Photo from social media
བྲན་གཡོག་གི་ལམ་དང་ལུགས།
『རྩོམ་མཁན་ཀཱ་ཧེ་ཡེལ་གྷེབ་རན། སྒྱུར་མཁན་ན་བུན།』
མི་ནི་འཚོ་བའི་བྲན་གཡོག་འབའ་ཞིག་སྟེ། མི་རྣམས་གསོན་པའི་ཉིན་མོར་དཀའ་སྡུག་དང་ཉམ་ཐག་གིས་ལྟེམས་ཤིང་། འཚོ་བའི་མཚན་མོར་སྐྱོ་གདུང་དང་མིག་ཆུས་གཤེར་ལ། དེ་ནི་བྲན་གཡོག་གི་ལམ་དང་ལུགས་སོ།།
ཐེངས་ཤིག བདག་གིས་གནའ་བོའི་མཁར་གྲོང་བྷ་བྷེ་ལོན་(Babylon) ནས་སཱེ་རོ་(Cairo) བར་དང་། ཨེན་ཌོར་(Ain Dour)ནས་བྷེ་ཧ་ཌི་(Baghdad)མཁར་གྲོང་བགྲོད་མཁན་ཞིག་གི་རྗེས་སུ་འབྲངས་ཏེ། བྱེ་གསེང་དུ་དཔར་བའི་ལྕགས་སྒྲོག་གི་རྗེས་ཤུལ་ལ་རྟོགས་ཞིབ་བགྱིད་དུས། བདག་གིས་དེ་གར་མི་དང་མིའི་སྐྱོ་གར་གྱི་བྲག་ཅ་བར་མེད་དུ་འཁོར་བ་ཐོས་ལ། དེ་གར་བདག་གིས་གནའ་བོའི་བཟོ་རིག་ངལ་རྩོལ་གྱི་བྲན་གཡོག་བགྲང་དུ་མེད་པ་མཐོང་ངོ་།།
བྲན་གཡོག་འདི་དག་གླ་བདག་གིས་བྲན་དུ་འཁོལ་ལ། གླ་བདག་ཁོ་རང་དམག་དཔུང་གིས་བྲན་དུ་འཁོལ་བ། དམག་དཔུང་ཡང་དཔོན་པོས་གཡོག་ཏུ་འཁོལ་ལ། དཔོན་པོ་ནི་རྒྱལ་པོས་གཡོག་ཏུ་འཁོལ་བ། རྒྱལ་པོ་ཆོས་དཔོན་གྱིས་གཡོག་ཏུ་འཁོལ་བ་དང་། ཆོས་དཔོན་ལྷ་སྐུས་གཡོག་ཏུ་འཁོལ་བ་རེད།
ལར་ལྷ་སྐུ་ནི་ལྷ་སྐུ་འབའ་ཞིག་ལས་མི་འདའ་མོད་ཀྱི། བདུད་འདྲེ་དག་གིས་ས་རྡོ་སྤྱད་དེ་ལྷ་སྐུ་འདི་རིགས་མིའི་སྤྱི་གཙུག་ནས་ཀེར་གཟུགས་སུ་འགྲེང་བཅུག་པ་རེད།
བདག་གིས་མ་ཡུམ་གྱི་འོ་ནུ་འཇུབ་པའི་བྱིས་པ་བསམ་མེད་ཀྱི་བྲན་གཤིས་མཐོང་ལ། དེ་ནི་ཨོ་ལོ་དེ་དག་གིས་ལྡོག་མེད་བཀའ་དབང་བཙན་པོ་ཞིག་གི་ཡོག་ནས་རིགས་ཀྱི་དབྱངས་གསལ་སློབ་ལ་གཞོལ་གྱིན་གདའ་འོ།།
རྒྱལ་གཅེས་རིང་ལུགས་བྱ་བར་མིང་བརྡ་སྣ་ཚོགས་མཆིས་མོད་ཀྱི། གོ་དོན་གཤའ་མ་གཅིག་ལས་མེད་ཅིང་། དེ་ལ་ཕྱི་ཚུལ་གྱི་སྣང་བརྙན་སྣ་ཚོགས་མངོན་རུང་གོ་བརྡ་གཅིག་ཏུ་གྲུབ་བོ། །དྲང་མོར་བཀྲལ་ན། དེ་ནི་བཙན་རྒྱལ་དག་གི་གོ་དབང་རབས་སྔོན་རྗེས་བར་དུ་རྒྱུད་སྤྲོད་དང་རྒྱུན་འཛིན་བྱེད་ཐབས་འབའ་ཞིག་གོ །
བདག་གིས་དམུས་ལོང་གི་བྲན་གཤིས་མཐོང་ལ། དེ་ནི་གདོད་མ་ནས་ད་ལ་ཐུག་གི་བར་གྱི་མི་རིགས་གང་གི་རབས་ཀྱི་རྒྱུད་སྦྲེལ་ཏེ། རང་གི་ཕ་མེས་ཡང་མེས་ནས་དར་ཞིང་འཕེལ་བའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་ལ་ནི་བརྒོལ་ཞིང་གཏོར་ལ། ཡབ་མེས་རིང་གི་རིག་གནས་ཀྱི་བླ་སྲོག་གང་དེ་ཕྱི་རབས་པའི་ལུས་རྟེན་གྱི་གཟུངས་གཞུག་ཏུ་འཇུག་པ་ཞིག་ཡིན་ཚོད་རེད།
བདག་གིས་ངག་མི་འཁྲོལ་བའི་བྲན་གཤིས་ཀྱང་མཐོང་ལ། དེ་ནི་ཞེན་པ་ལོག་པའི་ཁྱོ་ཤུག་གཉིས་བཙན་དང་དབང་གིས་སྡེབ་ཏེ། སྐྱུག་བྲོ་བའི་ཤུག་མོའི་རྒྱུ་ལུས་སྡང་གདུག་ཆེ་བའི་ཁྱོ་བོའི་མལ་དུ་བཞག་ནས། ཆོས་ལུགས་བྱིན་ཅན་གྱིས་གཅུན་ཏེ་འཚོ་བར་འཇུག་པ་ཞིག་གོ །
བདག་གིས་ཐོས་དབང་ཉམས་པའི་བྲན་གཤིས་མཐོང་ལ། དེས་ནི། མིའི་བླ་སྲོག་གི་དབུགས་གསུད་ནས་རིགས་སྒྱུར་བྱེད་མོད་ཀྱང་། དེ་ནི་ཡི་མུག་པའི་གྲིབ་གཟུགས་ཤིག་དང་། འབོད་པའི་བྲག་ཆ་སྟོང་བ་ཞིག་གོ །
བདག་གིས་ཞ་འཐེང་གི་བྲན་གཤིས་ཀྱང་མཐོང་ལ། དེ་ནི་གཏུམ་དྲག་དབང་སྒྱུར་གྱིས་གཉའ་ནས་གནོན་ཞིང་མངའ་འོག་ཏུ་བསྡུ་ལ། ལུས་སེམས་གཉིས་ཀ་བཏུལ་ནས། ཧམ་སྲེད་ཀྱི་རྗེས་འཇུག་མང་པོ་རང་རང་གི་གོ་དབང་གི་ལག་ཆར་སྤྱོད་པ་ཞིག་གོ །
བདག་གིས་སྡོམ་གཅུན་གྱི་བྲན་གཤིས་མཐོང་ལ། དེས་ནི་མི་དང་མིའི་སྨྲ་ལྕེ་མདུད་ནས་འཇིགས་སྣང་གིས་བཅུམ་ལ། རང་སེམས་ཀྱི་རེ་འདུན་གཤའ་མ་བོ་ཅི་མི་སྙམ་པར་ཐེད་ལ་བསྐྱུར་ནས་ཕ་རོལ་བྲན་བདག་གི་བཀའ་བཀོད་འབའ་ཞིག་འུར་དུ་སྒྲོག་ཅིང་། རང་ཉིད་ཀྱི་ཡི་མུག་པའི་གནས་སྟངས་དངོས་ཀྱང་བརྫུས་ཤིང་སྦས་ཏེ། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སྒྱེ་ཁུག་སྟོང་པར་གྱུར་ཅིང་། དེ་ནི་བྱིས་པ་ནུས་མེད་ཅིག་གིས་ཀྱང་ལྟེབ་ནས་བསྡུ་གསོག་བྱེད་ཐུབ་པ་ཞིག་གོ །
བདག་གིས་ཚེ་ཚེ་རབས་རབས་ཀྱི་ཚེ་གཡོག་མཐོང་ལ། དེས་ནི་རང་ཉིད་དབང་དུ་བྱེད་མཁན་ལ་ནི་རྒྱལ་སྲས་ཞེས་གོ་དབང་གི་དབུ་རྒྱན་བསྒྲོན་ནས། བཙན་རྒྱལ་གང་གི་གཏུམ་སྤྱོད་དབང་སྒྱུར་ལ་ནི་རང་གི་མགོ་ལུས་འབུལ་རྐྱང་བྱ་བ་ལ་བག་མི་ཚ་བར་གདའ་འོ།།
བདག་ནི་མུ་མཐུད་དུ་གཏུམ་སྤྱོད་གདུག་རྩུབ་ཀྱི་དུས་རབས་གང་གི་རྗེས་སུ་འབྲང་བར་ཨ་ཐང་ཆད་པ་དང་དུས་མཚུངས་སུ། མི་རྣམས་དེ་ལྟར་སྲ་མཁྲེགས་ཀྱི་རྡོ་བར་འགྱུར་བའི་གོ་རིམ་ལ་དཔྱོད་ཅིང་གཞིག་པར་ཡིད་ཆད་དེ། བདག་ཁེར་རྐྱང་དུ་ཚེ་རབས་འདིའི་རི་ལུང་གི་གྲིབ་ཡོར་ཁྲོད་དུ་ཁམས་གཡེང་ངང་འཆམ་འཆམ་བྱེད་དུས། དེ་གར་འདས་སོང་གི་བྱས་ཉེས་མ་ལུས་སུབ་ལ་བྲེལ་ཞིང་། མ་འོངས་པའི་བླ་སྲོག་འཁུམ་ལ། ད་ལྟ་བར་མདུན་ལམ་ཡེ་མེད་པར་རང་ཚུགས་མ་ལྕོགས་པར་གདའ་འོ།།
ཁྲག་གི་རྒྱ་མཚོ་དང་མིག་ཆུའི་གཙང་ངོགས་ནི་དུག་སྤྲུལ་ལྟར་དུ་འཁྱིལ་ཞིང་། ནག་ཉེས་ཀྱི་རྨི་ལམ་ནང་བཞིན་འཁྲུགས་པས། བདག་གིས་ཞེད་སྣང་གིས་བཅུམ་པའི་བྲན་གཡོག་གི་ཤུབ་སྒྲར་གསན་མོད་ཀྱི། མིག་ལམ་དུ་ཅི་ཡང་མངོན་དུ་མ་བྱུང་ངོ་།།
དེ་ལྟ་ནའང་ནམ་གུང་ཡོལ་ཙ་ན། གསང་བའི་གནས་ལས་རྣམ་ཤེས་མང་པོ་གོང་བུར་འདུས་ནས། བདག་གིས་རོ་མདོག་སྐྱ་ཐལ་ལེ་བ་ཞིག་མཐོང་ལ། དེས་ནི་པུས་མོ་སར་བཙུགས་མིག་ཀོང་ཟླ་བར་གཟེད་ནས་འཆི་བར་ཕྱོགས་འདུག
སྐབས་དེ་ཤེད་དུ་བདག་རང་གཟུགས་བརྙན་དེའི་ཉེ་སར་གཅར་ནས། “ཁྱོད་སུ་ཡིན།” དྲིས་པས།
འཇིགས་རུང་གི་གྲིབ་གཟུགས་དེས། “ངའི་མིང་ལ་རང་དབང་ཟེར།” གསུང་བྱུང་།
རང་དབང་། མིག་ཆུ། ཉམས་རྒུད། དངངས་སྐྲག
“མི་གཅིག་རྒྱངས་ཤིང་རྩེར་བསྐྱོན་ནས་ཤི་སོང་། གཞན་པ་ཞིག་སྨྱོས་ནས་ཤི་སོང་། རབས་གསུམ་པ་ད་དུང་སྐྱེ་མ་སོང་།” གཟུགས་བརྙན་དེས་དེ་ལྟར་སྨྲ་བཞིན། ཞ་འཐེང་དུ་གྱེས་སོང་།
སྐབས་དེ་དག་ཏུ། བདག་གི་མིག་ནང་དུ་ན་བུན་འཐིབས་ཤིང་། བདག་གི་སྙིང་གསེང་དུ་ངུ་ཟུག་ལངས་ཏེ། བདག་གི་མིག་དབང་ཐོས་དབང་དང་བཅས་པ་སྒྲིབ་པར་གྱུར་རོ།།
No comments:
Post a Comment