པར་དབང་གངས་ལྗོངས་ཉི་གཞོན།
བོད་ཀྱི་རྒྱལ་རབས་ཞེ་བརྒྱད་པ་བཙན་པོ་<<ཁྲི་འདུས་སྲོང་གིས་མགར་སྤུན་མཆེད་ལ་ཀྱོན་ཕབ་པའི་མགུར།>>
བཙན་པོ་ཉིད་ཀྱིས་ཕྱོགས་གཅིག་ནས་སྤུ་རྒྱལ་རྒྱལ་རབས་ཀྱི་ཆེ་བ་བརྗོད་དེ་བློན་འབངས་རྣམས་ལ་བཙན་པོའི་སྲིད་དབང་ཉམས་མི་སྲིད་པའི་ཡིད་ཆེས་སྦྱིན་པ་དང་། ཕྱོགས་གཞན་ཞིག་ནས་མགར་སྤུན་མཆེད་ཀྱི་བྱས་ཉེས་ཐེར་འདོན་བྱས་ཏེ་གནས་ལུགས་དང་བདེན་ཁ་ཐམས་ཅད་རང་ཉིད་ཕྱོགས་ན་ཡོད་པར་ར་སྤྲོད་བྱ་དགོས་པ་ན། བརྗོད་བྱའི་དོན་གྱི་སྒྲིག་གཞི་དང་རྗོད་བྱེད་ཚིག་གི་ཉམས་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ལྡན་པར་གྱུར་བས། བཙན་པོའི་དུས་ཀྱི་མགུར་གླུ་ལས་འཐུས་ཚབ་རང་བཞིན་ལྡན་པའི་མགུར་གླུ་ཞིག་རེད་ཅེས་བརྗོད་ཆོག
_______དཔྱད་བརྗོད་པ་བཀྲ་བྷས།
ཀྱེ། གནའ་བསྐལ་བ་ཆགས་པའི་ཐོག་མ་རུ།།
གཞེས་སེམས་ཅན་བྱུང་བའི་དང་པོ་ལ།།
དགུང་ཨ་སྔོན་མཐོན་པོའི་མར་འོག་གི །
ས་དོག་མོ་འདི་ཡི་ཡང་སྟེང་ན།།
གཙུག་ལོ་རྒྱུས་གཙིགས་ཤིང་གཙུག་ལེགས་ཏེ།།
མཐོ་མཐོ་སྟེ་གནམ་བཞིན་བརྡིབས་མི་སྲིད།།
བརྟན་བརྟན་ཏེ་རི་བཞིན་སྟོབས་མི་ཉམས།།
དགུང་ཉི་མ་མཁའ་ལ་ཤར་བ་ན།།
གང་དྲོ་དྲོ་ཟེར་ན་ས་གཞི་དྲོ།།
མདའ་དྲང་མོའི་སྒྲོ་བསྟོད་མ་ནོར་ན།
མདའ་དོང་ལ་ཉར་ན་རྒྱན་གྱི་རྒྱན།།
མདའ་རྩེད་ཀྱི་དུས་སུ་རྣོ་ཡང་རྣོ།།
མདའ་འཕངས་ན་རི་དྭགས་ཤ་ཡང་གསོད།།
ཤ་བསད་ན་མགོ་ནག་མི་ཡང་གསོ།།
ཀྱེ། དུས་དེ་རིང་སང་ཉིན་ལ་བལྟས་ན།
ས་དོག་མོའི་སྲིན་འབུ་སྦུར་བུ་ཡིས།།
བྱ་འདབ་ཆགས་ལྟར་དུ་བཅོས་བཅོས་ཏེ།།
གནམ་ཨ་སྔོན་དབྱིངས་ལ་འཕུར་འདོད་ཀྱང་།།
འཕུར་བྱེད་ཀྱི་གཤོག་པ་ཡེ་ནས་མེད།།
འཕུར་བྱེད་ཀྱི་གཤོག་པ་ཡོད་ཀྱང་རུང་།།
དགུང་ཨ་སྔོན་དབྱིངས་ཀྱི་འཕང་མཐོ་བས།།
སྤྲིན་དཀར་ནག་མཚམས་ལས་བརྒལ་མི་ནུས།།
ཡར་འཕུར་ནས་དགུང་ལ་སླེབས་མ་ནུས།།
མར་བབ་རུང་དོག་མོར་སླེབས་མ་ནུས།།
དབྱིངས་མཐོ་དམན་གཉིས་ཀའི་བར་མཚམས་ནས།།
བྱ་རྒོད་པོ་ཁྲ་ཡི་གཟན་དུ་འགྱུར།།
ཡུལ་བྱ་པུ་ཟེར་བའི་ལུང་ཆུང་ན།།
འབངས་ཧམ་ཆེན་ཞིག་གིས་རྗེ་རུ་རེ།།
མགར་སྟོང་བཙན་བུ་ཡིས་རྗེ་རུ་རེ།།
དཔེ་བཀོད་ན་སྦལ་བས་འཕུར་དུ་རེ།།
འབངས་ཀྱིས་ནི་རྗེ་རུ་རེ་བ་དེ།།
ཆུ་མིག་ནི་གྱེན་དུ་བཞུར་བ་འདྲ།།
ཕ་བོང་ནི་རི་ལ་འགྲིལ་དང་མཚུངས།
ཡུལ་པྱ་མདའི་མི་རྣམས་སྨྲ་འོར་གྱིས།།
རྡོ་ཕ་བོང་གྱེན་དུ་སྒྲིལ་སྒྲིལ་ཡང་།
རི་ཡར་ལྷ་ཤམ་པོའི་རྩེ་མོ་རུ།།
ཕྱིན་སྙམ་རུང་ཕ་བོང་འགུལ་མི་སྲིད།།
རི་ཡར་ལྷ་ཤམ་པོའི་གངས་དྲུང་དུ།།
འོད་སྤྲོས་པ་དང་ནི་མེ་སྦར་རུང་།།
རི་ཡར་ལྷ་ཤམ་པོའི་གངས་མི་ཞུ།།
ཆུ་ཆེན་པོ་ཡར་ཆབ་སྔོན་མོ་ཡི།།
ཆུ་བཅད་དེ་ཡུར་ལ་དྲངས་ཀྱང་རུང་།།
ཆུ་ཡར་ཆབ་ཆེན་པོའི་གཞུང་མི་སྐམས།།
བོད་ཀྱི་ནི་སྤུ་རྒྱལ་རྒྱལ་སྲིད་ལ།།
སེམས་ཤིང་ནི་རེ་བ་བྱས་བྱས་རུང་།།
སྤུ་རྒྱལ་གྱི་གདུང་རྒྱུད་ཆད་མི་སྲིད།།
ཡུལ་བྱ་པུ་ཟེར་བའི་ལུང་ཆུང་ན།།
གླང་ཡར་མོ་ཞིག་ལ་རྫི་ལངས་ཀྱང་།།
འབྲོང་ཕོ་མ་ཟེར་བའི་སྡིང་པོ་ཆེས།།
རྫི་ལངས་པའི་ཡར་མོར་སྣས་མི་སྣོམ།།
རྫི་ལངས་པའི་སྣས་སབསྣམས་ཀྱང་།།
བ་ངུར་བ་ཙམ་གྱིས་སེམས་མི་གཡོ།།
ས་མོན་ཀའི་ཡུལ་ན་སྟག་ཅིག་ཡོད།།
བྱ་གནམ་ལ་འཕུར་ན་མིག་མི་ཕྱེ།།
སྟག་བསྲོགས་ཀྱང་ལུས་ཀྱི་སྤུ་མི་ལངས།།
རི་ཆུང་ཆུང་ཙེང་ལྡེང་བྲ་གུ་དང་།།
རི་མཐོན་པོ་ཡར་ལྷ་ཤམ་པོ་གཉིས།།
རི་གང་ཆེ་དང་གང་ཆུང་བ།།
མི་འགྲེང་བརྒྱ་ཀུན་པོ་ཡིས་ཀྱང་ཤེས།།
ཆུ་ཆུང་ཆུང་སྐྱིད་ཆུ་ནི་སྔོན་མོ་དང་།།
ཆུ་ཆེན་པོ་ཡར་ཀླུང་གཙང་པོ་ཆེ།།
རྒྱུན་གང་རིང་དང་ནི་གང་ཐུང་བ།།
ལྷ་མཐུ་ཆེན་གཉན་ཆེན་ཐང་ལྷས་མཁྱེན།།
མཚོ་ཡར་འབྲོག་གཡུ་མཚོ་གླིང་དགུ་དང་།
མཚོ་ཆུང་ཆུང་གྲང་པོ་མཚོ་ལེ་གོང་།།
མཚོ་གང་ཆེ་དང་ནི་གང་ཆུང་བ།།
ལྷ་མཐུ་ཆེན་གངས་དཀར་ཤ་མེད་མཁྱེན།།
གནས་པྱ་མདའ་ཡུལ་གྱི་ཁང་སྐྱ་དང་།
གནས་འཕྱོངས་ལུང་ཡུལ་གྱི་སྟག་རྩེ་གཉིས།།
མཁར་གང་མཐོ་དང་ནི་གང་དམའ་བ།།
རི་ཡར་ལྷ་ཤམ་པོའི་གནས་ལྷས་མཁྱེན།།
ཡུལ་བྱ་པུ་ཟེར་བའི་ལུངཆུང་གི །
མགར་གཡོག་པོའི་ཡུལ་ཁམས་ཁེར་རྐྱང་དང་།།
གནས་ཡར་ལུང་ཡུལ་གྱི་འཕྱོངས་ལུང་གི །
ལྷོ་རྔེགས་ཀྱི་ཡུལ་གྲུ་ཆེན་པོ་གཉིས།།
ཁྱོན་གང་ཆེ་དང་ནི་གང་ཆུང་བ།།
དགུང་ཡ་གིའི་ཉི་ཟླ་གཉིས་ཀྱིས་གཟིགས།།
རྗེའི་མགུར་ལྷ་ལྷ་རྗེ་ཟིན་དགས་མཁྱེན།།
དེའི་མི་ཚད་འགྲེང་བརྒྱ་ཀུན་གྱིས་ཤེས།
བ་ཡར་མོ་དེ་ནི་རྫི་ལངས་པས།
བ་བདག་ནི་གང་ཡིན་ངོ་མ་ཤེས།།
འབངས་མི་སེར་གྱིས་ནི་རྗེ་བཀོལ་ཏམ།།
རྗེ་རྒྱལ་པོ་ཡིས་ནི་འབངས་བཀོལ་བ།།
མཐོངས་ཡ་གའི་དགུང་སྔོན་གནམ་གྱིས་མཁྱེན།།
མི་ཡིས་ནི་དུད་འགྲོ་རྟ་བཞོན་ནམ།།
རྟ་ཡིས་ནི་མགོ་ནག་མི་བཞོན་པ།།
ཕྱྭ་ཡི་ནི་གཙུག་ལག་མཁན་གྱིས་མཁྱེན།།
རྩྭ་ཡིས་ནི་ཟོར་བ་གཅོད་པའམ།།
ཟོར་བས་ནི་རྩྭ་ལྡུམ་གཅོད་པ་དེ།།
མ་གིའི་ནི་དོག་མོ་ས་ཡིས་མཁྱེན།།
ད་ལྟ་ནས་དུས་ཀྱི་མཐའ་མའི་ཡན།།
དགུང་ཉི་ཟླ་གཉི་གས་སྤྱན་གྱིས་གཟིགས།།
དགུང་ཨ་སྔོན་གནམ་གྱིས་སྙན་གྱིས་གསོན།།
ཕྱྭ་རྒྱུད་ཀྱི་སྲིད་ལ་འགྱུར་བ་མེད།།
མདའ་ཡི་ནི་འདབ་ཆགས་སྒྲོ་མི་ལེན།།
གཏམ་བདེན་པ་ཡིན་ནམ་རྫུན་པ་དེ།།
དུས་སང་ཕྱི་གནངས་སླད་ཉིན་མོ་ལ།།
འབངས་མི་སེར་གྱིས་ནི་རྗེ་མི་བཀོལ།།
རྟ་དུད་འགྲོས་མགོ་ནག་མི་མི་ཞོན།།
རྩྭ་ཡིས་ནི་ཟོར་བ་གཅོད་དུས་མེད།།
གནས་འཕྱོང་བ་ཡུལ་གྱི་སྟག་རྩེ་ནས།།
སྤུ་རྒྱལ་གྱི་གདུང་རྒྱུད་འཆད་དུས་མེད།།
དུས་དེ་རིང་སང་ལྟའི་ཉིན་མོ་ལ།།
ཡུལ་བྱ་པུ་ཟེར་བའི་ལུང་ཆུང་གི །
བྱ་བྱེའུ་ཆུང་འུར་བ་ཁྱུ་གཅིག་པོ།།
བྱ་འུར་བས་འཕུར་ཚད་མ་ཟིན་ཏེ།།
བྱ་འུར་བའི་ཨ་མ་ཁྲ་ཡིས་ཟོས།།
བྱིའུ་འུར་ཕྲུག་མང་པོ་ཐང་ལ་བཀྲམ།།
དུས་སང་ཕྱི་གནངས་སླད་ཉིན་མོ་ལ།།
ངོ་ནོངས་ཤིང་འགྱོད་པ་མ་སྐྱེས་ཤིག །
ངའི་གསེར་གྱི་དོང་རལ་ནང་རོལ་ན།།
གཡུ་སྔོན་མོས་གྲུབ་པའི་མདའ་གཅིག་ཡོད།།
མ་འཕངས་ན་རི་དྭགས་ཤ་མི་གསོད།།
འཕངས་ན་ནི་རལ་ཡང་སྟོང་བར་འགྱུར།།
རེ་ན་ནི་རེ་བ་བསྐང་དགོས་ན།།
རི་དགུ་ནི་སྐོང་བའི་ཐབས་ལམ་མེད།།
<<ཁྲི་འདུས་སོང་གི་མགུར་གླུའི་བརྗོད་དོན་ལ་དཔྱད་པ་>>ལས་ཚན་པ་དང་པོའོ།།
“ཁྲི་འདུས་སྲོང་གིས་མགར་སྤུན་མཆེད་ལ་བཀྱོན་ཕབ་པའི་མགུར་”ལ་བསྡོམས་པས་ཚིག་རྐང་ཆིག་བརྒྱ་བཅུ་དྲུག་དང་ཚེག་ཁྱིམ་དྲུག་བརྒྱ་གོ་ལྔ་ཡོད་པ་དང་། མགུར་གླུའི་བརྗོད་བྱའི་དོན་གྱི་གྲུབ་ལུགས་ལྟར་ན་རང་བྱུང་ཚན་པ་བཅོ་ལྔར་དབྱེ་ཆོག་པ་དང་། བཙན་པོས་བརྗོད་པར་འདོད་པའི་དོན་ལ་དམིགས་ན་སྤུར་རྒྱལ་རྒྱལ་རབས་ཀྱི་ཆེ་བ་དང་སྲིད་ཀྱི་གནས་ལུགས་བརྗོད་པ་དང་། སྲིད་ཀྱི་གནས་བབ་བརྗོད་པ། མགར་བུ་རྒྱུད་ཀྱི་སྟོང་སེམས་བརྗོད་པ། བཙན་པོའི་རང་རློམ་བསྟན་པ། སྲིད་ཀྱི་གནས་བབ་ལ་སྡོམ་ཚིག་བཀོད་པ། ཁོང་ཁྲོའི་ཐ་ཚིག་བསྒྲགས་པ་བཅས་ཚན་པ་དྲུག་ཏུ་དབྱེ་ཆོག་པ་དང་། མགུར་གྱི་ཚན་པ་སྔ་ཕྱིའི་བར་ནི་གཏན་ཚིགས་ཀྱི་འབྲེལ་བ་དམ་པོ་ཞིག་གིས་ལེགས་པོར་སྟོན་པ་དང་མི་སེམས་བདེ་ལ་འགོད་པ་དམིགས་སུ་བཟུང་སྟེ། མགུར་གྱི་ཚིག་རྐང་རྣམས་ནི་རང་བཞིན་བརྗོད་པའི་རྒྱན་དང་། བསྡུས་བརྗོད་ཀྱི་རྒྱན་དང་། རབ་སྤེལ་གྱི་རྒྱན་སོགས་ཀྱིས་བཅིངས་ཏེ། བརྗོད་དོན་ཚིག་གི་དངོས་ཤུགས་གཉིས་སུ་བསྟན་ཡོད་པ་ན། ཚིག་གདོང་གི་དོན་མཐར་ཐུག་པ་དེ་རྟོགས་མི་ཐུབ་པས། ཁྲི་འདུས་སྲོང་གི་མགུར་གླུ་གྲགས་ཅན་འདིའི་བརྗོད་དོན་ཡོངས་སུ་རྟོགསདགོས་ན། རྒྱན་གྱི་མདུད་རྒྱ་བཀྲོལ་ཏེ་བརྗོད་དོན་ལྷང་ང་ཕུད་པ་ལས་ཐབས་གཞན་མ་མཆིས་སོ།།
དགེ་རྒན་བཀྲ་བྷའི་བརྩམས་ཆོས་<<ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ་>>ལས་ཡང་ནས་བསྐྱར་དུ་ལྟ་ཀློག་བྱ་ཕྱིར་འདིར་དྲངས།
No comments:
Post a Comment