『རྩོམ་མཁན་ཊི་ར་ཡ་མ། སྒྱུར་མཁན་ན་བུན།』
གཤོག་ཐོགས།
བྱ་འཕུར་དུས། གཤོག་པ་རྐྱོང་བས་འཐུས་ཀྱང་།
ཁྱོད་འཕུར་སྐབས། ཅི་ཞིག་སྤྱོད་དམ།
ནུབ་ཀྱིན་པའི་ཉི་འོད་ལྟར་དུ།
ང་ནི། ཁང་རྩེག་གི་མཐོ་སར་འགྲེང་སྙམ།
ང་ནི། སྙན་དངགས་པ་ཨཱ་ལེན་གྱི་སྙན་ངག་གི་ཞང་ཁམས་སུ་འཕུར་ཐུབ་བམ།
ང་ནི། སྒྱུ་རྩལ་པ་མཱོ་ཛར་ཊིའི་རོལ་དབྱངས་ཀྱི་འཇིག་རྟེན་དུ་འཕུར་ཐུབ་བམ།
སྙིང་སྡུག་གི་སླད་དུ། ང་ནི་བརྩེ་དུང་གི་ལྷན་དུ་འཕུར་ཐུབ་བམ།
རྒྱང་རིང་གི་ཉི་ནུབ་ལ་ཕྱོགས་ནས། ལག་པ་གཉི་ག་བརྐྱངས་ནས།
ང་ནི་གཏན་དུ། རང་གི་ཡི་མུག་དང་། མྱ་ངན་གྱིས་བཟུང་།
ཆག་གྲུམ།
འཇིག་རྟེན་དུ་ཆེས་རིང་བའི་བར་ཐག་ནི། རང་སེམས་ཡིན།
སྐྱེས་པ་ནས། ཐེངས་ཅི་ཙམ་མཇལ་འཛོམ་གྱི་སྒོ་མོ་གཏན་མྱོང་ངམ།
ངས་དེ་ལྟར་བསམ་ཚེ། མི་རྣམས་རྒ་བར་འགྱུར།
མི་ཚང་མར། རང་སེམས་ན་རེ་འདུན་གྱི་རྒྱ་མཚོ་རེ་འཁྱིལ་ཡོད།
དེ་ནི། ཁ་ཁར་གྱེས་སྐབས་དང་།
ཡང་ན་ལྷན་དུ་འཛོམ་དུས་ཀྱང་། རང་སེམས་ན་དགའ་སྡུག་གི་རྒྱ་མཚོ་རེ་ལྟེམས་ནས་ཡོད།
ཡིད་གདུང་གི་དུས་སུ།
ཡིད་གདུང་གི་དུས་སུ། ང་ཕྱི་རོལ་དུ་ཆས་ནས་རྒྱ་མཚོར་བལྟས།
ང་ནི། དཔེ་རྙིང་འཚོང་ཁང་ནས་ཡུལ་བར་འཁྲེངས་ལ། ང་ནི། ཕྱི་རོལ་དུ་བུད་ནས་རྒྱ་མཚོར་བལྟས།
ནད་གཅོང་གིས་མནར་ནས་ཉལ་སར་ལྷུང་དུས། ང་ནི། ཕྱི་རོལ་དུ་སོང་ནས་རྒྱ་མཚོར་བལྟས་ལ།
ཞོགས་ཀར། ང་ཡི་རྣམ་ཤེས་རྒུད་ནས་དུབ་ཀྱང་། ང་ནི། ཕྱི་རོལ་དུ་བསྐྱོད་ནས་རྒྱ་མཚོར་བལྟས།
ཀྱེ་རྒྱ་མཚོ། ཁྱེད་ནི།
དཔང་མཐོ་བའི་ཕྲག་ཟུང་དང་། དཀྱེད་ཡངས་པའི་བྲག་ཁོག་རེད་ཨང་།
མྱ་ངན་གྱི་ཞོགས་པ། གདུག་རྩུབ་ཀྱི་མཚན་མོ།
གང་ལྟར། མཇུག་སྒྲིལ་ངེས།
ནམ་ཞིག ཚེ་སྲོག་མ་ལུས་འདི་ལྟར་མཇུག་རྫོགས་ཀྱང་།
རྒྱ་མཚོ་གཅིག་པུ། ད་གཟོད་རྟག་བརྟན་དུ་གནས་སྲིད།
ཡིད་གདུང་གི་དུས་སུ། ང་ཕྱི་རོལ་དུ་བསྐྱོད་ནས། རྒྱ་མཚོར་བལྟས།
ཆེས་ཁེར་རྐྱང་གི་མཚན་མོར་ཡང་། ང་ཕྱི་རོལ་དུ་བུད་ནས། རྒྱ་མཚོར་བལྟས།
སྙན་རྩོམ་ཐུང་ངུ་ཞིག
མིག་ཆུ་ནི། མ་གཞི་ནས་མིས་བཟོས་མཚོ་ཆུང་ཞིག་གོ །
མཚན་ཞག་གི་ཟླ་འོད་འཕྲོ་བའི་མཚོ་ངོས་ན། འཕྲིན་ཡིག་འབྲི་བྱེད་ཀྱི་ཤོག་ལྷེ་ཧྲལ་ཧྲུལ་གཅིག་བཞག་ཡོད།
ཟླ་འོད་འཕྲོས་ན། འཕྲིན་ཤོག་གི་ཁ་མདོག་སྔོན་པོར་འགྱུར་སྲིད་དམ།
མི་ཡིས་ཉ་མོར་འབོད་པ། སུ་ཡིས་བཞག་པའི་འཕྲིན་ཡིག་ཡིན།
【རྩོམ་པ་པོ།】
ཞུ་ཇེ་ཊི་ར་ཡ་མ་(Shūji Terayama 1935 – 1983) ནི་ཉི་ཧོང་གི་དེང་རབས་སྙན་ངག་པ་དང་ཁྲབ་འཁྲིད་པ། པར་བ། འཁྲབ་གཞུང་རྩོམ་པ་པོའི་གྲས་ཀྱི་རླབས་ཆེ་བའི་སྒྱུ་རྩལ་པར་འབོད་ཅིང་། ཁོང་གི་གསར་རྩོམ་སྙན་ངག་དང་ཟློས་གར་འཁྲབ་གཞུང་བཅས་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་དང་དེའི་ཆག་འཇིགས་ཀྱིས་གྲུབ་པར་སྨྲ། མ་ཟད་སྒྱུ་རྩལ་རྩོམ་རིགས་གསར་རྩོམ་གྱི་ཐད་ནས། ཁོང་ནི་དུས་རབས་ཉི་ཤུ་ལོ་རབས་༥༠ ནས་༧༠ དབར་གྱི་འཁྲབ་གཞུང་གསར་རྩོམ་ཐད་ནས་ཉི་ཧོང་གི་རླབས་རྒྱུན་གསར་བའི་(ヌーベルバーグ (Nūberu bāgu)དབུ་འདྲེན་པའི་གྲས་ཡིན་པ་དང་། འཁྲབ་གཞུང་གསར་རྩོམ་ཐད་ནས་རྒྱལ་ཕྱི་ནང་གི་ཆེས་མཐོའི་གཟེངས་རྟགས་བགྲང་མེད་ཐོབ་མྱོང་། འཐུས་ཚབ་བརྩམས་ཆོས་<<སྲང་ལམ་གྱི་ཧྲག་དམག དཔེ་དེབ་གཡུག་ཞོག>> (書を捨てよ、町へ出よう)སོགས་འདུག
No comments:
Post a Comment