ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ། I འོས་སྦྱོར།


   གནའ་དུས་ཡུལ་གསེར་ཞྭ་གཡུ་གཞོང་བྱ་བ་ན། ཤིན་ཏུ་བྱམས་པའི་བུ་སྤུན་གཉིས་ཤིག་འབྲལ་མི་ཕོད་པའི་བརྩེ་དུང་གིས་གདུང་བཞིན་གནས་ཡོད་པ་ལས། གཅུང་པོ་ཡུལ་གཞན་དུ་ལས་ལ་བསྐོས་ཏེ་མི་འགྲོ་ཀ་མེད་དུ་གྱུར་བའི་སྐབས། གཅེན་པོ་རང་ལོ་ཉི་ཤུ་རྩ་དགུ་ལོན་པས། གཅུང་པོ་རང་ལོ་བཅོ་བརྒྱད་དུ་སོན་པ་ཡུལ་གཞན་དུ་འགྲོ་བ་ལ་གདམས་ཤིང་བསྟན་པའི་སྙིང་པོར་གཅུང་པོས་སྨྲས་པ། བདག.....ད་ནི་ཡུལ་གཞན་དུ་འགྲོ་དགོས་ན། ཉེ་གྲོགས་ཀྱི་ནང་ན་གཅེན་པོ་ཁྱེད་ལས་བདག་ལ་བྱམས་པ་དང་། མཉེས་གཤིན་ལྡན་པ་ཤིན་ཏུ་དཀོན་ཏེ། སེམས་ནང་རྟག་ཏུ་དྲན་པ་ནི་ཉལ་བའི་རྨི་ལམ་དུའང་སྣང་ངོ་། །ཡིད་ལ་འཁྲེང་བའི་ཚད་ནི་བརྗོད་པའི་ཡུལ་ལས་འདས་ཀྱང་། རང་ཉིད་དཀའ་བ་ཙམ་སེམས་ཤིང་མཆིས། ད་ཕྱིན་ཆད་དུས་ཡུན་རིང་པོ་གཅིག་ལ་ཡུལ་གྱིས་བསྐལ་བས་མཇལ་དང་མི་མཇལ་གྱི་ཚོད་དཔག་ཀྱང་ཤིན་ཏུ་བྱེད་དཀའ་ན། བདག་འདྲ་བའི་གསར་བུ་རྣམད་ཀྱི་སླད་དུ་ཇི་ལྟར་བགྱི་བར་རིགས་པ་དག་བསྟན་དུ་གསོལ། བྱམས་པའི་བཀའ་དྲིན་ནམ་ཡང་མི་བརྗེད་ལ། ཇི་ལྟར་གདམས་ཤིང་བཀའ་ཅི་བསྩལ་བ་རྣམས་ཀྱང་ཡུལ་དང་དུས་སུ་བབས་པ་ལ་ཆ་ཙམ་མི་འགལ་བར་སྙིང་ལ་ཟབ་ཏུ་ནོད་ཅིང་མཆིས་ཞེས་གསོལ་ཏོ།།

གཅེན་པོས་སྨྲས་པ། བདག་གི་ཡིད་ལ་བསམ་པ་གཉིས་ཤིག་དྲན་ཏེ་གཅིག་ཏུ་ནི། དོན་དམ་སྙིང་གཅིག་པའི་མི་དང་ཁ་བྲལ་བས་ཤིན་ཏུ་ཡང་ཡིད་ལ་འཁྲེང་། གཉིས་སུ་ན་ཁོ་བོ་ཁྱེད་དང་གཏན་དུ་འགྲོགས་པའང་མི་སྲིད་པས། མི་དགའ་བ་མ་སྤོང་དུ་ག་ལ་རུང་། སྤྱིར་ན་ཕན་ཚུན་སྙིང་གཅིག་ཡིན་པའི་ཕན་ཆད། ཡུལ་ཉེའམ་རིང་ཡང་རུང་སྟེ་ལེགས་པའི་ནུས་པ་དཔག་ཏུ་མ་མཆིས། ཡིད་ཀྱི་ཕོ་ཉས་རྟག་ཏུ་རྒྱུ་འགྲུལ་བྱེད་ན། དངོས་སུ་ཕྲད་པ་དང་ཡང་ཅི་སྟེ་མི་མཚུངས། ཁྱོད་ཀྱི་བྱ་བ་ལམ་དུ་ལྷོངས་ན། ཡུལ་གྱིས་བསྐལ་བའི་ཕྱིར་མི་དགའ་བའི་མཐའ་མ་ཚེའི་དུས་ལ་མ་བབས་པ་ཚུན་ཆད། གཅིག་ལ་གཅིག་གིས་བསམ་སྟེ་བྲལ་བའི་སྐབས་མེད་པར་བྱའོ། །ལར་ནས་དེ་རིང་ཁ་བྲལ་བ་དང་། ད་ནས་ལོ་བརྒྱ་ན་ཁ་བྲལ་བ་གཉིས་དོན་གཅིག་ཁྱད་པར་མེད་དོ། །གཏམ་འདྲི་བར་འོས་པ་དག་ཀྱང་མཛའ་བའི་ཕྱིར་སྤོབས་པ་ཆེར་བསྐྱེད་དེ་དྲིས་ཤིག་ཡིད་ལ་གང་དྲན་པའི་ལན་འདེབས་སོ། །སྤྱིར་ན་གཞན་ལ་གདམས་ཤིང་བཅོས་པ་ནི་སླ་མོད། དེ་བཞིན་དུ་ནུས་ཤིང་སྒྲུབ་པ་ནི་དཀའོ། །ད་ལྟ་ཅུང་ཟད་གང་དྲན་པ་ལྟར་འཕྲལ་སེལ་བསླབ་བྱ་མདོ་ཙམ་ཞིག་བསྟན་པར་བྱ་ཡི། ཡིད་ལ་བབས་པ་རྣམས་ནི་སྙིང་ལ་ཆོངས་ཤིག མ་རྟོགས་མ་བབས་པ་དག་སླར་དྲིས་ཤིག་ཅེས་དང་། 

ཡང་གཅེན་པོས་གསུངས་པ། ཚིག་སྟོང་པ་གདམས་པ་ཙམ་ལའང་དོན་ཆེན་པོ་ཡུན་དུ་ཡོད་པར་འགྱུར་རོ། །ནོར་ཡོད་རྒུ་བྱིན་ཀྱང་མི་རིང་བར་ཟད་པར་འགྱུར་སྲིད་དོ། །དེ་ལྟ་བས་ན་བདེན་པའི་གདམས་ངག་བྱིན་པ་ལས་རིན་ཐང་ཆེ་བ་གཞན་མེད་དོ། །དེ་བཟུང་ནས་ལེགས་པར་སྤྱོད་ཤེས་ན་དེ་ལས་ལྷག་པའི་ནོར་དུ་ཆེ་བའང་གཞན་མེད་དོ། །ཞེས་གསུངས་སོ།།


   གཅིག གཅུང་པོས་དྲིས་པ། མི་ལུས་བླངས་པ་ལ་གང་ཞིག་བདེ་ན་བདེ་བའི་མཆོག་ཡིན་ནམ། 

གཅེན་པོས་ལན་དུ། སེམས་བདེ་ན་བདེ་བའི་མཆོག་ཡིན། སེམས་མི་བདེ་ན་གཞན་དག་གང་ཞིག་བདེ་ན་ཡང་བདེ་བ་མ་ཡིན་ནོ།།


   གཉིས། གཅུང་པོས་དྲིས་པ། སེམས་བདེ་པོ་ཡོང་བའི་ཐབས་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། རང་ཉིད་ལ་ཉེས་སྐྱོན་གྱིས་མ་གོས་པ་ཞིག་བྱེད་ཐུབ་ན། མཐོ་སར་གནས་ཀྱང་དོན་དམ་མཐོ་ཞིང་བདེའོ། །དམའ་སར་གནས་ནའང་རྟག་ཏུ་སེམས་བདེའོ། །སྤྱིར་ན་རྒྱལ་པོའི་ཁྲིམས་ལ་སྲོག་དང་ཁྱིམ་སྲིད་གཉིས་ཀ་བརྟེན་དགོས་པས། བྱ་བ་གང་དང་གང་ཡིན་ཡང་འོས་ཤིང་འཚམ་པ་ཞིག་བྱ་བ་རིགས་སོ། །དེ་ལས་འགལ་བ་ན། དགྲ་བོའི་གྲོགས་སུ་འགྱུར་ཞིང་། རྒྱབ་དཔུང་རྒྱལ་པོས་བྱས་ན། མི་ཀུན་གྱིས་ཀྱང་དྲེགས་ཉམས་སྟེན་ལ། རྩོད་པ་རྒྱག་པར་ཡང་རྒྱུ་མཚན་མེད་ན་སེམས་བདེ་བར་ག་ལ་གནས་ཐུབ།


    གསུམ། གཅུང་པོས་དྲིས་པ། དགོས་པའི་ནང་ནས་མ་བརླག་པར་བྱ་འོས་པ་གང་ལགས་སམ། 

གཅེན་པོས་ལན་དུ། སྤྱིར་ན་དགོས་པའི་ནང་བརླག་འོས་པ་གཅིག་ཀྱང་མེད། དེའི་ནང་ནས་མཆོག་ཏུ་གྱུར་པ་བདམས་ན་སྲོག་དང་ཁྱིམ་སྲིད་གཉིས་མ་བརླག་པར་བྱའོ།།


     བཞི། གཅུང་པོས་དྲིས་པ། དེ་ལྟར་ཡིན་ན་རྩ་བ་གང་ཞིག་གིས་བཟུང་དགོས་སམ། 

གཅེན་པོས་ལན་དུ། རྩ་བ་དྲང་པོས་ཟུངས་ལ། ཡན་ལག་རྣམས་ཀྱང་མ་ནོར་བ་སྒྲུབ་པར་བྱའོ།།


     ལྔ། གཅུང་པོས་དྲིས་པ། དྲང་པོའི་ཚད་ཅི་ཡིན། མ་ནོར་བ་ཇི་ལྟར་སྒྲུབ་བམ།

གཅེན་པོས་ལན་དུ། རྒྱལ་པོའི་ཆོས་ཁྲིམས་ཀུན་ལ་སྙོམས་ན་དྲང་ཞེས་བྱའོ། །ཁྲིམས་ལས་མི་འབྱུང་བའི་རིགས་ཀྱང་། བདེན་དང་མི་བདེན། ཡིན་དང་མ་ཡིན་སོགས་དབྱེ་བ་སོ་སོར་འབྱེད་ཐུབ་པ་བྱས་ན། དེ་ནི་ཡན་ལག་མ་ནོར་བར་སྒྲུབ་པ་ཞེས་བྱ་བ་ཡིན། མདོར་ན་མིའི་དཔོན་པོ་བྱེད་ན་ནམ་མཁའ་དང་མཚུངས་པར་སྙོམས་ཤིང་། སྲང་མདའ་དང་འདྲ་བར་དྲང་ལ། བདེན་ཅན་གྱིས་མ་རངས་པ་མེད་པ་དང་། འཚོ་སྐྱོང་གིས་མ་ཁྱབ་པ་མེད་པར་བྱ་བ་རིགས་སོ།།


    དྲུག གཅུང་པོས་དྲིས་པ། དེ་ལྟར་བྱས་ན་གཞན་ལ་ཕན་ཞིང་ལེགས་པ་བདེན་ཡང་། རང་ལ་ཕན་པ་ཅི་ཞིག་ཡོད་དམ། 

གཅེན་པོས་ལན་དུ། སྤྱིར་ན་གཞན་ལ་ཕན་ན་ཡུན་དུ་བདག་ལ་ཕན། གཞན་ལ་གནོད་ན་ཡུན་དུ་བདག་ལ་གནོད་ཅེས་བྱ་བ་ཡིན། མིའི་དཔོན་པོ་ཀུན་ལ་སྙོམས་པ་ཞིག་བྱ་དགོས་ན། འཕྲལ་གང་རང་ལ་ཕན་པ་འབའ་ཞིག་གི་སྙིང་དོན་འཛིན་དུ་རུང་ངམ། བུ་དང་དགྲ་བོ་གཉིས་ལའང་སོ་སོས་ལེགས་ཉེས་གང་བྱས་ལྟར་ལས། འཁྱོག་པོ་མི་བྱེད་ན་དེ་ལ་ཡི་རངས་མི་བྱེད་མཁན་སུ་ཞིག་ཡོད། 


    བདུན། གཅུང་པོས་དྲིས་པ། དྲང་ཞིང་སྙོམས་པ་འདི་ལྟ་བུ་རྩ་བར་གཟུང་ན། ཡུལ་དེ་རུ་གང་དང་གང་ཞིག་བཟང་བར་བརྩིའམ།

གཅེན་པོས་ལན་དུ། གཡོ་ཅན་ཕྱུག་པོ་ལས་ནི། དྲང་ལྡན་དབུལ་པོ་བཟང་བར་བརྩིའོ། །རྐུན་པོ་ལས་ནི་ཕོངས་པ་བཟང་བར་བརྩིའོ།།


     བརྒྱད། གཅུང་པོས་དྲིས་པ། གལ་ཏེ་དེ་ལྟ་བུའི་རྩ་འཛིན་མེད་ན། གང་དག་བཟང་བར་བརྩིའམ། 

གཅེན་པོས་ལན་དུ། དེ་འདྲ་བའི་ཡུལ་དུ། གཡོ་ཅན་ཕྱུག་པོ་ལ་ནི་བསྟོད་ཅིང་བཟང་བར་བརྩི། དྲང་པོ་དབུལ་པོ་ལ་ནི་འཕྱ་ཞིང་སྨད་པར་བྱེད། རྐུན་པོ་དང་ཁ་མཁས་ཅན་སོགས་ལ་དགའ་བར་བྱེད་ཅིང་། སྤྲང་པོ་དང་ཕོངས་པ་དག་ལ་ཚིག་རྩུབ་མོས་གཤེ་བར་བྱེད་དོ།།


     དགུ། གཅུང་པོས་དྲིས་པ། དྲང་པོ་མ་བྱས་པར་མི་འགྲིག་པ་ཞིག་ཡོད་ན། ཚད་ཇི་ཙམ་དུ་སྲན་ཚུགས་པར་བྱ་དགོས་སམ། 

གཅེན་པོས་ལན་དུ། བྱ་ངན་གཡོ་ཐབས་ཁོ་ན་བྱེད་བཞིན་དུ་གསོན་པོར་སྡོད་པ་ལས། དྲང་ཞིང་ཚད་མ་འབའ་ཞིག་བྱེད་བཞིན་དུ་ཤི་དགོས་བྱུང་ཡང་ཆོག་པ་ཙམ་གྱི་བར་དུ་སྲན་ཚུགས་པར་བྱ་དགོས་སོ། །ཕྱི་ཚུལ་བཟང་ཞིང་ཁ་སྙན་ལ་ཞེ་འཁྱོག་པའི་ཁོག་རུལ་དུ་གནས་པར་མ་བྱེད་ཅིག


     བཅུ། གཅུང་པོས་དྲིས་པ། གང་དང་གང་ཞིག་མཐོང་ན་མི་དགའ་བ་དང་། མི་ཞིམ་པར་བརྩི་དགོས་སམ།

གཅེན་པོས་ལན་དུ། ལྐོག་རྔན་གྱི་རྒྱུ་ནོར་མཐོང་ན་གདུག་འདྲེ་མཐོང་བ་ལྟར་མི་དགའ་བར་བརྩིའོ། །བསླུ་བྲིད་ཀྱི་ཟས་མཐོང་ན་མི་གཙང་བ་མཐོང་བ་ལྟར་ཞེ་ལོག་པར་བརྩི་དགོས་སོ།།


བཅུ་གཅིག གཅུང་པོས་དྲིས་པ། ནོར་ནི་ཡིད་ལ་འབབ་ཅིང་། ཟས་ནི་དང་གར་འགྲོ་ན། འདི་གཉིས་བསྟེར་བ་ནི་བྱམས་པ་འདྲ་བས་དེ་ལྟ་བུར་བརྩི་དགོས་དོན་གང་ཡིན་ནམ།

གཅེན་པོས་ལན་དུ། རྒྱུ་ནོར་དང་ཞིམ་ཟས་དེ་རིགས་ཀྱིས་མིའི་གཉའ་ནས་མནན་ཏེ། འཁྱོག་ལམ་དུ་འཁྲིད་པས་བྱམས་པ་མ་ཡིན་གྱི། དགྲ་དང་འདྲ་བར་བརྩི་དགོས་སོ།།


   བཅུ་གཉིས། གཅུང་པོས་དྲིས་པ། དེ་ལྟ་བུ་མ་ཡིན་པའི་ནོར་དང་ཟས་བསྟེར་བའི་བྱམས་སེམས་ཅན་ཡོད་དམ། 

གཅེན་པོས་ལན་དུ། གང་དག་ཉེས་ཀྱིས་དོགས་ནས་མ་ནོར་བའི་ལམ་སྟོན་ཅིང་རྒྱུ་ནོར་སྦྱིན་པ་དང་། ལོག་ལམ་པར་ལྷུང་གིས་དོགས་ཏེ་ཚིག་ནན་པོས་གཤེ་ཞིང་། ཟས་སྦྱིན་པ་སོགས་ནི་ཡང་དག་པར་བྱམས་སེམས་དང་ལྡན་པ་ཞེས་བྱའོ།།


   བཅུ་གསུམ། གཅུང་པོས་དྲིས་པ། དྲང་བདེན་ཚུལ་བཞིན་བྱས་ནའང་། ལ་ལར་ཕམ་ཉེས་ཡོང་འགྲོ་བ་དེ་གང་ཡིན་ནམ། 

གཅེན་པོས་ལན་དུ། དེ་ལྟ་བུ་ནི་ཧ་ཅང་དཀོན་པ་ཡིན་ཏེ། འགའ་ཞིག་འབྱུང་བ་སྲིད་ཀྱང་། རང་གིས་མ་ཉེས་པ་དངོས་འབྲེལ་ལ་དབང་མེད་དུ་དེ་ལྟར་གྱུར་བ་ཡིན་ན་སུས་ཀྱང་མི་བསྙོན་ཏེ། སྲོག་ཆད་པ་དང་འདྲ་བས་འགྱོད་པ་བྱེད་པའི་རྒྱུ་ཡང་མེད་དོ། །སྤྱིར་ན། བྱ་བ་ངན་པ་བྱས་བྱས་ནས་ལེགས་པ་བྱུང་བ་ནི་བརྒྱ་ལ་སྲིད་མཐའ་ཙམ་མོ། །བྱ་བ་བཟང་པོ་བྱས་བྱས་ནས་ལེགས་པ་ཡོང་བ་ནི་ཀུན་ལ་ཡོད་དོ།།


   བཅུ་བཞི། གཅུང་པོས་དྲིས་པ། མཛངས་པ་ལ་རྣམ་གྲངས་ཇི་ཙམ་དང་། བྱ་བ་ལ་ལུགས་ཇི་ཙམ་ཡོད་དམ། གཏམ་ལ་ཆུད་ཟོས་མི་འགྲོ་བ་གང་ཡོད་དམ།

གཅེན་པོས་ལན་དུ། མཛངས་པ་ལ་རྣམ་གྲངས་གཉིས་ཏེ་མཁས་པ་དང་། སྙོམས་པ་གཉིས་སོ། །བྱ་བ་ལ་ལུགས་གཉིས་ཏེ་དྲང་པོ་དང་། འཁྱོག་པོ་གཉིས་སོ། །གཏམ་ལ་ཆུད་ཟོས་མི་འགྲོ་བ་ནི་དགོས་མེད་དུ་མི་སྨྲ་བའོ། །སྤྱིར་ཡང་ཡ་རབས་ཀྱི་ཚུལ་སྐྱོང་ན། ཧ་ཅང་ཁ་མཁས་དང་། མ་རབས་ཀྱི་ཚུལ་ཕྲ་མོ། བྱིས་པའི་བཅོལ་ཆུང་བའི་ཚིག །དབྱེན་འབྱེད་པའི་གཏམ་གཞན་ལ་མི་སེམས་པ། གང་ལའང་མི་སློབ་པ། མི་སྲུན་པའི་བརླང་ཚིག་སྨྲ་བ་ལ་སོགས་མི་བྱ་བ་ལེགས་སོ།།


   བཅོ་ལྔ། གཅུང་པོས་དྲིས་པ། སྒམ་ཆེ་དྲགས་ན་མི་བདེ་ཞིང་། དྲེགས་ཆེ་བ་མ་ལགས་སམ། 

གཅེན་པོས་ལན་དུ། སྤྱིར་ན་བྱ་བ་གང་ཡིན་ཡང་དོན་ཐོག་ཏུ་འཁྱོལ་བ་ཞིག་བྱ་དགོས་ཏེ། གལ་སྲིད་མི་སྙན་པ་ཞིག་ཟེར་གྱི་དོགས་ནས་གཏམ་བསྐྱར་ནན་མ་དྲིས་པར་ཇི་ལྟར་སྨྲ། དྲེགས་ཆེ་ཞེས་ཟེར་གྱི་དོགས་ནས་ཟོལ་སྦྱོར་དང་ཁ་མཁས་བྱེད་དུ་རུང་ངམ། ནམ་ཡང་སྒམ་པའི་ཚུལ་ནི་རང་ལ་དགའ་བ་ཞིག་བྱུང་བའམ། རང་ཉིད་ཀྱིས་བྱ་བ་ལེགས་པ་ཅུང་ཟད་ཙམ་བྱས་པའམ། རང་ལ་གཞན་འདུ་བའི་དོན་བཟང་ཞིག་ཐོབ་ན་དེ་དག་མི་གཞན་གྱིས་མ་ཤེས་ཀྱི་དོགས་པ་བཞིན་དྲོད་གསབ་གསབ་སྒོམ་མི་ཐུབ་པ་འདྲ་བ་མི་བྱེད་ཅིང་། མི་ངོམ། དེ་བཞིན་ཡང་མི་དགའ་བ་ཆེ་ཆུང་གང་ཞིག་བྱུང་ནའང་། ཡི་ཐང་ཆད་པ་འདྲ་བ་མི་བྱེད་ཅིང་། མི་སྨྲ། གཞན་གྱི་ཕྱུགས་རིགས་དང་། རྒྱུ་ནོར། འཁོར་འབངས་སོགས་མཐོང་ན་འདི་ལྟར་བཟང་བ་ལ་ཨང་སྙམ་པའི་ཡིད་སྨོན་མི་བྱ་ཞིང་། རང་གི་འཁོར་དང་མངའ་ཐང་མཐོང་དུས་སེམས་ལ་མི་འབབ་པར་སྐྱོ་དྲགས་ཞེས་འཕྲལ་དུ་དོན་མེད་ལ་མི་སྨྲ་ཞིང་། ངན་སྨྲས་མི་བྱ། རང་བསྟོད་གཞན་དམོད་མི་བྱ། འཕྲལ་དུ་འདོད་པར་འབབ་པའམ། རང་ལ་དགོས་མཁོ་ཡོད་ལ། ཐོབ་པའི་གོ་སྐབས་ཤིག་ཡོད་ན་ཡང་། ཁྲིམས་ལས་འགལ་ཕན་ཆད། གཞན་གྱིས་མ་ཤེས་ཀྱང་མི་ཕན་པར། ཁྲིམས་ལས་མ་འགལ་ན། འཕྲལ་གང་མི་བདེ་བ་དང་སྡུག་བསྔལ་བ་སོགས་བྱུང་ཡང་བཟོད་པར་བྱེད་པ་དང་། ཚུལ་འདི་ལྟ་བུ་ལ་སོགས་པ་བྱེད་པ་ནི་སྒམ་པ་ཞེས་ཀྱང་བྱའོ། །མདོར་ན་ཡུལ་ཆོས་དང་སྦྱར་ཏེ་རང་གི་དཔང་པོ་རང་གིས་བྱས་ཀྱང་མ་ཁྲེལ་ན། དེ་ནི་དྲེགས་ཆེ་བ་མ་ཡིན་པར་སྒམ་ཞིང་ཚུགས་ཐུབ་པ་ཡིན་ནོ། །ཐ་ན་མི་ལུས་བླངས་ཚད་ཚང་མས་བྱ་བ་བཟང་པོ་གཞན་དག་སྒྲུབ་མ་ནུས་ན་ཡང་། མིའི་ཆོས་བཞིན་སྒྲུབ་གང་ཐུབ་བྱ་བར་རིགས་སོ།།


བཅུ་དྲུག གཅུང་པོས་དྲིས་པ། མིའི་ཆོས་ནི་གང་དང་། མིའི་ཆོས་མ་ཡིན་པ་ནི་གང་ལགས་སམ། 

གཅེན་པོས་ལན་དུ། མིའི་ཆོས་ནི་དྲང་ཞིང་སྲི་ཞུ་ཡོད་པ་དང་། དེས་ཤིང་ཡིད་གཞུངས་པ་དང་། སྙིང་རྗེ་ཆེ་ཞིང་བརྙས་བཅོས་མི་བྱེད་པ། བྱས་རྗེས་བརྩི་ཞིང་ཁྲེལ་ཡོད་པ། སེམས་སྲབ་ཅིང་བརྩོན་འགྲུལ་ཆེ་བ་བཅས་ཡིན་ཏེ། མཛངས་མྱུར་ཤེས་རིག་མེད་ཀྱང་། གོང་དུ་བརྗོད་པ་རྣམས་ཡིད་ལ་ཡོད་ན། ཀུན་གྱི་ཡིད་དུ་འོང་ཞིང་ཁྱིམ་སྲིད་བརྟན་པ་ཡིན་ནོ། །མི་ཆོས་མ་ཡིན་པ་ནི། རྒྱུད་མི་དྲང་ཞིང་གཏུམ་པ་དང་། ཡིད་མི་བརྟན་ཞིང་ཁྲེལ་དང་རྗེས་མེད་པ། སྙིང་རྗེ་མི་ཤེས་ཤིང་བརྙས་བཅོས་བྱ་རྒྱུར་དགའ་བ། ཁེངས་དྲེགས་བྱེད་ཅིང་ལེ་ལོ་ཆེ་བ་བཅས་ཡིན་ཏེ། འདི་རྣམས་སུ་ལ་ཡོད་ཀྱང་ཀུན་གྱི་ཡིད་དུ་མི་འོང་བ་ཡིན་ནོ།།


   བཅུ་བདུན། གཅུང་པོས་དྲིས་པ། སྲི་ཞུ་ཆེ་བ་ནི་སྤྲེལ་ལད་མ་ཡིན་ནམ། ཡིད་གཞུངས་པ་ནི་འཇམ་པོའི་བསླུ་བྲིད་མ་ཡིན་ནམ། སྙིང་རྗེའི་ནང་ན་ངོ་བཟློག་མི་ཕོད་པའི་ཆ་ཤས་ཤིག་མེད་དམ། གཏུམ་པ་ལའང་དཔའ་བའི་ཆ་ཤས་ཤིག་མེད་དམ། 

གཅེན་པོས་ལན་དུ། བྱ་བ་གང་དང་གང་ཐམས་ཅད་ཀྱང་དོན་དངོས་དང་མཐུན་པ་ཞིག་བྱ་དགོས་པ་སྟེ། སྲི་ཞུ་ཡང་ཚད་ལས་བརྒལ་ན་སྤྲེལ་ལད་དུ་འགྲོའོ། །དོན་དངོས་དང་མཐུན་ན་སྲི་ཞུའོ། །བྱ་བ་གང་ཡིན་ཡང་དོན་དངོས་དང་མཐུན་པར་བྱས་ན་ཡིད་གཞུངས་པ་ལས་འཇམ་པོའི་བསླུ་བྲིད་དུ་མི་འགྱུར་རོ། །ཚད་དང་མ་མཐུན་ན་ཇི་ལྟར་འབད་ཀྱང་དོན་ལ་མི་འཁེལ་བར་འཆལ་བ་ཡིན་ནོ། །སྙིང་རྗེ་ཞེས་པའང་ལེགས་པར་མི་དཔོག་པར། བག་མེད་པ་དང་འཁྱོག་པོའི་ལམ་དུ་ཞུགས་ཏེ་མ་ཉེས་པར་བཙན་ཤེད་ཀྱིས་ཆད་པ་གཅོད་དུ་རུང་ངམ་སྙམ་པ་ལྟ་བུའོ། །དཔའ་ཞེས་བྱ་བ་ནི་དགྲ་བོ་ལ་སོགས་པར་དྲག་ཤུལ་གཏུམ་པོ་བྱ་དགོས་པའི་དུས་སུ་གནད་དུ་འཁེལ་བར་བྱས་ན་ནི་དཔའ་བ་དངོས་ཡིན་གྱི། མི་དགོས་པར་གཏུམ་སྤྱོད་བྱེད་པ་ལ་དཔའ་བོ་ཞེས་སུ་ཞིག་བསྟོད་པར་བྱེད། འདི་ནི་དཔའ་བ་མ་ཡིན་གྱི། ངན་པ་ཡིན་ནོ།།


   བཅོ་བརྒྱད། གཅུང་པོས་དྲིས་པ། བྱ་བ་ལེགས་པ་ཆེ་རིགས་བྱེད་མ་ནུས་ན། ཅུང་ཟད་ཙམ་བྱེད་པ་ལ་ཕན་པ་ཅི་ཡོད་དམ། 

གཅེན་པོས་ལན་དུ། རང་གི་ཁོང་ན་མཛངས་པའི་རྒྱུ་མེད་པའི་རྐྱེན་གྱིས་ལེགས་པའི་བྱ་བ་གཞན་བྱེད་མ་ནུས་ན་ཡང་། ཡུལ་སྲོལ་སྤྱི་ཚིས་ཀྱིས་ཉེས་པར་བརྩི་བ་རྣམས་མི་བྱ་བ་བྱེད་ཐུབ་ན། དེ་ཡང་དྲང་པོ་བརྟན་པོ་ཞེས་བྱ་བ་ཡིན་ཏེ། དེ་ཙམ་ནུས་ཀྱང་ཕན་པ་ཆེའོ། །ཉེས་པ་ནི་ཆུང་ཡང་སྤོངས་ཤིག །ལེགས་པ་ནི་ཆུང་ཡང་སྒྲུབས་ཤིག།


   བཅུ་དགུ། གཅུང་པོས་དྲིས་པ། བྱ་བ་ཐམས་ཅད་བསྒྲུབ་པར་གྲོས་མ་བྱས་ན་མི་འགྲིག་ཚེ། གྲོས་བྱེད་པའི་ཐབས་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། གྲོས་ཀྱི་འགོ་རྩིང་ལ། བཅོས་པའི་རྣམ་པ་མང་བ་ཞིག་བྱེད་ཅེས་གྲགས་ཀྱང་། གྲོས་གཞི་གང་ཞིག་ཡིན་རུང་ཐོག་མ་ནས་ཀྱང་ཞིབ་ཏུ་བསམས་ལ། གནད་དུ་འཁེལ་བར་གྱིས་དང་རྗེས་སུ་བསྐྱར་བཅོས་མི་དགོས་པ་འོང་ངོ་། །གྲོས་མོལ་དང་བསམ་གཞིགས་ཐམས་ཅད་ནི། བློ་སྒོ་ཡངས་པོར་ཕྱེ་ནས་བསམ་བློ་ལྷུག་པར་ཐོངས་དང་གནད་དུ་སྨིན་པ་འོང་ངོ་། །གང་དང་གང་ལའང་དོགས་པ་དང་། དགྲ་ཤའམ་འཁོན་ལན་སློག་རྩིས་བྱེད་པ། དོན་དག་ཆུང་རྩག་དམ་པོར་འཛིན་པ་སོགས་བྱས་ན། དོན་ཆེན་པོ་ཐོག་ཏུ་མི་འཁྱོལ་བ་འོང་ངོ་། །གྲོས་སུ་བྱ་བ་ནི། རང་གིས་རང་ལ་ལན་བཏབ་སྟེ་འགྲིག་དང་མི་འགྲིག་གི་དབྱེ་བ་ཕྱེ་ལ་སྒྲུབ་པར་བྱ་བ་གཅིག་ཡོད། གྲོགས་པོ་དང་ཕན་ཚུན་སྙིང་གཅིག་ལྟ་བུ་ཡིན་ན། སྐྱོན་མཚང་དུ་འགྱུར་མི་སྲིད་པས་འཕྱ་དམོད་བྱས་དོགས་ཀྱི་སེམས་འཚབ་སྤངས་ཏེ་སྤོབས་པར་གྱིས་ལ། གྲོས་ཚིག་རྣམས་བསྡུས་པའི་ཡིག་མཇུག་ཐེལ་རྩེས་གནོན་ཞིང་། སྤྱིས་མོས་བྱ་བ་ཞིག་ཡོད། ཕལ་མོ་ཆེ་གཅིག་ཏུ་བསྡུས་ན་བདག་གིར་འགྱུར་བ་ཞིག་ཡོད་དོ། །ཚིག་ཏུ་བརྗོད་པ་དང་དཔྱད་པར་བྱ་བ་ལའང་། དེ་ལྟར་ཡིན་ནམ་སྙམ་པའི་ཚོད་དཔག་ལས་འདི་ལྟ་བུ་འོང་བ་འདྲ་ཞེས་སྨྲ་བར་འོས་ཀྱི། གནོད་མི་ཟ་ཞེས་ཚིག་ཐག་གཅོད་པ་ནི་དཀའ་སྟེ། ལ་ལ་ཡིན་པ་འདྲ་བ་ལ་མིན་པ་དང་། ལ་ལ་མིན་པ་འདྲ་བ་ལ་ཡིན་པ་ལྟ་བུ་ཡོད་དེ། གལ་སྲིད་གནད་དུ་མ་འཁེལ་བ་བྱུང་ན་རང་ཉིད་ཕུང་བ་འོང་ངོ་། །གྲོས་སུ་བྱ་བ་ལའང་ལ་ལས་གཏམ་བདེན་པར་བརྗོད་དུ་འོང་བ་དང་ཁ་ཅིག་གིས་ནི་བདག་གིས་བདེན་པའི་ཚིག་བརྗོད་པ་ཕྱིན་ཅི་སློག་སྟེ། མི་འགྲིག་པའི་རིགས་ལ་འགྲིག་ཅེས་ཟེར་བ་དང་། རྗེས་སུ་མ་འགྲིག་པ་མངོན་བཞིན་དུ་བདག་གིས་འགྲིག་པར་བརྗོད་པ་དག་ལོག་པར་དྲངས་པ་ནི་ཉེས་པ་ཆེས་ཆེའོ། །ཡང་ཕྱོགས་གཅིག་ནས་མི་གཞན་གྱི་ཡིད་དུ་མི་འབབ་པར་བྱས་ན་གྲོས་འཁྲུགས་ཏེ་ཐེལ་རྩེ་འབེབས་མི་ཐུབ་བོ། །ལར་ནས་གྲོས་ཞེས་པ་ནི། མི་གཅིག་གིས་ལེགས་པར་མི་ཤེས་སྙམ་ནས་མང་དུ་བགྲོས་ཏེ་བསགས་པ་དེའི་ནང་ནས་གང་བདེན་ཆེ་བ་དེ་གཞིར་བཟུང་བ་ཡིན་མོད། གལ་ཏེ་རང་གིས་གང་བཤད་པ་ལྟར་མ་བྱས་ཚེ་མི་འགྲིག་ན་ལྟ་གྲོས་བྱེད་ཀྱང་དགོས་དོན་མེད། བདེན་པའི་ཚིག་སུ་ཞིག་ལས་འོང་བར་ངེས་པ་མེད་པས་ན། ཉམ་ཆུང་དང་མདོག་ངན་སོགས་ལ་བལྟས་ནས་བརྙས་བཅོས་བྱ་མི་རུང་ངོ་། །ཡང་དག་པར་བདེན་ཞིང་མ་ནོར་བ་ཞིག་ཡིན་ན་སུའི་སྐད་ཆ་ཉན་ཡང་ཆོག་གོ །གཞན་གྱིས་ཚིག་བརྡ་མ་འཕྲོད་པ་ཞིག་ཟེར་ན། དགོས་པ་ཡོད་སྲིད་པས་འཚེར་སྣང་མ་བྱས་པར་བསྐྱར་ནས་དྲིས་ཤིག །གཅིག་ཏུ་འགྲོགས་སླ་བ་རྣམས་ཡིད་ཆེས་པ་ཞིག་མ་ཡིན་ན། འཕྲལ་འཕྲལ་སེམས་ལ་དྲན་ཚད་གཞན་ལ་ཤོད་མི་རུང་བ་ཞིག་ཀྱང་ཡོད་དོ། །རང་བདེན་ན་ཡང་གཞན་ལ་ངན་ཞིང་གནོད་པ་ཞིག་བྱ་དགོས་པ་བྱུང་རུང་། ཐབས་མཁས་དང་བསྟུན་ནས་བྱ་བ་རིགས་སོ། །མི་རྒས་ཤིང་ཁ་ཚ་བའི་གཏམ་ཚིག་གི་ནང་། ལ་ལ་གང་བསམ་ཐད་ཀར་བཤད་པ་ཡང་ཡོད་སྲིད་པས། ཉམས་ཚོད་ལེན་པར་རིགས་སོ།།


  ཉི་ཤུ། གཅུང་པོས་དྲིས་པ། བྱ་བ་གང་ཡིན་ཡང་གནད་དུ་འཁེལ་བ་ཞིག་ཡོང་བ་བྱ་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། མི་ལ་ལ་རྩ་དོན་ལ་ཧོལ་སྤྱོད་བྱེད་ཀྱང་། ཁ་ནས་ནི་ཞིབ་ཅིང་ཚགས་པ་ཤོད་མཁན་ཡོད་དོ། །མི་ལ་ལ་མི་དགོས་པའི་ཕྲན་ཚེགས་ཀྱི་ཡན་ལག་ལ་ཞིབ་ཚགས་ཤིང་། གལ་ཆེ་བའི་སྙིང་དོན་ལ་ལྷོད་པ་ཡང་ཡོད་དོ། །ཡང་དག་པར་བཤད་ན། སྙིང་དོན་མ་ཤོར་ན་ཡན་ལག་ཀུན་ཀྱང་ཞར་ལ་འདུ་ཞིང་དེ་ལས་འདའ་བ་ཡང་མེད་དོ། །གཅིག་ཏུ་ན་ཉམས་མྱོང་མང་ཞིང་། ཤེས་པ་ཅན་ལ་གྲོས་འདྲི་བ་དེ་ཡང་། བྱ་བ་མི་ནོར་བའི་ཐབས་མཆོག་ཅིག་ཡིན་ནོ།།


  ཉེར་གཅིག གཅུང་པོས་དྲིས་པ། བྱ་བ་གང་ཡང་ལས་རོགས་དང་མཉམ་དུ་སྒྲུབ་དགོས་ན། རོགས་པ་མི་དགའ་བར་མི་འགྱུར་ཞིང་། བྱ་བ་ཡང་མ་ནོར་བར་ལེགས་སྒྲུབ་ཡོང་བ་བྱ་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། གཞན་གྱི་ཚིག་བཟང་ངན་གང་བྱུང་ནའང་། སུན་འབྱིན་དང་། དགག་པ། ཚིག་སྙད་སོགས་མི་བྱ་བར་ཁོང་ཡངས་དཀྱེལ་ཆེས་ཁོག་ཏུ་ཤོང་བར་བྱས་ཏེ། སྙིང་དོན་གང་ཡིན་པ་དེ་མ་ནོར་བར་གཟུང་དགོས། སྐྱོན་འདོན་མ་བྱས་ན་མི་འགྲིག་པ་ཞིག་མཆིས་ན་ཡང་། རོགས་ཟླ་ཁ་མི་སྐྱེངས་པར་ཚིག་འཇམ་ཞིང་དལ་བུས་དགེ་སྐྱོན་བཤད་ན། གཞན་མི་དགའ་བར་མི་འགྱུར་ལ། བྱ་བ་ཡང་མ་ནོར་བར་སྒྲུབ་ཏུ་རུང་བ་ཡིན་ནོ།།


   ཉེར་གཉིས། གཅུང་པོས་དྲིས་པ། མི་ནོར་དད་ཆེ་ལ། ཤེས་ཡོན་འཛོམས་པ་ཞིག་དང་མཉམ་དུ་ལས་ཀ་བྱེད་དགོས་བྱུང་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། དེ་ནི་ཤེས་ཡོན་འཛོམས་ཀྱང་། གཙོ་བོར་ནོར་དད་ཆེ་བ་དང་། མཛངས་ཤིང་དྲང་བ་གཉིས་མཐུན་ཐབས་མེད་པས། ཐོག་མ་ནས་འབྲེལ་འདྲིས་ཆེ་བ་མ་བྱས་པར་འགྲིག་ན་གྱོད་གཞི་ཡོང་དོན་མེད་དོ། །གལ་སྲིད་འབྲེལ་འདྲིས་མ་བྱས་མཐུ་མེད་བྱུང་ན། འཇམ་ཞིང་ཐབས་མཁས་ཀྱི་སྒོ་ནས་རང་ཉིད་ལ་ཉེས་སྐྱོན་མ་འགོས་པ་དང་། དྲང་པོའི་གཞུང་ལུགས་མ་ཤོར་བར་གྱིས་ཤིག །


   ཉེར་གསུམ། གཅུང་པོས་དྲིས་པ། དྲང་པོའི་གཞུངས་མ་ཤོར་བར་བྱས་ན། ཁོའི་ཡིད་དང་འགལ་ནས་མི་དགའ་བར་གྱུར་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། མི་དགའ་བ་དེ་འཇམ་པོའི་སྒོ་ནས་སེལ་ཐབས་བྱ་བ་ལས་ཐབས་མེད། སྤྱིར་ན་བྱ་མི་དགོས་པ་ལ་མ་བྱས་ཤིང་། སྨྲ་མི་དགོས་པ་ལ་མ་སྨྲས་ན། གཡོན་ཅན་གྱི་འདོད་བློ་དང་མཐུན་པར་མ་བྱས་པ་ནི། ཉེས་སྐྱོན་མ་ཡིན་གྱི་ལེགས་པའི་རྩེར་སོན་པ་ཡིན་ནོ། །ནམ་ཡིན་ཡང་བྱ་བའི་ངོ་བོ་ཤེས་པར་གྱིས་ལ། གཞན་ལ་མ་ལྟོས་ཤིག །


   ཉེར་བཞི། གཅུང་པོས་དྲིས་པ། གྲོས་གདབ་ན་ཇི་ལྟར་འདེབས་དགོས་སམ།

གཅེན་པོས་ལན་དུ། གྲོས་འདེབས་བྱ་ཡུལ་དུ་གྱུར་པ་ཀུན་ཉེས་སྐྱོན་ཡོད་ན་གདོང་ཐུག་གིས་གྲོས་འདེབས་གྱིས་ཤིག །གྲོས་བཏབ་ཀྱང་མ་ཐེབས་ན་ལྐོག་ཏུ་འཕྱ་དམོད་མ་བྱེད་ཅིག །གཞི་ནས་ཕ་རོལ་པོ་ལ་གྲོས་འདེབས་དགོས་ངེས་ཡིན་པའམ། ཉེས་ཐག་ཆོད་ཡིན་ན་གྲོས་འདེབས་བྱའོ། །དེ་མིན་གཞན་ལ་འཕྱ་བ་ནི་མཁས་པ་དང་། རང་ལ་ཡོད་པའི་སྐྱོན་ནི་མི་མཐོང་བ་མང་ངོ་། །ཕར་ཕྱོགས་ལ་འཕྱ་དམོད་བྱེད་པ་དང་འདྲ་བར་རང་ལའང་སྐྱོན་གང་ཡོད་བཙལ་ཏེ་སྤོང་ཞིང་། ཕྱིན་ཆད་མི་བྱ་བར་བསྡམས་ན་རང་གིས་རང་བཅོས་པ་ཞེས་བྱའོ། །གལ་ཏེ་རང་གིས་དེ་ལྟར་བྱེད་མི་ནུས་ན། མི་གཞན་ལ་ལྐོག་བཤད་བྱར་རུང་ངམ། 


   ཉེར་ལྔ། གཅུང་པོས་དྲིས་པ། གྲོས་གདབ་འོས་པའི་ཚད་གང་ལ་བྱེད་དམ། རང་གིས་རང་བཅོས་པ་ནི་དཀའ་ན། མཛའ་གྲོགས་ལ་ལ་དང་གཅིག་གི་གསང་དོན་གཅིག་གིས་སྦ་བར་བྱས་ན་འགྲིག་གམ་མི་འགྲིག །

གཅེན་པོས་ལན་དུ། གྲོས་གདབ་ན་འོས་པའི་ཚད་ནི། གྲོས་བཏབ་ཀྱང་མི་དགའ་བའི་འཁོན་འཛིན་མི་བྱེད་པ་དང་། ཡོ་བསྲང་བྱེད་པར་འགྱུར་ཚེ་གྲོས་བཏབ་ན་འགྲིག་གོ །གསང་བ་སྲུང་བའི་རོགས་ཟླ་ནི་དོན་དམ་པའི་བློ་གཅིག་སེམས་གཅིག་ཡིན་ན་ལེགས་པ་ཡིན་གྱི། ཕྱི་མ་ནང་མ་བྱེད་ཅིག །མི་མང་པོའི་ནང་དུ་མ་ཤོད་ཅིག །


   ཉེར་དྲུག གཅུང་པོས་དྲིས་པ། གཉེན་འཁོར་བདེ་ཐབས་བྱེད་ན་གང་གིས་བསྡུའམ། 

གཅེན་པོས་ལན་དུ། ཤ་ཞེན་དང་ཕྱི་ཐག་ཡོད་པར་བྱས་ཏེ་སེམས་མཐུན་པར་གྱིས་དང་། གཉེན་འཁོར་བདེ་བ་ཙམ་དུ་མ་ཟད། གང་དུ་ཕྱིན་ཡང་བདེ་བར་འོང་ངོ་། །བུ་ཞིག་ཡིན་ན་ཕའི་སེམས་དང་མཐུན་པར་གྱིས་ཤིག །གཅུང་པོ་ཞིག་ཡིན་ན་གཅེན་པོའི་སེམས་དང་མཐུན་པར་གྱིས་ཤིག །བྲན་འཁོར་ཞིག་ཡིན་ན་རྗེ་བོའི་སེམས་དང་མཐུན་པར་གྱིས་ཤིག །ཆུང་མ་ཞིག་ཡིན་ན་ཁྱོ་བོའི་སེམས་དང་མཐུན་པར་གྱིས་ཤིག །གཡོག་པོ་ཞིག་ཡིན་ན་དཔོན་པོའི་སེམས་དང་མཐུན་པར་གྱིས་ཤིག །དེ་ལྟར་བགྱིས་ན་ལུགས་མ་ནོར་བར་བཟང་ཞིང་། སེམས་མཐུན་པས་བསྡུས་ན་ཀུན་ཀྱང་བདེ་བར་བྱེད་ནུས་སོ། །སེམས་མི་མཐུན་པ་ལས་སྙིང་ནད་ཆེ་བ་མེད་དོ།།


    ཉེར་བདུན། གཅུང་པོས་དྲིས་པ། དེ་ལྟར་ཐུབ་ན་བདེ་བ་ཐོབ་ལ། སེམས་མཐུན་པ་ཡོང་བའི་ཐབས་ཇི་ལྟར་བྱ་དགོས་སམ།

གཅེན་པོས་ལན་དུ། དེ་ནི་གོང་རིམ་རྣམས་ཀྱིས་ཀྱང་འོས་ཤིང་འཚམ་པ་དང་། དོན་ལ་འཁྱོལ་བ། བརྙས་བཅོས་མ་ཡིན་པ་བཅས་བྱས་ཏེ། ལེགས་ཤིང་དྲང་པོའི་ཚུལ་གྱིས་བཀོལ་བར་བྱའོ། །འོག་རིམ་རྣམས་ཀྱིས་ཀྱང་རྒྱུན་མི་འཆད་པར་རྒྱབ་མདུན་མཚུངས་པ་དང་། ཕུགས་བདེ་བར་དགོངས་པ་ལ་བལྟས་ན། བྱ་ལས་ཀྱང་རྒྱུན་མི་གཅད་པར་བསམ་མོད། གཅིག་ཏུ་གོང་རིམ་རྣམས་བཙུན་ཞིང་གཅེས་པར་བརྩི་དགོས་ཏེ། གང་དང་གང་ལ་ཡང་གུས་ཤིང་རིམ་པ་ཡོད་པར་བྱས་ན། ལེགས་ཤིང་བདེ་བར་མཐུན་པ་འོང་ངོ་། །ཡོངས་དགའ་ན་ནི་སྐྱིད་པ་ཡིན། མི་དགའ་ན་ནི་སྡུག་པ་ཡིན་གྱི། ཁྱིམ་ན་འདུག་ནའང་། དེ་ལས་མི་འདའ། མི་དགོས་པའི་ཡོ་ལང་འོག་རིམ་ལ་མ་བསྐྱེད་ན། རིང་པོར་མ་ཐོགས་པར་འོག་རིམ་མི་དགའ་བར་མི་འགྱུར་ལ། བྱ་ལས་ཀྱང་ཟིན་དུ་རུང་ངོ་། །གཅིག་ཏུ་རྒན་གཞོན་དང་། དཔོན་གཡོག་རྗེ་འབངས་ཀྱི་ཚུལ་ཡོད་པར་གྱིས་ལ། ཡུལ་སྲོལ་དང་འགལ་བའི་ཉེས་པ་བྱེད་དུ་མི་འཇུག་པར་ནན་ཏན་གྱི་སྒོ་ནས་ཁུགས་པར་བྱའོ།།


   ཉེར་བརྒྱད། གཅུང་པོས་དྲིས་པ། ཚུལ་དང་ལྡན་པ་ཇི་ལྟ་བུ་ལགས་སམ།

གཅེན་པོས་ལན་དུ། གཞོན་པ་དག་དང་། གཡོག་བྲན་ཞེས་པ་རྣམས་ས་རྡོ་དང་འདྲ་བར་ཇི་མི་སྙམ་པ་དང་། མིར་མི་བརྩི་བ་དང་། རིགས་རྒྱུད་དང་འཚོ་རྟེན་མེད་པ་བཅས་མི་བྱ་བར། རང་ཉིད་ཀྱི་མྱོང་ཚོར་ལས་དཔགས་ཏེ་བཀོལ་ཞིང་སྤྱོད་པ་ཡང་རན་པར་བྱའོ། །བུ་ཚ་དང་འཚོ་རྟེན་ཡོད་པར་བྱས་ན་རང་ལ་ཡང་ཕན། ཁོང་ཚོའང་དགའ་ཞིང་སྙིང་ཉེ་བ་འོང་ངོ་། །འདི་ལྟར་བྱས་ན་ཚུལ་དང་ལྡན་པ་ཞེས་བྱའོ། །ཚུལ་དང་ལྡན་ན་ཡུལ་སྲོལ་ལས་འགལ་བའི་ཉེས་པ་བྱེད་དུ་མི་འཇུག་པར་ནན་ཏན་གྱི་གཅུན་འདོམས་བྱ་བ་ལ་མི་དགའ་བ་བྱེད་མཁན་སུ་ཞིག་ཡོད། དེ་ལྟར་གྱུར་ན། དེ་དྲང་ཞིང་ལེགས་པར་བྱས་པའི་ལམ་ཡིན་ཏེ། རྗེ་འབངས་གཉིས། དཔོན་གཡོག་གཉིས། རྒན་གཞོན་གཉིས་ལ་སོགས་ཀུན་ལ་དྲང་ཞིང་ལེགས་པར་བྱས་པའི་ལམ་སྟོན་ན། དེ་ལ་མི་སྨོན་པ་དང་མི་འདུ་བའི་མི་སུ་ཞིག་ཡོད། 


   ཉེར་དགུ། གཅུང་པོས་དྲིས་པ། བྲན་དུ་ཕ་ཁོལ་བུ་ལས་ལྷག་པ་ཡོད་དམ།

གཅེན་པོས་ལན་དུ། དོན་དམ་པའི་སྙིང་ཉེ་བ་ལས་ལྷག་པ་མེད་དེ། སྙིང་ཉེ་བའི་ཐོག་ལ་ཕ་ཁོལ་པོ་ཡིན་པའི་བུ་ཡིན་ན། དེ་བས་ལྷག་པ་ག་ལ་ཡོད། སེམས་ལོག་ན་ཕ་ཁོལ་པོའི་བུ་ཡིན་ཡང་མི་ཕན་ནོ། །སྙིང་ཉེ་ན་གཞན་ནས་བཟུང་བའི་བཙོན་པ་ཡིན་ཡང་ཆོག་གོ།


   སུམ་ཅུ། གཅུང་པོས་དྲིས་པ། བྲན་གཡོག་མ་དུལ་བ་དང་། བླུན་པོ། ངན་པ་བཅས་ཇི་ལྟར་ལེགས་པར་བཀོལ་ལམ། 

གཅེན་པོས་ལན་དུ། སྤྱིར་བཤད་ན། ཡ་རབས་ནི་དྲིན་གྱིས་བཀོལ། མ་རབས་ནི་ནན་གཅུན་གྱིས་བཀོལ་ཞེས་གྲགས་མོད་ཀྱི། འོན་ཏེ་བཟང་ངན་ཀུན་ལ་ཡང་དྲིན་དང་། ནན་པོ་གཉིས་ཀ་མེད་དུ་མི་རུང་ངོ་། །མ་དུལ་བ་དག་ནི་ནན་ཏན་གྱིས་དྲག་ཏུ་གཅུན་ལ། རྩིང་སྤྱོད་ལས་ལྡོག་པར་ནུས་ན་ལེགས་སོ་ཞེས་ཚིག་གིས་བསྟོད་ཅིང་། མིག་དཔེར་འདྲེན་དགོས། བླུན་པོ་ལ་ནི། ཇི་ལྟར་བྱ་དགོས་པའི་ཐབས་སྟོན་ཞིང་། སྦྱོངས་ཤིག་ཅེས་སོགས་རྒྱུན་བསྲིངས་ཏེ་ཞེན་སྐུལ་འདེབས་དགོས། སྐབས་རེ་ཅུང་ཟད་ཡར་སྐྱེད་བྱུང་དུས་ལེགས་སོ་ཞེས་ཚིག་གིས་གཟེངས་བསྟོད་ཅིང་། སེམས་གསོ་བ་སོགས་མདོར་ན་ཡི་མི་འཆད་པ་དང་མི་འཐོར་བར་བྱའོ།།སྒྲུབ་ནུས་བཞིན་དུ་མི་བྱེད་པའམ། སྤྱོད་ཉེས་བྱེད་ན་ནན་པོས་ཅུན་ཅིག།


སོ་གཅིག གཅུང་པོས་དྲིས་པ། བྲན་གཡོག་གང་ཞིག་གིས་ལེགས་པའམ། ཉེས་པ་བྱས་ན། ཆད་པ་དང་བྱ་དགའ་སོ་སོར་སྤྲོད་པ་དེ་གལ་ཆེ་བའམ་མི་ཆེ། གཤེ་གཤེ་གཏོང་བ་ན་སྐྱོན་མཚང་མ་བསྔོག་ན་ནི་སྙིང་མི་ཚིམ། བསྔོགས་དྲགས་ན་ནི་ཡི་ཆད་པར་གྱུར་ཚེ་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། ཆད་པ་ནི་ཉེས་པ་བྱེད་དུ་མི་འཇུག་པའི་དྲན་བསྐུལ་དང་། བྱ་དགའ་ནི་ལེགས་ཆའི་ནུས་པ་ཁོང་ན་མ་ལུས་པར་འདོན་དུ་འཇུག་པའི་མིག་དཔེ་འཛུགས་པའི་དོན་དུ་ཡིན། དེ་རིགས་ནི་གནད་དུ་འཁེལ་བ་དང་མངོན་གསལ་ཆེས་ཆེར་བྱ་བའི་རོགས་སོ། །གཤེ་གཤེ་གཏོང་བ་ལ་ནི་ཁོ་པ་རང་གི་གང་ཉེས་པའི་ཚད་གཞིར་དཔགས་ནས་བཏང་བས་ཆོག་ཅིང་། ཁོའི་ཕ་མེས་ལ་སོགས་པའི་ལོ་འཕྲོས་བགྲངས་ནས་དམོད་པར་བྱེད་པ་ནི་ཡི་ཆད་པར་འགྱུར་སྲིད་པས་ཐལ་དྲགས་པ་དག་བྱ་བ་མི་རོགས་སོ། །ལེགས་པ་བྱས་ཀྱང་ངོ་སོ་མེད་པ་དང་། ཉེས་པ་བྱས་ཀྱང་ལེ་ལན་མི་འདའ་བ་ནི་འཇམ་ཞིང་ལེགས་པ་ཅིས་ཀྱང་མ་ཡིན་གྱི། དོན་རྣམས་འཁྲུག་པའི་རྒྱུ་ཡིན་ནོ།།


   སོ་གཉིས། གཅུང་པོས་དྲིས་པ། སྲི་ཞུ་བསྒྲུབ་ན་ཇི་ལྟར་བགྱི་བ་བཟང་ངམ།

གཅེན་པོས་ལན་དུ། བུ་ཚས་ནི་ཕ་མ་དང་། གཉེན་བཤེས་རྣམས་ཀྱི་ཡིད་ཚིམ་པར་ནུས་ན་སྲི་ཞུའི་མཆོག་ཡིན་ནོ། །གཡོག་བྲན་གྱིས་ནི་རྗེ་བོ་དང་དཔོན་པོ་མི་ཁྲོ་བར་བྱེད་ནུས་ན་སྲི་ཞུའི་མཆོག་ཡིན་ནོ། །དེ་ལྟར་ནུས་ན་རང་གིས་གང་བྱས་ཐམས་ཅད་བདེ་ཞིང་བག་ཕེབས་པར་འོང་ངོ་། །གློ་སྙིང་མ་ཚང་བར་མི་གཞན་གྱི་ཁ་ལ་ཉན་པ་དང་། བསམ་པ་ལོག་པས་རྗེ་བོ་དང་། དཔོན་པོ། ཕ་མ་མན་ཆད། གཉེན་གྲོགས་དང་། བྲན་འཁོར་ཡན་ཆད་གསོད་པ་དང་། འབྱེད་པ། འཐབ་པ་སོགས་བྱེད་པ་ཡོད་དོ། །དེ་ལྟ་བུའི་མི་ནི་མཐོང་བ་ཙམ་གྱིས་གདུག་འདྲེ་ཕྲད་པ་དང་འདྲ་བར་བྱ་བའི་རིགས་སོ། །འདི་འདྲ་བར་མི་འོས། མ་ནོར་ན་ཡང་གསོད་ན། དེས་མི་མི་གསོད་པ་ག་ལ་སྲིད། དེ་ལ་བལྟས་ན་ཁོ་ནི་མི་མ་ཡིན་ཏེ་འདྲེ་འདྲ་བར་མངོན་ནོ། །མི་ལ་ལ་ཤ་རུས་གཅིག་པའི་སྤུན་ཉེ་ལས། ཆུང་མ་ཉེ་བར་བརྩི་མཁན་ཡང་ཡོད་དོ། །ཆུང་མ་ཇི་ལྟར་ཡིད་དུ་འོང་ཡང་ཉོ་རྒྱུ་རྙེད་ཅིང་། ཕ་མ་དང་ཕུ་ནུ་ཇི་ལྟར་ཡིད་དུ་མི་འབབ་ཀྱང་གཞན་ནས་བཙལ་བས་མི་རྙེད་དོ། །དེ་ལྟ་བས་ན་བུ་དང་ཆུང་མ་ལས་ནི། ཕ་མ་དང་ཕུ་ནུ་གཅེས་པར་བརྩི་དགོས་སོ། །བུ་ཚ་ཕ་མས་གསོས་ཏེ་བརྩེ་བའི་གཅེས་སྐྱོང་མིག་དང་འདྲ་བར་བྱས་པ་དེ་ཡང་། རྒས་པའི་སྐྱེལ་མ་དང་དྲིན་ལན་འཇལ་བའི་དོན་དུ་ཟད་ན་ཆེར་ལོངས་ནས་སྐུ་དྲིན་གང་ཐུབ་ཅི་ནུས་ཀྱིས་གསོ་བར་རིགས་སོ། །དཔེར་ན་གཅན་གཟན་འཕར་བ་དང་བྱ་རྒོད་ཀྱི་ཕྲུ་གུས་ཀྱང་ཕ་མའི་དྲིན་ལན་འཇལ་བར་བྱེད་ན། མིའི་བུ་རྣམས་ལྟ་ཅི་སྨོས། མ་མཐར་ཕན་གཞན་འདོགས་མ་ཐུབ་ནའང་ཕ་མའི་བཀའ་ལ་ཉན་ཏེ་ཐུགས་དང་མ་འགལ་བའི་ཞབས་འགྱུར་གང་ཆེ་བྱ་བའི་རོགས་སོ། །ཕ་མ་ནམ་བཞུགས་ཀྱི་བར་དུ་བུ་དང་བུ་མོས་ཤེས་ཤིང་འཇོན་ན་ཡང་གསལ་འདེབས་ཞུ་འོས་པ་ལས། ཁྱིམ་ལས་ཀྱི་དབང་ཆ་ལེན་པར་མི་རིགས་སོ། །བུ་ཡང་ཐེ་གཏོགས་མི་བྱེད་ན་མནའ་མ་ལྟ་ཅི་སྨོས། ཕ་མ་དང་གོང་རིམ་ལ་གུས་ཞབས་མི་བྱེད་ན། དེ་ནི་དུད་འགྲོ་དང་འདྲ་བས་མི་ཞེས་པའི་མིང་མ་འབོད་ཅིག།


   སོ་གསུམ། གཅུང་པོས་དྲིས་པ། རང་ལ་བྱམས་པ་ཞིག་ཡོད་ན་དེ་ལ་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། བཟང་པོ་ལ་ནི་དེའི་སྙིང་དང་འདྲ་བར་བྱ། རྗེ་བོའམ་དཔོན་པོ་ཞིག་བྱམས་ན། གང་དུའང་བློས་མི་ཐུབ་པ་དང་། མི་གཞན་གྱི་དོན་ལ་ནམ་ཞིག་བུ་ཚས་ཕ་མར་གནོད་པའི་ཚུལ་ལྟར་མ་བྱེད་ཅིག །རང་ཤི་བའི་རྗེས་སུ་ཡང་། ཁོང་ཚོར་སེམས་ལ་མྱ་ངན་འཇོག་པ་ལས། མི་ཕངས་པར་ཤི་ན་དགའ་བ་ལྟ་བུ་མི་འཇོག་གོ །མདོར་ན། མི་ཚང་མས་ཆ་འཇོག་ཐོབ་པ་ཞིག་གྱིས་ཤིག།


   སོ་བཞི། གཅུང་པོས་དྲིས་པ། ཆ་འཇོག་ཐོབ་པ་ཞིག་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། རྫུན་གྱི་ཚིག་ཅི་ཡང་མ་བཤད་ན་ཀུན་ཡིད་ཆེས་པ་ཡིན། ཡིད་ཆེས་ན་ཀུན་གྱི་ཆ་འཇོག་འཐོབ་པ་དེ་ནས་འབྱུང་ངོ་།།


   སོ་ལྔ། གཅུང་པོས་དྲིས་པ། བྱམས་པའི་མིས་ཅི་ཞིག་བྱིན་ན་སྦྱིན་པ་ཆེའམ། 

གཅེན་པོས་ལན་དུ། རྗེ་བོ་བྱམས་ན་སྲིད་དབང་བྱིན་པ་ལས་སྦྱིན་པ་ཆེ་བ་གཞན་མེད་དོ། །དཔོན་པོ་བྱམས་ན་ཤེས་ཡོན་བྱང་བར་བསླབས་ན་སྦྱིན་པ་དེ་ཆེའོ།།


   སོ་དྲུག གཅུང་པོས་དྲིས་པ། རང་ལ་ཕན་པའི་གཡོག་ཅིག་ཡོད་པ་ལ་རྒྱུ་ནོར་སྦྱིན་པ་ལ་ནི་རང་ཡང་དབུལ་བས་རྔོ་ཐོགས་པ་ཞིག་མ་མཆིས་ན། ལན་གང་གིས་འཇལ་ལམ།

གཅེན་པོས་ལན་དུ། དེ་ནི་སྲིད་དབང་སྟེར་བའི་ཚུལ་ཤེས་པར་བྱས་ན། དེ་ལས་ཆེ་བའི་ལན་འཇལ་དུ་མེད་དོ། །རྒྱུ་ནོར་ཡང་དེའི་ནང་ན་འདང་ངེས་ཡོད་དོ། །བྱམས་པ་དང་སྡང་བ་གཉིས་ཅི་ནས་ཀྱང་དབྱེ་བ་གསལ་པོར་ཕྱེ་ཞིག །བྱམས་པ་ཡིན་པ་ལ་དེ་མ་ཤེས་པར་སྡང་བར་རྩིས་ན་ཡང་ཉེས་སོ། །སྡང་བ་ཡིན་པ་ལ་དེ་མ་ཤེས་པར་བྱམས་པར་རྩིས་ན་ཡང་ཉེས་སོ། །ལ་ལ་སྙིང་ནས་སྡང་བ་མ་ཡིན་ན་ཡང་། ཁོའི་ཇུས་དང་མཐུན་པར་བྱས་ན་མི་ལེགས་ཤིང་ཉེས་པར་གྱུར་ཏེ་བྱས་ཚད་ཚང་མ་ནོར་ནས་སྡང་བ་དང་མཚུངས་པར་འགྱུར་བའང་ཡོད་དོ།།


   སོ་བདུན། གཅུང་པོས་དྲིས་པ། དེ་གསུམ་ཇི་ལྟ་བུ་ཡིན་ནམ། 

གཅེན་པོས་ལན་དུ། བདག་ཅག་གིས་ཉེས་ཀྱི་དོགས་ནས་དེ་ལས་བཟློག་པའི་དོན་དུ་གཤེ་གཤེ་གཏོང་བ་དང་། བདག་ལ་ཡོད་པའི་སྐྱོན་རྣམས་དྲང་པོར་སྨྲ་ཞིང་སྟོན་པ་དག་ནི། བྱམས་པ་ཡིན་ན་ཡང་། རང་གི་འདོད་བློ་དང་མ་མཐུན་པར་བརྟེན་སྡང་བར་བྱེད་པ་ཡོད་དོ། །ཡང་བདག་ཅག་གིས་ཉེས་པ་ཀུན་ལ་ཡང་འགྲིག་སོང་ཞེས་བསྟོད་ཅིང་བསྟུན་པའང་ཡོད་ལ། ལ་ལ་དག་ཁོ་པས་བདག་གི་ཉེས་པ་དེ་བདག་སྔ་ཙམ་དབང་དུ་བསྡུ་བའི་གྲོགས་སུ་དགོས་པའི་ཕྱིར། རྒྱུ་ནོར་དང་མན་ངག་འདྲ་བའི་ཚིག་གིས་སྦྲན་ཞིང་ལེགས་ཞེས་ཟེར་བ་ཡོད་དོ། །དེ་དག་སྡང་བ་ཡིན་ནའང་། རང་གི་འདོད་བློ་དང་མཐུན་པར་བརྟེན་བྱམས་པ་དང་འདྲ་བར་བརྩི་བ་ཡང་ཡོད་དོ། །ཡང་བསམ་བཞིན་དུ་མ་ཡིན་པའི་སྡང་བ་ནི། དཔེར་ན་ཁོང་ཁྲོ་དང་། ཨ་གསར་ལ་དགའ་བ་ལྟ་བུ་ལ། དེ་ལེགས་ཤིང་བཟང་ཞེས་ཟེར་ནས་བསྟོད་པས། རང་གཞན་གཉིས་ཀས་མ་ཚོར་བར་མི་ལེགས་པ་ལ་ལེགས་པར་འཛིན་པས་ཡིད་ལ་བབས་པ་བཞིན། དྲང་པོར་བསྟན་ན་ཡང་ལེགས་པ་མ་ཡིན་ཏེ་སྡང་བ་མཚུངས་པར་གྱུར་ཏོ།།


   སོ་བརྒྱད། གཅུང་པོས་དྲིས་པ། རང་ལ་གོང་རིམ་ནས་བཀའ་བཀྱོན་གནང་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། རང་གིས་ཉེས་པ་ཡིན་ན་ནི་ངོས་ལེན་ཞུ་དགོས། མ་ཉེས་ན་ནི་རྒྱུ་མཚན་རྣམས་ཚིག་འཇམ་པོས་ཤོད་ཅིག །མ་ཉེས་པར་གཤེ་གཤེ་གཏོང་བ་ཞེས་ཚད་ལས་བརྒལ་ཏེ་ནང་ཉམས་ཀྱི་ཚིག་ཤུགས་ཆེ་དྲགས་ན་རང་ལ་གནོད་དོ། །གལ་ཏེ་རང་ལ་མནོང་ཡོད་ན་སྤངས་ཏེ་སླར་དེ་ལས་ལྡོག་ཅིང་། ཡིད་ཆེས་འཐོབ་པར་བྱ་བའི་རོགས་སོ།།


    སོ་དགུ། གཅུང་པོས་དྲིས་པ། མི་གཅིག་གིས་ཉེས་པ་བྱས་ན་དེ་ལ་བྱེ་བྲག་ཕྱེ་རྒྱུ་ཡོད་དམ། 

གཅེན་པོས་དྲིས་ན། དབྱེ་རྒྱུ་ཕྱེ་རྒྱུ་ཡོད་དེ། ན་ཚོད་མ་ལོན་པའི་དུས་སུ་ཉེས་པ་ཞིག་བསགས་ནའང་། འཁོན་དུ་འཛིན་མི་རུང་ངོ་། །བསམ་ཤེས་ཐུབ་ནས་ཉེས་པ་བསགས་ན་ནི་ཉེས་པ་བྱས་པ་རང་ཡིན་པས་འཁོན་དུ་འཛིན་རུང་ངོ་། །རྗེ་འབངས་གཉིས་སམ། ཕ་བུ་གཉིས། ཡང་ན་དཔོན་གཡོག་གཉིས་སུ་ཡིན་ཡང་། འཁོན་དུ་འཛིན་རུང་ངམ་མི་རུང་གི་ཚད་དེ་ལ་བྱེད་པའི་རིགས་སོ།།


   བཞི་བཅུ། གཅུང་པོས་དྲིས་པ། འཁོན་བྱུང་ན་ཤ་ལན་ལེན་ཐབས་བྱེད་དམ་མི་བྱེད། 

གཅེན་པོས་ལན་དུ། ཤ་ལན་ཁྲིམས་ཀྱིས་བླངས་པས་ཆོག་གོ།


   ཞེ་གཅིག གཅུང་པོས་དྲིས་པ། མི་ལ་ལ་ཁོའི་བློ་ལ་བབས་ཤིང་། བདག་གི་བློ་ལ་མི་འབབ་པ་དང་། མི་ལ་ལ་ཁོའི་བློ་ལ་མི་འགྲོ་ཞིང་། བདག་གི་བློ་ལ་འབབ་པ་ཡོད་ན་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། མི་ཆོས་བྱ་དགོས། རང་ལ་ལེགས་པར་བྱེད་ཅིང་འཁོར་བ་དག་མཛའ་མཐུན་དུ་བརྩི་བ་ཡིན་གྱིས། རང་གི་བློ་ལ་མི་འབབ་ཀྱང་མ་སྐྱེངས་པ་མགུ་བར་གྱིས་ཤིག །རང་གི་བློ་ལ་འགྲོ་ཡང་ཁོའི་བློ་ལ་མི་འབབ་པ་ནི། འོས་འཚམས་སུ་མ་བཞག་ཚེ་ཁོས་མ་བསྟེན་ན་སྐྱེངས་དགོས་པ་ཡོང་སྲིད་དོ།།


   ཞེ་གཉིས། གཅུང་པོས་དྲིས་པ། འོས་འཚམས་སུ་འཇོག་པ་ཇི་ལྟ་བུ་བྱའམ། 

གཅེན་པོས་ལན་དུ། ཁོ་ལ་ལེགས་ཤིང་མཛའ་བར་བྱེད་པ་ལ། བརྙས་ཐབས་ཀྱིས་མཐུན་པར་བྱས་པ་མ་འགྲིག་ཅེས་སྤྱོད་ལོག་མི་བྱ་བར། མདུན་ཕྱོགས་ནས་ཡོང་ནའང་མ་མཐོང་བའི་ཚུལ་བཞིན་དུ་རང་བབ་ལ་རན་པར་བཞག་ན་རུང་ཞེས་བྱའོ། །སྤྱིར་ན་ལེགས་པ་གང་ཡང་མ་བྱས་པ་ལ་བྱམས་དྲགས་པ་མི་བྱའོ། །ཉེས་པ་གང་ཡང་མ་བྱས་པ་ལ་སྡང་དྲགས་པའང་མ་བྱེད་ཅིག །མི་ཕ་རོལ་པོ་རང་གི་བློ་ལ་མི་འགྲོ་བ་ཞིག་ཡོད་ན་ཡང་། བློ་ལ་མི་འབབ་ཅེས་ཁ་ནས་སྨྲ་བ་མི་རིགས་སོ། །དེ་ལྟར་བྱས་ན་རང་ལ་གནོད་པ་མེད་ལ། ཕར་ཕྱོགས་ཀྱང་མི་དགའ་བ་དང་སྐྱེངས་པ་མི་འོང་ངོ་།།


   ཞེ་གསུམ། གཅུང་པོས་དྲིས་པ། གལ་ཏེ་མཛའ་བོས་ཉེས་པ་ཞིག་བྱུང་ན། རོགས་རམ་དང་ཤ་ཞེན་ཇི་ཙམ་དུ་བྱའམ། 

གཅེན་པོས་ལན་དུ། ངོ་སོ་ཐོན་པའི་ཐབས་ཤེས་བྱ་རུང་བ་ཡོད་ན་གྱིས་ཤིག །སྲིད་ཐབས་དང་རྒྱུ་ནོར་གྱིས་བརྗེ་ནའང་རུང་སྟེ། རང་ལ་ཆགས་ཞེན་མེད་པར་གྱིས་ཤིག །སྤྱིར་ན་བཟང་པོ་ལ་མཛའ་བོར་ནུས་ན་མཛའ་བ་ཡིན་གྱི། མི་ཕན་པ་མཐོང་བཞིན་དུ་ཉེས་པ་ལ་ལུས་ཀྱིས་བརྗེ་བ་ནི་མཛའ་བ་ངན་པ་ཡིན་ནོ།།


   ཞེ་བཞི། གཅུང་པོས་དྲིས་ན། གང་ལའང་ཁོང་ཡངས་པ་བཟང་ན། དོགས་པ་འཆང་བ་ལ་དགེ་མཚན་གང་ཡོད་དམ།

གཅེན་པོས་ལན་དུ། རུང་དང་མི་རུང་ལ་དོགས་པར་མ་བྱས་ན་ཁྱིམ་སྲིད་ཀྱི་ཆག་སྒོར་འགྱུར་རོ། །ཟས་ལ་དོགས་གཟོན་མ་བྱས་ན་དུག་གིས་སྲོག་འཕྲོག་གོ །ཆུང་མ་ལ་དོགས་གཟོན་མ་བྱས་ན་རོགས་ཟླ་འགྱུར་རོ། །གཙང་བཙོག་ལ་དོགས་པར་མ་བྱས་ན་མི་ངན་པར་སྐྱེའོ། །གྲང་དྲོ་ལ་དོགས་གཟོན་མ་བྱས་ན་གཅོང་ནད་ཅན་དུ་འགྱུར་རོ།།


   ཞེ་ལྔ། གཅུང་པོས་དྲིས་པ། བསྟེན་བྱར་གང་བཟང་དང་གང་ངན་ནམ། 

གཅེན་པོས་ལན་དུ། ཉིན་མོའི་བསྟེན་བྱར་རྗེ་བོ་དང་། དཔོན་པོ་དང་། མཛངས་ཤིང་དྲང་བ་དང་། མཁས་ཤིང་དཔའ་བ་དང་། བཟོ་མཁས་དང་རྩལ་ཆེ་བ་དང་། སྙན་ངག་དང་བཀའ་ཁྲིམས་བཟང་ངོ་། །མཚན་མོའི་བསྟེན་དུ་ནི་རང་གི་ཆུང་མ་བཟང་ངོ་། །ཉིན་མོའི་བསྟེན་བྱར་རྐུན་མ་དང་གཡོ་ཟོལ་ཅན། སྨད་ཚོང་མ་དང་གཡེང་བ། སྨྱོན་པ་དང་འཆལ་བ། སྡར་མ་དང་མི་སྤུས་ཞན་རྣམས་ངན་ནོ། །མཚན་མོའི་བསྟེན་དུ་ན་ཆུང་མ་ངན་ནོ།།


   ཞེ་དྲུག གཅུང་པོས་དྲིས་པ། རྗེ་བོ་དང་དཔོན་པོ་ལ་བརྟེན་པ་ཕན་དུ་རེ་བ་ཞིག་ཡོད་ན། མྱུར་དུ་བྱ་བར་རིགས་སམ་མི་རིགས། 

གཅེན་པོས་ལན་དུ། དེ་ཡང་ཡང་དག་པ་ཡིན་ན་ནི་མྱུར་དུ་བྱ་བའི་རིགས་སོ། །རང་གིས་མ་རྟོགས་པར་གཞན་གྱི་ཁ་རྗེས་སུ་མ་རྒྱུག་ཅིག །མ་རྟོགས་པར་བྱ་བྱེད་མང་དྲགས་ན་རང་ཡང་སུན་ཞིང་། བྱམས་པའི་མི་ཡང་ཡིད་འབྱུང་བར་འགྱུར་ཞེས་ཀྱང་ཟེར་རོ། །སྐབར་རེ་ཕྲ་མར་ཡང་འགྱུར་རོ།།


   ཞེ་བདུན། གཅུང་པོས་དྲིས་པ། ཕྲ་མ་ཉན་ནམ་མི་ཉན།

གཅེན་པོས་ལན་དུ། དོན་རྩ་ཆེ་ན་གསང་ཐབས་ཀྱིས་བརྩད་གཅོད་བྱ་འོས་ཀྱི། དབྱེ་བ་གསལ་པོ་མ་ཕྱེད་པར་ཉན་དུ་རུང་ངོ་།།


   ཞེ་བརྒྱད། གཅུང་པོས་དྲིས་པ། གྲོགས་པོ་མཛའ་བཤེས་མང་དྲགས་ན། འགའ་དང་མཐའ་མཇུག་འཁོན་གྱིས་ཀྱང་དོགས། ཐོག་མ་ནས་མི་མཛའ་བར་འཇོག་པ་ལ་ནི་ཡིད་མཐུན་པས་ན་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། སྤྱིར་ན་གང་ལ་བརྟེན་ནས་མཛའ་བོར་གྱུར་པ་ལ་བལྟ་དགོས། འཁྱོག་པོ་མི་བརྟན་པའི་ཚུལ་ལ་ཡིད་མཐུན་ནས་མཛའ་བོར་གྱུར་པ་ནི་མཐའ་མཇུག་མི་འཁོན་པ་མི་སྲིད་དེ། དེ་འདྲ་བ་དང་ནི་ཡིད་ཇི་ཙམ་མཐུན་ན་ཡང་མཛའ་བར་བྱ་མི་རོགས་སོ། །དྲང་ཞིང་ནན་པའི་ཚུལ་ལ་ཡིད་མཐུན་ནས་མཛའ་བོར་གྱུར་ན་ནི་སླར་མི་མཐུན་པར་ཡང་མི་འགྱུར་བས་ན། དེ་འདྲ་བའི་མཛའ་བོ་མང་ན་ལེགས་སོ། །མདོར་ན་མཛའ་བོ་ཡང་ཚུལ་དང་བསྟུན་ནས་སྒྲིག་པར་གྱིས་ཤིག །ཐོག་མ་ནས་ཀྱང་དེ་ཙམ་གྱི་མི་ཉེ་ལ། མཐའ་མར་ཡང་དེ་ཙམ་གྱི་མི་རྒྱང་བར་བྱས་ན་ཉེན་མེད་དོ། །མ་མཛའ་ན་ལེགས་ཞེས་འབྲེལ་འདྲིས་མི་བྱེད་པ་ཡང་བྱར་མི་རུང་ལ། མཛའ་ཟིན་པ་དང་ནི་ཅི་ནས་ཀྱང་མ་གྱེས་པ་དང་ཁྲེལ་གཞུང་ཡོད་པར་གྱིས་ཤིག །ཉེས་པ་ཆུང་ངུ་ཡང་བཟོད་པར་གྱིས་ཤིག །བཟོད་པར་མ་བྱས་པ་དང་ཁོས་ཉེས་སོ་ཞེས་བརྗོད་ན་རང་ལ་ཡང་དམོད་པར་འོང་ངོ་། །མི་ཞིག་གིས་བཟང་པོ་ཡོང་བར་རེ་ནས་གྲོས་འདེབས་པའམ། བཟང་པོ་ཡོང་བར་རེ་ནས་བྱ་བ་བྱས་པ་ལས། རང་བརླག་པར་གྱུར་པའམ་གདོན་གྱིས་བརླམས་ཏེ་ཉེས་པར་གྱུར་རམ། ཁོས་ནི་བཟང་པོ་ཡོང་བར་རེ་བ་ཡིན་ཟེར་བ་དེ་རང་གི་ཡིད་ལ་མ་བབས་པ་ལ་སོགས་ཏེ། འདི་ལྟ་བུའི་རིགས་ཤིག་ཡིན་ན། ཉེས་པར་གྱུར་ན་ཡང་ལན་ལེགས་པར་འཇལ་བར་བྱའོ།།


   ཞེ་དགུ། གཅུང་པོས་དྲིས་པ། བདག་ལ་ཕན་པ་མེད་པར་ལན་ལེགས་པས་ཇི་ལྟར་འཇལ་ལམ།

གཅེན་པོས་ལན་དུ། མི་དེ་སྤྱིར་ན་རང་ལ་དགའ་ཞིང་ལེགས་པར་སེམས་པས་ན་གཞན་ལས་ལྷག་གོ །སྔར་གྱི་གཏམ་རྙིང་དག་ན་ཡང་། ཉེས་པའི་ལན་ལེགས་པས་འཇལ་བ་ཡོད་ཀྱི། ལེགས་པའི་ལན་ངན་པས་འཇལ་བ་ནི་སྤྱིར་ན་མི་སྲིད་དོ། །གཅིག་ཏུ་ན་ལེགས་པར་བྱེད་པ་རྣམས་ཡིད་སྤྲོ་བ་དང་། མགུ་བར་ཡང་བྱ་དགོས་སོ། །སུ་ཞིག་གིས་དྲིན་བཏགས་ན་ཡང་བརྗེད་མི་རུང་ངོ་། །དྲིན་གྱིས་བསྐྱངས་པ་བརྗེད་ན། བྱས་པ་དང་མ་བྱས་པ་འདྲ་ཞེས་སྨད་པར་བྱེད་ཅིང་། སྙིང་ཐག་པ་ནས་ཕན་པར་བྱེད་པ་མི་འབྱུང་ངོ་། །སུ་དང་འཐབ་ནའང་རུང་། ལུགས་དང་མཐུན་པ་ལྟར་འཐབ་པ་དང་། དེ་ལས་མ་བསྒྱུར་དེའི་ཡན་ལག་ཀྱང་མ་དོར་ཞིག །བྱ་བ་བཅོལ་བ་ཡོད་ན། མི་རུང་བ་དང་མི་ནུས་ན་ནི་ཐོག་མ་ནས་གསལ་པོར་ཤོད་དགོས་སོ། །ཁས་བླངས་ན་གང་བསྒོ་བ་དེ་དང་འདྲ་བར་བྱའོ། །ལུས་ལས་གཅེས་པ་མེད་པས་དགྲ་དང་གནོད་པ་གང་ནས་ཡོང་ཆ་མེད་ན། ལམ་ཉེ་རིང་གང་དུ་འགྲོ་ན་ཡང་མཁོ་བའི་རྒྱུ་ནོར་དང་གཡོག་ཁྲིད་ཅིག །མཐུན་རྐྱེན་རྣམས་ལ་སྣང་ཆུང་མ་བྱེད་ཅིག །རང་གི་ལུས་ཀྱི་དོན་ལའང་ལེ་ལོ་བྱས་ན་བརྩོན་འགྲུས་ཟེར་བ་གང་ན་ཡོད། དེ་ལྟ་བས་ན། རང་གི་ལུས་ལ་རང་གིས་གཅེས་སྐྱོང་བྱེད་པ་ལས་འདའ་མི་རུང་ངོ་། །དོན་སྙིང་ཆེན་པོ་རང་སྲོག་རི་བ་ཙམ་ཞིག་ཡོད་ན། གཞི་ནས་རང་ལུས་ལ་ཕངས་པ་མེད་དོ།།


   ལྔ་བཅུ། གཅུང་པོས་དྲིས་པ། བྲེལ་བའི་ནང་ནས་གང་ཞིག་གིས་མ་བྲེལ་ན། ནང་ན་སྐྱེ་བོ་བདེའམ། 

གཅེན་པོས་ལན་དུ། སྲོག་དང་སེམས་གཉིས་མ་བྲེལ་ན། སྐྱེ་བོ་བདེ་བའི་མཆོག་ཡིན་ནོ།།


   ང་གཅིག གཅུང་པོས་དྲིས་པ། སྲིད་ཀྱིས་བྲེལ་ན་ཚབས་ཆེ་བ་མ་ཡིན་ནམ། 

གཅེན་པོས་ལན་དུ། སེམས་ཀྱི་ནང་དུ་སྲིད་ཀྱང་འདུས་པ་ཡིན་ཏེ། སེམས་མ་བྲེལ་ན་སྲིད་ཀྱང་བདེ་བར་འགྱུར་རོ།།


   ལྔ་གཉིས། གཅུང་པོས་དྲིས་པ། བུ་ཕོས་མོས་པའི་བུ་མོ་ཞིག་ཡོད་ན་ཇི་ལྟར་བྱ། ནོར་དུ་གང་ཞིག་བྱིན་ན་ཕན་ཆེའམ། 

གཅེན་པོས་ལན་དུ། ཐབས་ཤེས་ནི་གང་དང་གང་ལ་ཡང་ལེགས་པར་བྱ་བའི་རིགས་སོ། །ནོར་དུ་ནི་དྲང་ཞིང་མ་ནོར་བའི་གཞུང་བྱིན་ན་དེ་ཆེ་བ་ཡིན་ཏེ། སྲོག་དང་སྲིད་གཉིས་ཀྱང་དེར་འདུས་སོ།།


   ང་གསུམ། གཅུང་པོས་དྲིས་པ། ཡོན་ཏན་ཤེས་པ་ཞིག་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། སྤྱིར་ན་མ་བསྟན་པར་ཤེས་པ་དང་། མ་བསླབས་པར་ལོབས་པ་ཞིག་མེད་དེ། མཁས་པ་གང་ཡང་ཤེས་པ་རྣམས་ཀྱང་བསླབ་པ་ལ་ནི་བརྩོན་ཞིང་འགྲུས། བསྟན་པ་ལ་ནི་ཉན། ལེགས་པ་ནི་དགྲ་ལ་ཡོད་ཀྱང་ལེན། ཉེས་པ་ནི་རང་ལ་ཡོད་ཀྱང་འདོར། དྲང་པོར་སྟོན་མཁན་ལ་ནི་གཤེ་གཤེ་བཏང་ཡང་དགའ་ཞིང་། ལོག་པར་སྟོན་མཁན་ནི་བྱམས་ཀྱང་སྤངས་པ་བཅས་ལས་བྱུང་ངོ་། །དེ་ལྟར་ཡིན་པས་ན་ཕ་མ་དང་ཕུ་ནུ་རྒན་རབས་རྣམས་ཀྱིས་ཀྱང་། བུ་ཚ་གཞོན་ནུ་དག་ལ་ཤེས་བྱའི་རིགས་རང་ནུས་གང་ཡོད་ཁོང་ན་མ་ལུས་པར་སློབ་ཅིང་སྦྱོང་བ་ལས་གལ་ཆེ་བ་མེད་དོ། །དེ་ལྟར་བྱས་ན་བྱིས་པ་གླེན་པ་ཡང་འབྲིང་པོར་ཆགས་ཐུབ་ན། རིག་པ་ཅན་ལྟ་སྨོས་ཀྱང་ཅི་དགོས། གློ་སྙིང་ཁོང་ན་ཚང་ཡང་མ་བསྟན་མ་བསླབས་ཤིང་། མ་སྦྱངས་པ་ཡིན་ན་བྱིས་པ་རིག་པ་ཅན་ཡང་འབྲིང་པོ་ཙམ་ལས་མི་ཡོང་བས་ན། གླེན་པ་རྣམས་ལྟ་བཤད་ཅི་དགོས། དེ་ལྟར་དཔག་ན་སློབ་སྦྱོང་ནི་གལ་ཤིན་ཏུ་ཆེ་བར་མངོན་ནོ། །བྱིས་པ་ལོ་ཆུང་རྩེད་དགར་རོལ་བའི་སྐབས་ནས། ཡིག་རྩིས་ལ་སོགས་པ་སློབ་པ་ནི་མཛངས་པའི་ཁ་གསབ་ཏུ་འགྲོ་བ་དང་། ཕོང་རྩལ་ལ་སོགས་པ་སློབ་པ་ཡང་དཔའ་བའི་ཁ་སྣོན་དུ་འགྲོ་བ་ཡིན་པས་བྱང་བར་བསླབ་པའི་རིགས་སོ། །རྟག་ཏུ་ཕན་པའི་རིགས་ནི་དཀའ་ངལ་ཆེ་ཡང་བསླབ་པར་བྱ་ཞིང་། རྟག་ཏུ་གནོད་པའི་རིགས་ནི་དད་ཀྱང་སྤོང་བར་བྱས་ན་འཕྲལ་གྱི་ཕན་གནོད་ནི་ལྟ་ཅི་སྨོས། རང་གི་བུ་ཚ་བསླབ་པའི་རིམ་པ་ལ་ཡང་། དང་པོ་ནི་སུ་ཞིག་རང་ལ་སྙིང་ཉེ་ཞིང་ཡོན་ཏན་ཡོད་པའི་དྲུང་དུ་བཞག་ནས་བསླབས་ཤིང་སྦྱོང་བར་བྱའོ། །དེ་ནས་བློན་པོ་ཆེ་ཞིང་དབུལ་བ་ཞིག་གི་དྲུང་དུ་བཞག་སྟེ་བསླབས་ཤིང་སྦྱོང་བར་བྱའོ། །དེ་ནས་ལེགས་པར་ཐོན་ན་སྙན་པའི་གྲགས་པ་གང་དུ་ཆེ་བའི་སར་འཇོག་གོ །ཡང་དག་པའི་གཞུང་མེད་ན་ཆེ་ཞིང་མཐོ་ཡང་མི་དེ་ལྟ་བུའི་དྲུང་དུ་མི་འཇོག་གོ །གཞོན་སྐྱེས་ཀྱིས་བསྟེན་པ་ལས་མི་རྫུ་བག་ཅན་ཕྲད་པ་མང་བས། མི་ཚུལ་མིན་ངན་སྤྱོད་ལ་སྲེད་པ་དག་བསྟེན་པའམ་མཛའ་བར་ཡང་བྱེད་དུ་མི་འཇུག་གོ།


   ང་བཞི། གཅུང་པོས་དྲིས་པ། སློབ་པའི་དུས་ཐོག་མར་རང་ལ་སྙིང་ཉེ་ཞིང་ཡོན་ཏན་ཡོད་པའི་དྲུང་དུ་འཇོག་པ་དང་། དེ་ནས་བློན་པོ་ཆེ་ཞིང་དབུལ་བའི་དྲུང་དུ་འཇོག་པ་ལ་རྒྱུ་མཚན་གང་ཡོད་དམ།

གཅེན་པོས་ལན་དུ། སློབ་པའི་དུས་དང་པོ་རང་དང་སྙིང་ཉེ་བའི་དྲུང་དུ་འཇོག་པ་ནི། རང་གི་བུ་ལོ་ཆུང་བས་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་ལ། བྱ་དང་མི་བྱ་ཚོད་ཀྱང་མི་ཟིན་པས་གལ་ཏེ་རང་དང་སྙིང་ཉེ་ཤོས་ཤིག་མ་ཡིན་ན། འཆལ་ཞིང་ཁྲིམས་ལ་ཐོགས་པའང་འོང་སྲིད། གཅིག་ཏུ་ན་ཆུང་དུས་འཁྱམས་ན་སྙིང་རྩ་ལ་གནོད་པ་ཞེས་ཀྱང་གྲགས། སྙིང་ཉེ་བ་ཁོ་ནས་ཀྱང་མི་ཆོག་སྟེ་མཁས་ཤིང་བྱང་བ་ལ་ཐོན་པའི་ས་མ་ཡིན་ན་བསླབས་ཤིང་བསྟན་པ་རྣམས་གནད་དུ་མི་འཁེལ་ལ། ལེགས་པར་མི་ཤེས་སོ། །མཁས་མཛངས་ལྡན་པས་ནི་གང་ཞིག་བསླབས་ཀྱང་གནད་དུ་འཁེལ་བ་ཡིན་པས་བུ་ཉིད་ཀྱང་དེའི་ཚུལ་སློབ་པའི་ཕྱིར་རོ། །ན་ཚོད་ཕྲ་ཞིང་མནོ་མི་ཤེས་པའི་དུས་སུ་དེ་ལྟ་བུར་བསླབས་ཤིང་བྱང་ནས། བློན་པོ་ཆེ་ཞིང་དབུལ་བའི་དྲུང་དུ་འཇོག་པ་ནི། བློན་པོ་དེ་ཆེ་བའི་རྒྱུ་མཚན་ལས་ནི་མི་མཛངས་པ་འོང་མི་སྲིད་ཅིང་། དབུལ་བ་ལས་ནི་དྲང་ཤུགས་དང་ཁྲེལ་གཞུང་ཆེ་ཞིང་། འདོད་པ་ཆུང་བ་བཅས་ཤིག་མ་ཡིན་པ་མི་སྲིད་པས་ན། རང་གི་བུ་ཡང་དེའི་ཚུལ་ལུགས་སློབ་པའི་ཕྱིར་དེ་ལྟ་བུར་འཇོག་པ་ཡིན་ནོ། །གཅིག་ཏུ་ན་དབུལ་བོས་གཡོག་གྱིས་དང་གང་ལའང་གྲོན་ཆུང་ཞིང་ཉུང་ངུས་ཆོག་ཤེས་པ་ཡིན་ན། གོང་ངམ་འོག་གཉིས་གང་དུ་བྱ་བ་བྱེད་ཀྱང་བདེ་བར་འོང་ངོ་། །སྙན་ངག་ལ་སོགས་པ་ཡི་གེ་བཟང་པོ་འཆང་ཞིང་ཀློག་ཏུ་བཅུག་ན་མཛངས་པའི་སྣོན་མར་འགྱུར་རོ། །ཚ་བོ་དང་བུ་རྣམས་རང་གི་ཤུལ་དུ་ལུས་སྐབས་ནམ་ཡང་ཞེ་འཁོན་མི་སྐྱེ་བ་མཚུངས་པར་བྱ་བའི་རིགས་སོ།།


   ང་ལྔ། གཅུང་པོས་དྲིས་པ། བྲན་ཁོལ་དག་ལའང་མཚུངས་པར་བྱའམ། 

གཅེན་པོས་ལན་དུ། ཁོ་ལ་རང་ཉིད་ཀྱི་སྐལ་བ་གུད་ན་ཡོད་པས། སྤྱིར་ན་དེ་ལྟ་བུའི་རེ་བ་མི་བྱེད་དེ། བཅའ་ཤས་མ་བྱིན་ན་ཡང་ཞེ་འཁོན་མེད་དོ། །བུ་ཚ་ནི་ཕ་ཁུའི་ཤུལ་དུ་ལུས་ན། རྟག་ཏུ་ངན་པར་འགྱུར་གྱི་དོགས་པས་ནན་ཏན་གྱིས་གདམས་ཤིང་བཅོས་ཐབས་དང་། གཤེ་གཤེའམ་ཉེས་རྡུང་བཏང་བ་སོགས་ལ་འཁོན་འཛིན་བྱར་མི་རུང་ངོ་། །ཕ་ཁུ་དང་ཕ་མ་ལ་སོགས་པས་བསམ་གཞིགས་མ་བྱས་པའི་ཉེས་པ་ཞིག་ཡོད་ན། མི་གཞན་ལ་བརྗོད་པར་མི་རིགས་སོ། །གལ་ཏེ་བརྗོད་ན་གཉིས་ཀ་ལ་ཁྲེལ་བ་འོང་ངོ་།།


   ང་དྲུག གཅུང་པོས་དྲིས་པ། ཕུས་ནུ་བོ་ལ་གདམས་ཀྱང་མི་ཉན། བཅོས་ཀྱང་མི་འགྱུར་ན་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། འདི་ན་མ་ཉེས་ཁག་གཡོག་གི་ཉེས་ཆད་དང་། སྲོག་དང་སྲིད་ལ་གནོད་པའི་དགྲ་ཡང་འདི་ལྟ་བུ་ལས་འབྱུང་བས་ན། ངོ་བཟློག་ཕོད་པར་གྱིས་ལ་མྱུར་བར་རྒྱང་རིང་དུ་འབུད་པར་རིགས་སོ།།


   ང་བདུན། གཅུང་པོས་དྲིས་པ། གཉེན་སྒྲིག་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། མནའ་མ་ལེན་ན། རྒྱུ་ནོར་དང་མཛངས་སྤྱོད་གཉིས་ལྡན་གདམ་པར་བྱའོ། །དེ་ཡང་མ་འཛོམ་ན་རྒྱུ་ནོར་འདོམས་ཤིག །མག་པ་འདེམ་ན་མཛངས་ཕྱུག་གཉིས་འདོམས་ཤིག།


   ང་བརྒྱད། གཅུང་པོས་དྲིས་པ། ཆུང་མའི་ངག་བཞིན་ཉན་པ་གལ་ཆེའམ་ཆུང་། 

གཅེན་པོས་ལན་དུ། གལ་ཏེ་མ་འོས་པ་མ་ཡིན་ན། བཟང་བ་ནི་འཕྲལ་མར་ཟུར་དུ་བཀར་ནས་ཉན་པ་ཟད་དོ། །ཆུང་མ་ཡིད་དུ་འོང་བ་ནི་བཙལ་ན་རྙེད་ཅིང་། བུ་ངན་པ་ནི་གཞན་དང་བརྗེ་རྒྱུ་མེད་དོ།།


   ང་དགུ། གཅུང་པོས་དྲིས་པ། ཕ་ལ་བཟའ་ཟླ་ཆེ་ཆུང་གཉིས་ཡོད་ན། བདག་གིས་ཕའི་ཡིད་ལྟར་བྱས་ན་ནི་མའི་ཡིད་དང་འགལ། མའི་ཡིད་ལྟར་བྱས་ན་ནི་ཕའི་ཡིད་དང་འགལ་ན་ཐབས་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། བློ་གཅིག་སེམས་གཅིག་གིས་འདུམ་ཐབས་བྱ་དགོས་ཏེ། རང་ངོས་ནས་ཀྱང་མ་དང་མ་ཡར་གཉིས་གོ་བབ་མཉམ་པར་བྱ་དགོས། བདེན་མི་བདེན་ལ་ལྔ་དྲང་པོར་བྱེད། ཆེ་ཆུང་ནི་སྲོལ་ལ་དར་བས་བཏང་སྙོམས་བྱ་བ་ལས་ལྷག་པ་མ་མཆིས་པར་བསམ་ལ། སྨད་པའི་འོས་ཚད་ཀྱང་མེད་པ་ན་ངོ་དགའ་བྱས་ཏེ་མི་དགའ་བར་མི་འགྱུར་བས་སེམས་ནད་བསལ་ལ། སོ་སོར་དང་བ་འདྲེན་པའི་ཡིད་དང་མཐུན་པར་བྱས་ན། ཕྱོགས་གང་གི་བློ་དང་ཡང་མི་འགལ་ཏེ་ཀུན་ཀྱང་བདེའོ།།


   དྲུག་ཅུ། གཅུང་པོས་དྲིས་པ། དེ་ལྟར་ཐུབ་ན་རབ་ཏུ་ལེགས་ཀྱང་། མ་ཐུབ་ན་སུའི་ཡིད་དང་མཐུན་པར་བྱའམ། 

གཅེན་པོས་ལན་དུ། བུ་ལ་ཕ་དབང་ཆེ་བས་ཕའི་ཡིད་དང་མཐུན་པར་གྱིས་ཤིག །འོན་ཀྱང་འདུམ་ཐབས་ནི་ཞར་ལ་འབྱུང་ངོ་།།


   རེ་གཅིག གཅུང་པོས་དྲིས་པ། མནའ་མ་དང་ཨ་མ་རྩོད་ན་ཇི་ལྟར་བྱའམ། 

གཅེན་པོས་ལན་དུ། འདི་ལྟ་བུ་ནི་མང་སྟེ་རང་ཤུགས་སུ་འབྱུང་བའི་ཕྱིར་རོ། །གཉེན་སྒྲིག་ནས་མནའ་མར་བླངས་པ་ལ་བུའི་ཕ་མས་ཀྱང་ཐད་ཀར་ཚིག་ངན་པས་གཤེ་གཤེ་གཏོང་བ་མི་རིགས་སོ། །གནས་ལུགས་བཤད་ནས་བླང་དོར་སྟོན་པར་བྱའོ། །མནའ་མས་ཀྱང་བུའི་ཕ་མར་རང་གི་ཕ་མའི་གནས་བབ་ཏུ་བཀུར་བ་ལས་འདྲ་མཉམ་ལྟ་བུས་གང་བྱུང་བརྗོད་པ་མི་རིགས་ཤིང་། ཡ་རབས་གོ་རིམ་ཡོད་པར་བསམ་གཞིགས་བྱས་ཏེ་གུས་ལྡན་ཞབས་འགྱུར་གང་ལེགས་སྒྲུབ་པར་རིགས་སོ། །དེ་ལྟར་བྱས་ན་རྩོད་པ་གང་ལས་འབྱུང་། བུ་ལ་དགོས་པ་ནི་ཚིམས་པར་བྱས་ན། རང་ལ་མེད་དུ་མི་རུང་བའི་ཕ་མ་དགྲར་བསླངས་ན་མ་ནོར་རམ། འདི་རིགས་གཅིག་གིས་གཅིག་ཐུབ་ཀྱང་ལེགས་པ་མ་ཡིན་ཏེ་ཉེན་པར་མངོན་ནོ། །སྤྱིར་ན་གཞོན་པའི་དུས་སུ་མནའ་མ་བྱས་ཤིང་། རྒས་པའི་ཚེ་ན་སྒྱུག་མོ་སྟེ། མི་ཚེ་གཅིག་ལ་གོ་སྐབས་གཉིས་མྱོང་བ་ཡིན་པས་རང་གི་ཉམས་ཐོག་ནས་བསམ་ནའང་རྟོགས་པའི་རོགས་སོ། །ཕ་བུ་གཉིས་ཀྱིས་དྲང་པོ་དང་། འོས་ཤིང་རིགས་པ་སོ་སོར་ཁོང་དུ་ཆུད་པར་བྱས་ན་རྩོད་པའི་རྒྱུན་ཆད་པར་འགྱུར་རོ། །ཐ་དད་བྱེད་པ་དང་ས་ཐག་རིང་པོར་ཁ་གྱེས་པའི་ཐབས་ཤིག་ཡོད་མོད་ཀྱང་། དེ་ལ་དྲང་ཞིང་མ་ནོར་བའི་ནུས་པ་མི་ལྡན་ནོ།།


   རེ་གཉིས། གཅུང་པོས་དྲིས་པ། ཆུང་མ་དང་ཧ་ཅང་མཛའ་ཆེས་དྲགས་ན་ནི་གཞན་གྱིས་ཀྱང་འཕྱ། སྡང་བར་བྱེད་པ་ལ་ནི་མོ་ཡང་སྙིང་དུ་སྡུག་རྒུ་བྱེད་ན་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། སྙིང་དུ་སྡུག་པའི་རྒྱུ་རྐྱེན་ལ་བལྟ་དགོས་པ་སྟེ། ལེགས་ཕྱོགས་ནས་སྙིང་དུ་སྡུག་པ་ཡིན་ན་ནི། མཛའ་དྲགས་ཞེས་གཞན་གྱིས་འཕྱ་མི་སྲིད་ལ། ཆུང་མས་ཉེས་པ་མིན་བཞིན་དུ་གཞན་གྱི་འཕྱ་དམོད་ལ་དོགས་ནས་སྤོང་བ་ནི་ག་ལ་རིགས་སོ། །ཡང་ལུགས་ལྟར་ལེགས་པའི་ཕྱོགས་མ་ཡིན་ན་ནི་སྙིང་དུ་ཇི་ཙམ་སྡུག་ཀྱང་མཐུན་པར་མ་བྱེད་ཅིག །དེ་མིན་ཆུང་མས་མ་ཉེས་པར་བྱ་བ་འགའ་ཞིག་རང་གི་འདོད་བློ་དང་མ་མཐུན་པར་བརྟེན་ནས། རང་ལ་དབང་ཡོད་སྙམ་སྟེ་བརྙས་བཅོས་ཀྱི་སྡང་ཟུག་མ་བྱེད་ཅིག།


   རེ་གསུམ། གཅུང་པོས་དྲིས་པ། རྒྱུ་ནོར་གྱི་ཚོད་གང་གིས་བཟུང་ངམ། 

གཅེན་པོས་ལན་དུ། ཆོག་ཤེས་ཀྱི་བསམ་པས་ཚོད་བཟུང་བར་བྱའོ།།


   རེ་བཞི། གཅུང་པོས་དྲིས་པ། ཇི་ཙམ་གྱིས་ཆོག་ཤེས་པར་བྱའམ།

གཅེན་པོས་ལན་དུ། ཟས་ཀྱིས་གྲོད་པ་མ་ལྟོགས་པ་དང་། གོས་ཀྱིས་ལུས་མ་གྲང་བ། རང་གིས་ཆུ་ལེན་དང་ཤིང་འཐུ་བྱ་མི་དགོས་པ། རྐང་ཐང་མར་འགྲོ་མི་དགོས་པ་བཅས་བྱུང་ན་ཆོག་ཤེས་པར་བྱ་སྟེ། འདི་རྣམས་འཛོམས་ན་ཕྱུག་ལ་བདེ་བ་ཡིན་ནོ། །དེ་ལས་ལྷག་པའི་ནོར་ཡོད་པ་ནི་བདེ་ཞིང་ཕྱུག་པ་མ་ཡིན་ཏེ་རང་ཉིད་རྒྱུ་ནོར་གྱི་བྲན་གཡོག་ཏུ་འགྱུར་ཏེ། རྒྱུ་ནོར་དགྲ་རུ་ལང་བ་འོང་ངོ་།།


   རེ་ལྔ། གཅུང་པོས་དྲིས་པ། དེ་ཙམ་གྱིས་ཆོག་ན་ཟས་གོས་སྐྱོ་དྲགས་ལ། བྲན་འཁོར་དང་ཕྱུགས་རིགས་ཀྱང་ཉུང་དྲགས་པ་མ་ཡིན་ནམ།

གཅེན་པོས་ལན་དུ། སྤྱིར་བསྡུར་བ་ཡང་འོག་རིམ་ལ་ལྟོས་དང་། རང་ལས་དབུལ་བས་ཀྱང་འཁྱོལ་ན། རང་ལ་དེས་མི་ཆོག་པ་ཅི་ཡོད་དམ། གོང་རིམ་ལ་བསྡུར་ན་ནི་འདི་ཙམ་གྱིས་ཆོག་ཅེས་པའི་མཐའ་ཡང་མེད་དེ། རྒྱལ་པོ་ཡང་ཆོག་ཤེས་མི་མཁྱེན་ན་ཧ་ཅང་དེ་ལྟ་བུར་འདོད་པ་ཆེ་དྲགས་ཏེ་དཔག་པའི་ཚད་ཅིག་མ་མཆིས་པ་དང་། སྲོག་དང་སྲིད་ལའང་དམའ་འབེབ་བོ། །གོས་དང་ཟས་གཉིས་ནི་ལུས་དྲོས་པ་དང་ལྟོ་བ་འགྲངས་པ་ཞིག་ལ་དགོས་པ་ཙམ་དུ་ཟད་དེ། ཕལ་པ་ལྟར་དྲོས་ཤིང་འགྲངས་པ་ཙམ་གྱིས་མི་ཆོག་པ་གང་ཡོད་དམ། བྲན་འཁོར་དང་ཕྱུགས་རིགས་ཀྱང་། ངན་ལས་བྱ་མི་དགོས་པ་དང་། རྐང་ཐང་དུ་འགྲོ་མ་དགོས་ན་དེས་ཆོག་གོ །མི་རྣམས་ཀྱི་ནར་ཡུལ་དུ་འཚོ་བ་དང་ཁྱུ་ན་རིམ་གྱིས་རྒས་པ་ལྟར་རང་ལ་མེད་དུ་མི་རུང་བ་གཞན་ཅི་ཞིག་ཡོད། མིའི་དཔོན་པོ་བྱ་ན་འདི་ལྟ་བུ་འདོད་པའི་རྣམ་གྲངས་མང་དྲགས་ཚེ་འདོད་པ་རྒྱ་ཆེར་སྐྱེའོ། །འདོད་པ་རྒྱ་ཆེར་སྐྱེས་ན་མི་དྲང་ཞིང་། མི་སྙོམས་པ་ཡང་འདི་ལས་རང་ཤུགས་ཀྱིས་འོང་ངོ་། །རྗེ་བློན་གྱིས་རང་གི་ནུས་པ་དང་བསྟུན་པ་ལས། རྒྱུ་ནོར་མ་བྱིན་པར་རྒྱུ་ནོར་རྙེད་པ་ནི། གཡོ་སྒྱུ་དང་ཐབས་ངན་སྤྱད་དེ་འོག་མ་དག་ལས་མ་འཕྲོགས་ན། ནོར་དང་རྒྱུ་མི་འོང་བ་ལ་བལྟས་ན། དཔོན་པོ་བྱེད་ཅིང་དབུལ་བ་ནི་ལེགས་པའི་ཕུལ་དུ་བྱུང་བ་ཡིན་ནོ།།


   རེ་དྲུག གཅུང་པོས་དྲིས་པ། ཧ་ཅང་དབུལ་དྲགས་ན། རེས་འགའ་ཤུལ་བཞག་འདྲ་དགོས་ན་ཇི་ལྟར་བྱའམ།

གཅེན་པོས་ལན་དུ། སྤྱིར་ན་མཛངས་པ་དྲང་པོའི་གཤིས་ལུགས་བཞག་ན་བཞག་པའི་རབ་བོ། །དཔའ་བ་དང་ཐབས་མཁས་པའི་བློ་རྩལ་བཞག་ན་བཞག་པའི་རབ་འོག་གོ །བརྟན་པོ་དང་རང་ཚུགས་ཐུབ་པའི་ཀུན་སྤྱོད་བཞག་ན་བཞག་པའི་འབྲིང་ངོ་། །དོ་གལ་ཆེན་པོས་རྒྱུ་ནོར་དང་གོས་ཀྱི་བཞག་པ་ནི་བཞག་པའི་ནང་གི་ཐ་མའོ།།


   རེ་བདུན། གཅུང་པོས་དྲིས་པ། རྒྱུ་ནོར་ཅུང་ཟད་ཅིག་མེད་ན་གསོན་པོའི་འཚོ་ཆས་དང་། ཤི་བའི་དུར་སྐྱིབས་དང་བུ་ཚ་ལ་འབོག་སྐལ་ཡང་མ་མཆིས་པས་ན། འཁྱོག་ལན་དུ་མི་འགྲོ་བར་རྒྱུ་ནོར་བཙལ་དུ་རུང་བའི་བྱ་བ་གང་ཡོད་དམ།

གཅེན་པོས་ལན་དུ། དེ་ལ་རྣམ་པ་ལྔ་ཡོད་དེ། གཅིག་ནི་འབད་པ་ཆེན་པོས་བྱས་རྗེས་བཞག་ནས་བདག་རྐྱེན་འཐོབ་ཐབས་འཚོལ་པའོ། །གཉིས་ནི་འབད་པ་ཆེན་པོས་ཕྱུགས་རིགས་སྤེལ་བའོ། །གསུམ་ནི་འབད་པ་ཆེན་པོས་མི་གླ་རྒྱུག་པའོ། །བཞི་ནི་འབད་པ་ཆེན་པོས་ཚོང་ལས་བྱེད་པའོ། །ལྔ་ནི་འབད་པ་ཆེན་པོས་ཞིང་ལས་གཉེར་བའོ།།


   རེ་བརྒྱད། གཅུང་པོས་དྲིས་པ། འབད་པ་ཆེན་པོས་ཐབས་དེ་རིགས་བྱས་ཏེ་ཐུབ་ན་ཕྱུག་པོ་བྱ་རུང་ངམ་མི་རུང་།

གཅེན་པོས་ལམ་དུ། འཚོ་ཐབས་དེ་ལྟ་བུ་བྱས་ཏེ་ཕྱུག་པོར་འགྱུར་ནུས་ན། ཉེས་པ་མེད་པ་འདྲ་མོད་ཀྱི། དེ་ཡང་ཚོད་རན་པར་བྱའོ། །མེད་ཀྱང་འགྲིག་པ་རྣམས་ལ་སྲེད་ཞེན་མ་བྱེད་ཅིག །དགོས་མེད་ཆུད་ཟོས་སུ་མ་གཏོང་ཞིག།


   རེ་དགུ། གཅུང་པོས་དྲིས་པ། ཁྱིམ་ན་གང་མང་ན་ཕྱུག་པ་ཡིན་ནམ། 

གཅེན་པོས་ལན་དུ། ཁྱིམ་ན་བུ་མང་ན་ཕྱུག་པ་ཡིན་ནོ།།


   བདུན་ཅུ། གཅུང་པོས་དྲིས་པ། བུ་མང་ན་ངན་པ་འགའ་ཤས་ཐོན་ནས་རྐང་འདྲེན་པར་མི་འགྱུར་རམ།

གཅེན་པོས་ལན་དུ། ལར་ནས་ངན་པ་མང་བ་བཟང་པོའང་ཐོན་ཞེས་གྲགས་སོ། །མང་པོ་ལས་ངན་པ་འབྱུང་ངམ། གཅིག་པུ་དེ་ངན་པ་ཆགས་ངེས་པ་མེད་དོ། །ངན་པ་འབྱུང་གི་དོགས་པ་ཡོད་ན་མང་ཙམ་དགོས་པ་ཡིན། བཟང་པོ་གཅིག་ཡོད་ན་ངན་པ་བརྒྱའི་འཚོ་འཛིན་ཐུབ་བོ། །ལར་ནས་སྔར་གྱི་གཏམ་དཔེར། བུ་གཅིག་ཡོད་ན་གཅིག་གི་ནོར་གྱིས་ཕྱུག །བུ་གཉིས་ཡོད་ན་གཉིས་ཀྱི་ནོར་གྱིས་ཕྱུག་ཅེས་ཟེར་བ་ཡོད་དོ།།


   དོན་གཅིག གཅུང་པོས་དྲིས་པ། རད་གིས་སྒྲུབ་ནུས་ལ། གཞན་ལ་མི་གནོད་ན། ཉེས་པ་ཡོད་དམ་མེད། 

གཅེན་པོས་ལན་དུ། ལུགས་དང་མ་འགལ་ན། སྐྱིད་པར་བྱས་ཀྱང་ཆོག་གོ།


   དོན་གཉིས། གཅུང་པོས་དྲིས་པ། ཚུལ་ལུགས་ཞེས་པ་གང་ཡིན་དང་། དེའི་ནུས་པའི་ཚད་གང་ལ་བྱེད་དམ། 

གཅེན་པོས་ལན་དུ། ཚུལ་ལུགས་དང་མ་འགལ་ན། འཕྱ་དམོད་མི་འབྱུང་བ་ཡིན། རང་ལ་དཕྱ་དམོད་མ་ཕོག་ན་སྐྱིད་པར་བྱས་ཀྱང་ཆོག་གོ །དེའི་ནུས་པའི་ཚད་ནི། གཞན་ལ་སྨོན་མི་དགོས་པ་ཞིག་བྱེད་ཐུབ་ན། གཞི་ནས་གྲུབ་པ་ཡིན་ནོ།།


   དོན་གསུམ། གཅུང་པོས་དྲིས་པ། སྤྱིར་ན་བྱ་བ་གང་ཡིན་རུང་། ཕྱུག་པོ་དང་དབང་ཆེན་པོ་ཡོད་པས་སྒྲུབ་པ་ལས་སླ་ཞིང་། དབུལ་པོ་དང་དབང་མེད་པས་སྒྲུབ་པ་དཀའ་བ་འདྲ་ན། དེ་ལྟར་ལགས་སམ་མ་ལགས།

གཅེན་པོས་ལན་དུ། འདི་ལ་ཡང་དྲང་ཞིང་མ་ནོར་བའི་ཚུལ་མེད་ན། བྱ་བ་གང་ཡང་སྒྲུབ་སླ་བ་མ་ཡིན་ཏེ། ཆེ་བཙན་ནི་བདུད་དང་ཉེའོ། །ཕྱུག་པོ་ནི་དགྲ་དང་ཉེའོ། །སྤྱིར་ན་ཕྱུག་ཅིང་དབང་ཆེ་བར་འདོད་ན། སྲིད་ལུགས་ཀྱི་རྩ་བ་ནས་བཟུང་དགོས་སོ། །སྲིད་ལུགས་ཀྱི་རྩ་བ་ཟེར་བ་ནི། དྲང་ཞིང་བག་ཡོད་ལ་ཆོག་ཤེས་པའོ། །དབུལ་ཞིང་ཉམ་ཆུང་བ་རྣམས་ཀྱིས་ཀྱང་འདི་ལྟར་བྱ་ནུས་ན། མཛངས་ཤིང་མཁས་ཞེས་བྱ་བ་ཡིན་ནོ། །སྤྱིར་ན་ཕྱུག་པོ་ནོར་གྱིས་ཕུང་བ་ཡོད་དོ། །མཛངས་པ་ནི་ཚིག་གིས་བརླག་པ་ཡོད་དོ། །རྒྱུ་ནོར་སྤྱོད་ཉེས་ན་ནི་དགྲའོ། །མཛངས་པ་སྨྲ་ཉེས་ན་ནི་གཞན་གྱི་སྙིང་ལ་ཕོག་གོ །དེ་ལ་བལྟས་ན་ནོར་ཡང་འོས་ཤིང་འཚམ་པར་སྤྱད། མཛངས་པ་ཡིན་ཡང་འཇམ་ཞིང་མཁས་པར་སྨྲ་བའི་རིགས་སོ། །མཛངས་པ་སྨྲ་ལེགས་ན་སྲིད་ཀྱི་མཆོག་ཡིན་ཅིང་། རྒྱུ་ནོར་སྤྱོད་ལེགས་ན་སོ་ནམ་གྱི་མཆོག་ཡིན་ཏེ། སྔར་གྱི་གཏམ་དཔེ་ཡིད་ལ་དྲན་པ་ལས་ཀྱང་། ལེགས་པར་སྨྲས་ན་ཁ་ནི་དཔལ་གྱི་སྒོ་མོ་དང་། ལྕེ་ནི་འཕྲུལ་གྱི་ལྡེ་མིག་ཅེས་ཟེར་རོ། །ཉེས་པར་སྨྲས་ན། ཁ་ནི་བྱུར་གྱི་སྒོ་མོ་དང་། ལྕེ་ནི་བདུད་ཀྱི་སྟ་རེ་ཞེས་བྱ་བར་གྲགས་སོ། །དེ་ལ་བལྟས་ན། ཚིག་རྩུབ་དང་། གཞན་ལ་བརྙས་བཅོས་དང་། མཐོ་བའི་ཁ་གཏད་དུ་ལངས་ཤིང་། མི་བདེ་བར་འགྲན་པའི་ཚུལ་དང་། སོ་མྱུལ་དང་། ཕྱི་མ་ནང་བྱ་བ་སོགས་ནི་མི་རིགས་པར་མངོན་ནོ། །ལར་ནས་རང་གི་ཚོད་ཀྱང་མི་ལོན་ན། གཞན་གྱི་ཚོད་ལྟ་ག་ལ་ལོན། ཕུགས་སུ་ཆེ་སུ་བཙན་གདེངས་མེད་པས་ན། ཀུན་ལ་མཐུན་པར་བྱས་ནས་མ་རངས་ཤིང་ཡིད་གཅོད་པ་སོགས་མེད་པར་བྱ་བའི་རིགས་སོ།།


      དོན་བཞི། གཅུང་པོས་དྲིས་པ། བརྩོན་འགྲུས་བྱེད་དགོས་པ་གང་དག་ལགས་སམ།

གཅེན་པོས་ལན་དུ། སྤྱིར་ན་ལེགས་པའི་རིགས་ཀུན་ལ་བརྩོན་འགྲུས་བྱ་མི་དགོས་པ་གཅིག་ཀྱང་མེད། ཐ་ཤལ་བས་གཞན་མི་ནུས་ན། རྗེ་བོའི་ཞབས་འདེགས་ལ་བརྩོན་འགྲུས་གྱིས་ཤིག །འགྲུལ་པའི་རིགས་ཐབས་ཅད་དང་། བུད་མེད་ཀྱི་འགྲམ་དུ་མ་འགྲོ་ཞིག །མ་ཕྱིན་པར་ཐབས་མེད་པ་མ་ཡིན་ན་དོར་ཅིག།


   དོན་ལྔ། གཅུང་པོས་དྲིས་པ། དེ་ཇི་ལྟ་བུ་ལགས་སམ།

གཅེན་པོས་ལན་དུ། འགྲུལ་པ་རྣམས་ཀྱི་འགྲམ་དུ་ཕྱིན་ན་ནི། ཉེས་པ་དང་ཞབས་འདྲེན་ཞུ་མཁན་ཞེས་པའི་མིང་ཐོགས་པ་འོང་ངོ་། །བུད་མེད་ཀྱི་འགྲམ་དུ་འགྲོ་མང་ན། ལོག་གཡེམ་བྱེད་པ་ཞེས་མིང་འདོགས་སོ། །བུད་མེད་དང་འབྲེལ་བ་མི་བྱ་ཀ་མེད་བྱུང་ན། རྒྱང་རིང་ནས་ལན་འཕྲིན་གྱི་འབྲེལ་ཐབས་བྱའོ། །གལ་སྲིད་འགྲོ་འོང་དང་སྐབས་རེ་ཐུག་འཕྲད་བྱུང་དུས་ཀྱང་། ཞག་སྡོད་མི་བྱེད་པ་དང་། བར་དཔང་ཡོད་པར་གྱིས་དང་། ལབ་གླེང་མི་འབྱུང་བས་ལེགས་སོ།།


   དོན་དྲུག གཅུང་པོས་དྲིས་པ། དུས་ཆེ་བ་ཞེས་པ་ཅི་འདྲ་བ་ཡིན་ནམ།

གཅེན་པོས་ལན་དུ། དཔེར་ན་རང་དང་མཚུངས་པ་དག་ལ་རང་གི་དོན་ལྟར་མ་བྱས་ན་མི་འགྲིག་ཅེས་ཟེར་བ་དང་། རང་གི་ཁ་ནས་ཐོན་ཕན་ཆད་ལེགས་ཉེས་རྟོག་དཔྱོད་མི་བྱེད་ཅིང་། གྲོས་འདེབས་མི་ཐུབ་པ་དང་། ཉེས་སྐྱོན་མི་ཡོང་བའི་ཐབས་ཡང་དག་པ་གཞན་ཡོད་ན་ཡང་། ལས་སླ་བ་བདམས་ནས་འགྲིག་ཏུ་རེ་བའི་ཕྱིར་གདོན་ལ་ལྟོ་སྐལ་སྦྱིན་པ་ལྟ་བུ་བྱེད་པ་ཡིན་ནོ། །ཉེས་པ་ཡིན་པས་མཐོང་སྟེ་གཞན་གྱིས་ཇི་ལྟར་བྱ་ཞེས་གྲོས་བཏབ་ཀྱང་། ཉན་དུ་མི་བཏུབ་པ་ནི་དུས་ཆེ་བ་མ་ཡིན་གྱི། ལེགས་པར་མི་འགྱུར་བ་ཡིན་ནོ།།


  དོན་བདུན། གཅུང་པོས་དྲིས་པ། ཕས་གདམས་པ་ནི་གཙོ་བོར་ཉོན་ཅིག །མས་གདམས་པ་ནི་ཞར་ལ་སོམས་ཤིག་ཅེས་གྲགས་ན། ཕ་མ་ཡང་ཚང་མ་གཅིག་ལྟར་མི་མཚུངས་ཏེ། ལ་ལ་རྐུན་མའམ་གཡོ་ཁྲམ་གྱི་ཚུལ་བསྐུལ་བ་ཡང་ཡོད་ན། དེ་ལྟ་བུའི་ཚིག་གདམས་ན་ཉན་ཞིང་བསམ་པར་བྱ་རུང་ངམ།

གཅེན་པོས་ལན་དུ། ཕ་མ་གཉིས་ལས་ཉེ་བ་མེད་དེ། རང་གི་བུ་ཉེས་ཀྱིས་དོགས་པས་ན་ལོག་པའི་ལམ་ལ་མི་སྟོན་ཏེ། སྙིང་གི་གཏམ་དྲང་པོ་ལེགས་སུ་འགྱུར་བར་རེ་བའི་ཚུལ་སྟོན་པར་རིགས་པ་ཡིན་པས། དེའི་ཕྱིར་དེ་སྐད་དུ་གྲགས་པ་ཡིན་མོད། གལ་ཏེ་ཕ་མས་ཚུལ་མིན་ལོག་པའི་ཚིག་གདམས་པ་ཡིན་ན། ལོག་པ་ཡིན་པ་ཚོར་བཞིན་དུ་ཕ་མའི་བཀའ་ཡིན་ཞེས་མ་སྤངས་ན་ག་ལ་རུང་། ཉེས་པ་ཞིག་སྔར་རང་ཉིད་ལས་བྱུང་བའི་ལེ་ལན་གཞན་ལ་མི་བདའ་ཞིང་ཕྱིན་ཆད་ཆོད་པར་བྱའོ། །སྤྱིར་ན་ང་ཆེ་ང་བཙན་ཞེས་བརྗོད་དུ་མི་རུང་བའི་ཚིག་དང་། སྐབས་སུ་མ་བབས་པའི་བརྙས་ཐབས་མ་བྱེད་ཅིག །མི་འོས་ཤིང་མི་རིགས་པ་ནི་རང་གི་བུ་དང་ཆུང་མ་ལ་བྱུང་ཡང་མི་བཟོད་ཅིང་། གཡོག་དང་བྲན་ལའང་བྱ་བར་མི་རུང་ན་གཞན་ལ་ལྟ་ཅི་སྨོས། འདི་ནི་གང་དུའང་སྤྱོད་པའི་ས་མེད་དོ། །ཡ་རབས་ཞེས་བྱ་བ་ནི་གང་དང་གང་ལ་ཡང་འོས་ཤིང་འཚམས་པར་སྤྱོད་པ་ཡིན་གྱི། མི་ཤེས་ཤིང་འོས་སུ་མ་བབས་པར་བྱེད་ན། མ་རབས་ཀྱང་དེ་བས་ཐུ་བ་ཅི་ཞིག་ཡོད། གྲོགས་ལ། ངས་ཚོད་བགམ་བྱས་ན་འདི་སྐད་ཟེར་ཞེས་མ་ཤོད་ཅིག །མི་གཞན་གྱི་མན་ངག་རང་ལ་སྨྲས་ན། རང་དང་སྙིང་ཉེ་བ་ཞིག་ཡོད་ནའང་མ་ཤོད་ཅིག །གལ་ཏེ་བཤད་ཆོག་པ་ཞིག་ཡོད་ན་ཡང་རང་ཉིད་ཀྱི་ཚིག་ཡིན་པའི་ཚུལ་དུ་ཤོད་པར་རིགས་སོ། །ཕར་ཕྱོགས་པ་ངན་དྲགས་ཞེས་ཀྱང་མ་ཤོད་ཅིག །འདི་རྣམས་བཤད་ན་གྲོགས་པོ་བག་ཚ་ཞིང་ཡིད་རྟོན་མི་བྱ་བ་འོང་ངོ་། །སུས་གང་ཉེས་ན་ཡང་དེ་ལྟར་བྱུང་རྒྱལ་དུ་མི་གཏོང་ཞེས་མ་སྨྲ། མནའ་མ་སྐྱེལ་ཅིག །ཁོང་ཁྲོ་བའི་གཏིང་མི་རྟོགས་པས་ཐོག་ཏུ་འབབ་པ་དཀོན་ནོ། །ཉེས་ངོ་མ་ཡིན་ན་ནི་བདག་ལ་གནོད། མ་ཡིན་ན་ནི་མནའ་ཟོས་ཤིང་སུན་པར་འོང་ངོ་། །མ་བྱས་མཐུ་མེད་ཡིན་ན་མནའ་མ་བསྐྱལ་བར་བྱེད་མི་རུང་བ་གང་ཡོད་དམ། ལ་ལ་ཕ་རོལ་པོས་བཟོད་མ་ཐུབ་པར་དགྲར་ལང་བ་ཡོད་དོ། །གང་ལ་ཡང་ང་མཁས་ང་སྐྱེན་ཞེས་མི་བརྗོད་དོ། །ཐོག་མར་ཕ་རོལ་པོར་བསྟོད་ཅིང་བཏེགས་དང་། ཕ་རོལ་པོ་ཡང་དགའ་ལ། རང་ཉིད་དེ་ལས་ཞན་ནའང་འཕྱ་དམོད་མི་བྱེད། གལ་ཏེ་དེ་ལས་ལྷག་ན་ནི་རྗེས་སུ་མངོན་པས་ཕྱིས་མི་དྲགས་སོ། །ཡང་ངན་ལན་མི་ནུས་ཀྱང་བར་གནས་དང་རན་པ་ཙམ་དུ་བྱ་བ་ལས། མ་འདར་མ་བསྟོད་ཅིག །དེས་ནི་ཕར་བརྙས་ཤིང་རང་བསྟོད་པ་འདྲ་བར་འགྱུར་རོ། །རོགས་ལ་འཕྱ་བ་ཐབས་ཅད་ནི། ཕ་རོལ་འཕྱ་བ་པོས་མཐོང་ན། ཁོ་རང་མཛངས་པ་འདྲ་བར་ངོམས་ཤིང་སྒྲོག་པར་བརྟེན། གཞན་གྱི་ཚིག་གིས་སུན་འབྱིན་པ་ཡོད་དོ། །འདི་རིགས་སུ་བདེན་ཡང་ཕན་པ་མེད་ལ། སུ་རྫུན་ཡང་གནོད་པ་མེད་དེ། གལ་མི་ཆེ་བས་གློད་དེ་བཞག་ན་ལེགས་སོ། །བག་ཡངས་ངང་ཆིག་ལབ་རྒྱག་པ་ལ་ལ་རང་གི་བཞད་གད་ཆེད་ཙམ་ཡང་། གཞན་གྱི་སྙིང་ལ་ཕོག་པ་ཡོད་དོ། །གང་ཞིག་མངགས་ན་ཐོས་ལོ་ཙམ་མི་བྱ་སྟེ། སླར་ཕྱིར་མ་ལོག་པར་རང་གིས་ཕྱིན་ནས་དངོས་སུ་མཐོང་བར་གྱིས་ཤིག །རྒྱུ་ནོར་ལ་སེར་སྣ་ཧ་ཅང་ཆེ་བ་མ་བྱེད་ཅིག །ཆེ་དྲགས་ན་མཛའ་ཞིང་ཉེ་བར་དགོས་དུས་ཀྱང་མི་སྟེར་ཏེ་ཡོད་ཀྱང་ཅི་བྱེད། འཁོན་པའི་རྒྱུར་འགྲོའོ། །ནོར་ལ་ཧ་ཅང་ལྷོད་ཡངས་ཆེ་དྲགས་ན་དྲིན་དུ་མི་བསམ་པར་མ་ཟད། ཇི་ཙམ་ན་རང་ཡང་ནད་མི་ཐེག་ལ། མ་སྟེར་ན་འཁོན་དུ་འོང་ངོ་། །གལ་ཏེ་སྦྱིན་པར་བྱེད་ན་ཐོག་མ་ནས་བསམ་གཞིགས་བྱས་ཐོག །སྦྱིན་པར་ཁས་བླངས་ཕྱིན་ཆད་རྫུན་མ་ཤོད་ཅིག །མེད་པ་ཙམ་ན་ཡང་རྫུན་མ་སྨྲ་ཞིག །སྦྱིན་པར་སྙད་བཏགས་ནས་རྫུན་ཤོད་པ་ལས་ཐོག་མ་ནས་ཅི་ཡང་མ་བཤད་ན་ལེགས་སོ། །མདོར་ན་བྱ་བ་གང་ལ་ཡང་ཁ་བཤད་དང་ལག་ལེན་མཐུན་པར་བྱ་བའི་རིགས་སོ། །གཏམ་གང་བཤད་ཀྱང་དོགས་པ་སློང་བའི་ཚིག་གི་ལྷད་མ་གཞུག་པ་བྱ་ཞིང་། དོགས་པ་ཆགས་རིགས་ལ་སེལ་ཐབས་གྱིས་ཤིག །སུས་སྐད་ཆ་དྲིས་ན་ཡང་ལན་ཐོབས་ཤིག །རྩོད་པར་དགའ་བ་མ་བྱེད་ཅིག །ར་བཟི་བའི་དུས་རྟ་མ་རྒྱུག་ཅིག །ཁ་ཞེ་བག་མེད་པའི་བཞད་གད་དམ་ཁ་མཚར་སྤོངས་ཤིག །འདི་གསུམ་ནི་རང་གི་སྐྱོན་མཚང་དུ་འགྱུར་ཞིང་། སྲོག་དང་ཁྱིམ་སྲིད་ལ་གནོད་དོ།།


   དོན་བརྒྱད། གཅུང་པོས་དྲིས་པ། གཞན་ཡང་བྱ་བ་བྱེད་པའི་ཐབས་གང་དག་ཡོད་དམ། 

གཅེན་པོས་ལན་དུ། ཚུལ་འདི་ལས་ཅི་ཡང་མ་ནོར་བར་གྱིས་ཤིག །སྙིང་དོན་དང་གཞུང་ལུགས་ཤེས་ན་བྱ་བ་གང་དང་གང་ལ་ཡང་མ་ནོར་བར་འཇུག་ཏུ་རུང་ངོ་། །བྱ་བ་མཐའ་དག་ལ་ལྟོས་ནས་བཤད་ན། མི་མ་ཤི་བར་དུ་སྒྲུབ་ཟིན་པའི་མཐའ་མེད་དོ། །མདོར་ན་བྱ་བ་གང་དང་ཅི་ཡིན་ནའང་མ་ནོར་བར་རྟོགས་པར་གྱིས་ཤིག །ཤེས་བཞིན་དུ་ནོར་འཕྲུལ་བྱུང་བ་ཡང་ཡོད་དོ། །བདག་གིས་བཤད་པ་འདི་དག་ཀྱང་འགའ་ཞིག་ཚིག་གི་ཟུར་ཙམ་ཡང་གལ་ཆེ་ཞིང་གཞུང་ལུགས་སུ་བརྩི་རུང་བ་ཡོད་དོ།།


   དོན་དགུ། གཅུང་པོས་དྲིས་པ། འོག་མ་རྣམས་ལ་ཡིད་རྟོན་ནམ་མི་རྟོན། 

གཅེན་པོས་ལན་དུ། ཡིད་རྟོན་དུ་རུང་བ་རྣམས་ལ་རྟོན་ཅིག་མི་རུང་བ་རྣམས་ལ་མ་རྟོན་ཅིག །ངན་པ་ཡོད་ན། བཟང་པོ་ཡོད་དོ། །ཆུང་ངུ་ཡོད་ན། ཆེན་པོ་རྙེད་དོ། །དབུལ་པོ་རྙེད་ན། ཕྱུག་པོ་ཡོད་དོ། །བླུན་པོ་ཡོད་ན། སྤྱང་པོ་རྙེད་དོ། །ཀུན་ཀྱང་དེ་འདྲ་སྟེ། འཕྲལ་ཕུགས་གཉིས་རྟོགས་པར་གྱིས་དང་ལེགས་པ་ཡིན་ནོ། །ཞེས་གསུངས་སོ། །གཅུང་པོའི་ཡིད་ལ་ཤིན་ཏུ་བབས་ཏེ། ཡང་དག་པའི་ཚིག་གསུངས་པ་ནི་སྙིང་ཁོང་འབའ་ཞིག་ལ་འཆང་བ་ལགས་ཀྱི། གཞན་ལ་མ་སྟོན་ཞིག་ཅེས་ཞུས་སོ། །དེ་ལྟར་གཅིག་གིས་གཅིག་ལ་གདམས་ཤིང་བསྟན་ནས་ཡོན་ཏན་ཅན་སྤུན་གཉིས་དེ་ནས་སོ་སོར་གྱེས་ཏེ་གནས་སོ།། །།《ཕུ་ནུའི་མདོ》ཞེས་པ་རྫོགས་སོ།།


ཟུར་མཆན།

ཀན་སུའུ་ཡུལ་གྱི་ཏུན་ཧོང་བྲག་ཕུག་ནས་ཤོག་དྲིལ་གང་མང་ཞིག་ཐོན་པ་ལས། སྐབས་སུ་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་བྱ་བ་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་གོ་བདེར་བཀྲལ་བ་འདི་རང་འདྲ་དག་གི་ཀློག་སྐལ་དུ་འདིར་དྲངས་པའོ།། 


No comments:

Post a Comment

Adbox