་བོད་དུ་ཕེབས་པའི་བར་ལོ་ཉི་ཤུའི་ལྷག་རིང་བཞུགས།
རྗེ་ཆོས་དབྱིངས་རྡོ་རྗེ་གདན་འདྲེན་མཁན་གྱི་ས་ཐམ་རྨུའུ་ཡེས་རྒྱལ་པོ།
དེ་རྟིང་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱང་འཇང་དུ་ཐེངས་གསུམ་ལ་ཕེབས་ཏེ་ལ་གཤིས་ངེས་དོན་ཕུན་ཚོགས་གླིང་དགོན་ནམ་འཇང་ཀརྨ་རྣམ་རྒྱལ་གླིང་བཏབ་པ་སོགས་སྔར་གྱི་ཀར་དགོན་རྣམས་ལ་བརྩེ་གཟིགས་བདག་སྐྱོང་གནང་བ་ནས་འཇང་དུ་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་ཁག་བཅུ་གསུམ་ནི་ད་ལྟའི་བར་དུ་གནས་ཡོད་པ་དང་། རྒྱལ་བ་ཡབ་སྲས་རྣམས་ཀྱི་སློབ་བརྒྱུད་ནང་འཇང་པའི་མཁས་པ་ཡང་མང་དུ་བྱོན་ཡོད།
རྗེ་རང་བྱུང་རྡོ་རྗེས་རྒྱལ་ཐང་དུ་གངས་གསང་དགོན་བཏབ་པ་དང་། རྒྱལ་དབང་ཆོས་གྲགས་རྒྱ་མཚོས་ཁ་བ་དཀར་པོར་སྒྲུབ་སྡེ་བཙུགས་པ། རྗེ་མི་བསྐྱོད་རྡོ་རྗེས་རྒྱལ་ཐང་དུ་ཁང་སར་མགོ་དང་ཁ་བ་དཀར་པོར་སྒྲུབ་སྡེ་བཏབ་པ། ཆོས་དབྱིངས་རྡོ་རྗེས་གནས་ཆེན་རྒྱལ་བ་རིགས་ལྔ་དགོན་བཏབ་པ་སོགས་སྔོན་བདེ་ཆེན་ཁུལ་ཁོངས་སུ་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་མང་དུ་བྱུང་ཡོད་ཀྱང་། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་རྒྱལ་ཐང་དཔོན་འབངས་ལ་གནང་བའི་བཀའ་ཤོག་ནང་། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐུ་ཐོག་ཏུ་ཀར་བསྟན་རྣམས་སྒྲ་མི་གྲག་ཅིང་། རྒྱལ་བ་འཇམ་དཔལ་སྙིང་པོའི་བསྟན་པའི་སྲོལ་སྔར་རྒྱུན་དར་རྒྱས་ཆེ་བར་མཛད། ཅེས་དང་། ཀར་དགོན་བརྒྱག་མི་ཆོག་པ་དང་། ཞེས་དང་། སྲིད་སྐྱོང་དེ་མོས་རྒྱལ་ཐང་གི་སེར་སྐྱ་དཔོན་འབངས་རྣམས་ལ་གནང་བའི་བཀའ་ཡིག་ཏུའང་། ཀར་ལུགས་སོགས་ཞྭ་དམར་བའི་རིགས་ཀྱི་གྲུབ་མཐའ་དྲི་མ་ཅན་སྔར་ཡོད་ཀྱི་རྒྱུན་རྣམས་བཀག་ཅིང་། ཕྱིས་ལྡང་བ་མེད་པར་མཛད་སོགས་མང་དུ་འབྱུང་བ་བཞིན་གཞུང་ས་མཆོད་ཡོན་ནས་གཏོར་བསྒྱུར་བཀག་འགོག་ནན་པོ་བྱས་པའི་དབང་གིས་ཕལ་ཆེར་ཉམས་པར་གྱུར།
______ཁམས་སྲས་ཀྱིས་བྲིས།
No comments:
Post a Comment