སྨྲ་བརྗོད་རང་དབང་གི་ཆེད་དུ། ང་ཚོ་ནམ་ཡང་ཆུམ་མི་རུང་།
____ན་བུན་གྱིས་བསྒྱུར་སྒྲིག་བྱས།
རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཆོས་དོན་མི་སྣ། དེ་དང་དེ་ལ་མི་ཕྱིད་པར་རྗེས་སུ་འདུར་མཁན་དག་གིས་ནི། སྤྱི་དམངས་ཀྱི་ལུས་ངག་ཡིད་གསུམ་གཅུན་ཐབས་ཀྱི་གཡོ་འཕྲུལ་ཧུར་བླངས་ནས། གང་དེར་འཇིགས་སྐུལ་གཏོང་བ་དང་དམར་གསོད་གཏོང་སྐབས། སྐྱེ་བོ་རང་གི་རང་དབང་དང་ཚེ་སྲོག་གི་རིན་ཐང་བླ་རུ་འདེགས་མཁན་ཞིག་ཡི་ན་ནི། ངེས་པར་དུ་ཉེས་མེད་མི་སེར་ཉམ་ཆུང་དག་གི་དཔུང་དང་གཉེན་དུ་ལངས་ནས། ཕ་རོལ་བོར་དྲང་བདེན་གྱི་སྨྲ་ལྕེ་འཁྲོལ་དགོས།
ད་ལྟ་ང་ཚོས་གཞོལ་གྱིན་པའི་རང་དབང་དང་ཐོབ་ཐང་གི་ལས་གང་ཞིག་དབང་མཐའ་སྒེར་སྡོམ་པས་གཏན་ནས་མཐོང་ན་ཐོས་ན་མི་འདོད་རུང་། ང་ཚོས་འགན་འཁྲི་གང་དེ་འགྲུབ་པའི་སླད་དུ། ཚོགས་སྤྱིའི་སྙན་དུ་སྐུལ་ཞིང་འགྲེམ་པར་རིགས་སོ།།
གཞན་དང་གཞན་གྱིས་ཞ་ཞོར་ནས་འཁྲབ་ཅིང་བཏོན་པའི་བརྩམས་ཆོས་དང་། རབ་བཏགས་རི་མོ། ཡང་ན་གློག་བརྙན་ཟློས་གར་བྱེ་བྲག་པ་གང་ཞིག་ཁྱོད་ཀྱི་མིག་ལ་མི་རན་ཡིད་ལ་མི་འཐད་རུང་། རང་རང་སོ་སོར་ལྷན་སྐྱེས་སུ་བདོག་པའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ནི། ང་ཚོས་གཡོལ་མེད་འགན་འཁྲིར་སྲུང་ཞིང་སྤྱོད་དགོས།
དབང་མཐའ་སྒེར་སྡོམ་པ་དག་གིས་ནམ་ཞར་བཙན་སྐུལ་དང་དབང་ཤེད་ཚད་ནས། རང་བཤེར་རང་གཅུན་གྱི་ལས་སུ་འབད་ནས། དེ་ལས་བསྐྱེད་པའི་འཇིགས་སྐུལ་གཅར་རྡུང་གི་སྦྱོར་བས། ང་ཚོ་མང་ཕྱོགས་རྦད་དེ་ཆུམ་ནས་སྐྱི་གཡའ་བར་གྱུར་ཏེ། ཁོ་པ་ཚོའི་གཅིག་སྡུད་སྒེར་གཅོད་ལ་དགག་པའི་སྨྲ་བརྗོད་རྩ་བ་ནས་འཆོལ་འགྲོ་བས། དེ་ཡི་རྗེས་སུ། ང་ཚོར་དབང་མཐའ་སྒེར་གཅོད་རིང་ལུགས་པར་ཡ་ལན་སློག་མཁན་དཔའ་བོ་རེ་གཉིས་འདུག་ཅིང་། དེའང་ཚར་གཅོད་ཀྱི་གླགས་རྙེད་པར་བགྱིའོ།།
དེ་བས། ང་ཚོས་འཐབ་ཇུས་གང་དེའི་མཇུག་འབྲས་ལེགས་ཉེས་གང་ལའང་རེ་སྟོང་འབའ་ཞིག་འཆང་ནས་དུས་འདའ་བར་བྱ་མི་རུང་།
གཅིག } སྐྱེ་བོ་སྒེར་གྱི་ཐོབ་ཐང་ནི། “འགྲོ་མིའི་ཀུན་སྤྱོད་རྩ་དོན་དུ་བཟུང་ནས། གང་ཟག་སྤྱི་སྒེར་གྱི་རང་དབང་དོན་དུ་གཉེར་བའི་བགྱི་བ་རང་འགན་དུ་ལེན་ཞིང་སྲུང་བར་གོ་མོད། འགན་འཁྲི་དེ་མི་གཞན་པའི་གཉའ་བར་བཙན་འགེལ་གཏན་ནས་བྱ་མི་རུང་།” འདི་ནི་རང་དབང་གི་སྤྱི་ཚོགས་ཤིག་གཟུགས་པའི་རྨང་གཞི་ཡིན།
གཉིས། } ཐོབ་ཐང་ཚང་མ་སྐྱེ་བོ་ཀུན་ལ་ལྷན་སྐྱེས་སུ་བདོག་པ་ཡིན། དེ་ནི་སྐྱེ་བོ་སུ་ཞིག་མིའི་སྤྱི་ཚོགས་ནང་འཚོ་ཐབས་སུ་མེད་མི་རུང་བའི་ཆ་རྐྱེན་གཙོ་བོར་ངོས་འཛིན་ལ། སྐྱེ་བོ་སུ་ཞིག་གི་ཚེ་སྲོག་དང་རང་དབང་དང་རྒྱུ་ནོམ་དང་བཅས་པ་སྐྱེ་བོ་ཁོ་རང་ལ་དབང་བར་ཆ་འཇོག་བྱེད།
གསུམ། } “ཚེ་སྲོག་གི་ཐོབ་ཐང་ནི་ཐོབ་ཐང་ཀུན་གྱི་འབྱུང་རྩ་ཡིན། རྒྱུ་ནོམ་གྱི་ཐོབ་ཐང་ཞེས་པ་གང་ཟག་ཅིག་གི་འཚོ་ཚིལ་ལོངས་སྤྱོད་ཀྱི་ཐོབ་ཐང་སྟེ།” འཇིག་རྟེན་འདིར་གསོན་དགོས་ན། མི་ལ་བསམ་གཞིག་གི་རང་དབང་། འཐོབ་སྙེག་གི་རང་དབང་། རྒྱུན་འཁྱོང་གི་རང་དབང་། ལག་ལེན་གྱི་རང་དབང་། ལོངས་སྤྱོད་ཀྱི་རང་དབང་དང་བཅས་པ་ཆད་མི་རུང་།
བཞི། } རྒྱུ་མཚན་དེའི་དབང་གིས། མི་ལ་རྒྱུ་ནོམ་གྱི་ཐོབ་ཐང་དགོས་ཏེ། “སྐྱེ་བོ་སུ་ཞིག་ཡིན་རུང་རང་གི་རྩོལ་བར་བརྟེན་ནས་རང་གི་འཚོ་ཚིལ་སྒྲུབ་པའི་ཐོབ་ཐང་ཡོད་དགོས། དེ་ནི་སྤྱི་སྒེར་གཞན་སུ་ཞིག་གི་རྒྱུ་ནོམ་ཡོད་ཚད་གང་ཟག་བྱེ་བྲག་པ་ཞིག་ལ་ངེས་པར་དུ་སྦྱིན་སྤྲོད་དགོས་པ་མ་ཡིན་པར། གང་ཟག་སྒེར་གྱི་འཇོན་ཐང་དང་དཔལ་འབྱོར་འཚོལ་སྒྲུབ་བགྱིས་ནས་ཐོབ་པའི་རྒྱུ་ནོམ་ཡིན་གཤིས། དེ་ལོངས་སྤྱོད་ཀྱི་ཐོབ་ཐང་ཡང་གང་ཟག་སྒེར་སོ་སོར་ཡོད་དགོས།”
ལྔ། { རང་དབང་གི་སྤྱི་ཚོགས་སུ། མི་རྣམས་ཀྱིས་དང་བླངས་ཀྱི་བགྱི་བར་བརྩོན་མོད། ལྡོག་སྟེ་གང་ཟག་ཅིག་ལ་གང་ཟག་གཞན་ཞིག་གི་ལྟ་ཚུལ་བྱ་བྲེག་པར་མཐའ་གཅིག་ཏུ་འགོག་ཅིང་རྒོལ་བར་བསྐུལ་བ་དེས། སྐྱེ་བོ་སྒེར་གྱི་ཐོབ་ཐང་རང་ཤུགས་ཀྱིས་རྡོག་རོལ་བརྡལ་བཤིག་གཏོང་གི་ཡོད། སྔོན་ཐོན་སྤྱི་ཚོགས་སུ། [དཔེར་ན། གང་ཟག་གཉིས་བར་འཁོན་འཛིང་བྱུང་སྐབས།] སྔོན་ལ་སུས་ལག་འགུལ་ན། དེ་ཁྲིམས་འགལ་གཏུམ་སྤྱོད་དུ་བརྩི་ཞིང་། གཏུམ་སྤྱོད་ཐེབས་སྐབས་ཀྱི་རང་སྲུང་དང་སྲིད་གཞུང་གི་འགོག་རྒོལ་ནི་ད་གཟོད་ཁྲིམས་མཐུན་དུ་བཞེད།
དྲུག { ཡང་སྐྱེ་བོ་སྒེར་གྱི་ཐོབ་ཐང་དེ། བཅའ་ཁྲིམས་དང་ཀུན་སྤྱོད་ཀྱིས་སྤྱི་ཚོགས་འཛིན་སྐྱོང་གི་ཐབས་སུ་སྤྱད་པ་ནས་བཟུང་། སྲིད་གཞུང་ལ་མཚོན་ན། ཀུན་སྤྱོད་ཀྱི་དམིགས་བྱ་གཙོ་བོ་སྤྱི་དམངས་སྒེར་གྱི་ཐོབ་ཐང་འགན་སྲུང་བྱ་རྒྱུ་དེ་ཡིན་ན་འགྲིག་པ་རེད།
བདུན། { དེ་ལྟ་མོད་ཀྱང་། སྲིད་གཞུང་དག་གིས་གཅིག་སྡུད་སྒེར་གཅོད་ཀྱི་གཏུམ་སྤྱོད་འབའ་ཞིག་ཧུར་བླངས་པས། ལྡོག་སྟེ་འགྲོ་བ་མིའི་རང་དབང་གི་འཇིག་ཉེན་ཆེ་ཤོས་ཆགས་པ་རེད། དེ་བས། ང་ཚོས་སྲིད་གཞུང་གིས་སྤྱི་དམངས་སྒེར་གྱི་རང་དབང་བརྡལ་བཤིག་གཏོང་བཞིན་པར་འགོག་རྒོལ་བགྱིས་ཏེ། སྲིད་གཞུང་གི་དབང་ཆར་ཚོད་འཛིན་བྱེད་ཐུབ་དགོས།
བརྒྱད། } དེ་ལྟར་དུ། མཐར་མ་རྩའི་རིང་ལུགས་ཀྱི་རང་དབང་ཉོ་འཚོང་འབའ་ཞིག་ཀུན་སྤྱོད་ཀྱི་རྩ་འཛིན་དུ་གྲུབ་ཅིང་། དེ་ཡང་སྤྱི་དམངས་ཀྱི་སྤྱི་ཚོགས་གཅིག་པུས་ད་གཟོད་མི་སྒེར་གྱི་རང་དབང་དང་ཚེ་སྲོག་གི་རིན་ཐང་ནི་ཚོགས་སྤྱིའི་བྱ་བཞག་རླབས་པོ་ཆེར་བརྩིས་ཤིང་གཞོལ་བ་རེད། དེ་དང་ཆབས་ཅིག་ཏུ། མ་རྩའི་རིང་ལུགས་ལ་བརྟེན་ནས་འགྲོ་བ་མིའི་སྒྱུ་རྩལ་རིག་གནས་དང་མཛའ་བརྩེ་འབྲེལ་ལམ། ཚན་རིག་དཔལ་འབྱོར་གོང་འཕེལ་འབྱུང་བར་སྨྲའོ།།
རྩོམ་མཁན། ཨ་ལེ་སི་ཨ་ཁོན་ནོར། (Alice O'Connor 1905 - 1982)
མ་རིགས། ཨུ་རུ་སུའི་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་སྐྱེས་ཤིང་། ཕྱིས་སུ་ཨ་རིར་ཡུལ་གྱུར་གྱི་འཚོ་བ་བསྐྱལ།
བརྩམས་ཆོས། ཨ་ཡེན་རན་ཌི་(Ayn Rand) ཞེས་པའི་སྨྱུག་མིང་སྤྱད་ནས། <<མིའི་ཐོབ་ཐང་>> (Man’s Rights) གིས་མཚོན་པའི་འབོལ་རྩོམ་བསྡུས་དེབ་<<སྒེར་སེམས་ཀྱི་ཁྱད་ཆོས་>> (The Virtue of Selfishness) སོགས་འདུག
མཛད་རྗེས་ཀྱི་ཐད་ནས། ནུབ་གླིང་གི་རྩོམ་སྟེགས་སུ། ཁོང་ལ་ "མཚན་ཉིད་དངོས་གཙོ་སྨྲ་བ་" ཅེས་གདེང་འཇོག་མཐོན་པོ་གནང་།
No comments:
Post a Comment