༣
སྤར་ཁུག་ཏུ་བསྡམས་ཆོག་པའི་ང་ཚོ་ནི།
སྙིགས་སྒམ་དུ་འདོར་སྲིད་པའི་སྐྱག་ཕྱིས་བཞིན།
འཇིག་རྟེན་གྱི་ནམ་མཁར་ཁྱབ་ནས་ཡོད།
༢
སེམས་ཀྱི་སངས་རྒྱས་སྒོར་ཕུད་པ་ནས་བཟུང་།
ང་ཚོའི་རྡོག་སྒྲ་ནི་བ་སྤུ་ཞིག་སར་འཇགས་པ་དང་མཚུངས།
༡
རླུང་གིས་སྤྲིན་པ་འདེད་པ་དེ།
འཆི་བས་ཚེ་སྲོག་འདེད་པ་དང་ཅིས་མི་འདྲ།
༠
ང་ཚོ་ཕྱུག་པོར་གྱུར་པ་དང་མཉམ་དུ།
མེད་པོའི་སྡུག་བསྔལ་ཡང་གཉའ་རུ་ཁུར་ཡོད།
༡༽
ནད་དུག་ཁ་རླངས་དང་འགྲོགས་ནས་ཡོང་།
སེམས་དུག་ནད་དུག་དང་མཉམ་དུ་སྐྱེས།
༢༽
སྐད་ཆ་དེ་དབྱར་ཟླ་བཞིན་ཚེས་ཀྱང་།
སྙིང་བོ་དེ་རྩྭ་སྐྱ་བཞིན་ཁུར་འགྲོ།
༣༽
མེ་ཏོག་ཏུ་བརྫུས་ནས།
ང་ཚོའི་ཕྱི་རྟིང་འབིགས་མཁན་དེ།
ཉི་འོད་ཀྱི་ཁྲོད་དུ་སྦས་ནས་ཡོད།
༤༽
དཀོན་མཆོག་གཞན་དུ་ཕེབས་ཤུལ་ནས།
དོང་ཙེའི་སིལ་སྒྲ་གྲགས་བྱུང་།
འདོད་པའི་ལྕེ་དམར་གཡུགས་བྱུང་།
༥༽
མཚམས་ཆད་མེད་པར།
ཁྱོད་ཀྱིས་རླབས་ཆེན་ཞེས་པ་མ་ཎི་བཞིན་བཏོན་ཀྱང་།
ངས་རླབས་སྒྲ་ཞིག་ཡེ་ནས་མི་ཚོར་བ་འདི་མཚར་རོ།
༦༽
ཚམ་ཚོམ་མེད་པར།
ཁྱོད་ཀྱིས་མཐོ་ས་ནས་རྐང་ཆུ་བཞིན་བྱོ་བ་དེ་དག
ངའི་ལྕེ་ཐོག་ཏུ་ལེན་དབང་མེད་ལ།
སེམས་ནང་ནས་འཕུད་དབང་མེད།
༧༽
རྒྱ་ཐོག་ཏུ་བུད་ན་ལྗིད་ཏིག་གེར་འགྲེང་བ་འདི་དག
སེམས་ནང་དུ་འཛུལ་ན་བ་སྤུ་བཞིན་རིད་ཅིང་ཡང་།
བསིལ་རླུང་འཇམ་པོ་ཞིག་གིས་ཀྱང་རྒྱང་དུ་ཁྱེར་འགྲོ།
༨༽
དགའ་ལྷང་ལྷང་དང་འུར་ཟིང་ཟིང་གིས་གཡོ་བ་དག་གིས།
ཁུ་སིམ་དང་ཁེར་རྐྱང་གི་སྡུག་བསྔལ་མཚོན་པ་བདེན་ན།
ཁོ་ཚོས་མིག་ཆུ་བྱང་ཁོག་ཏུ་སྦ་དོན་མེད་ལ།
རུལ་དྲི་ཕུ་རུང་གིས་འགོག་དོན་མེད།
༩༽
བརྙན་མིག་གིས་ཁྱོད་ཀྱི་འདོམས་ལ་བལྟས་ཡོད་ཀྱང་།
ཁྱོད་རང་བརྙན་མིག་ལ་སྡང་བ་ཕར་ཞོག
འདོམས་ཁ་སྔར་ལས་ཕྱེས་ཏེ་རྨོངས་སྤུ་ཤད་པ་འདིས།
ཤེས་རབ་ནི་འཆོལ་སྲིད་པའི་དུས་ཤིག་ཡོད་པ་ར་སྤྲོད་བྱས།
༡༠༽
ལུས་ལ་བསུང་ཆུ་བྱུགས་པའི་བུ་མོ་ཁྱོད།
རྒྱང་ནས་སོང་ན་ཞིམ་ཞིམ་འདྲ་ཡང་།
གན་དུ་བསྡད་ཚེ་སྣ་བས་མི་བཟོད།
དྲི་ངན་དེ་སྐད་ཆ་དང་མཉམ་དུ་ཡོང་ལ།
སྐད་ཆས་དྲུད་དེ་ཡོང་བའང་ཤིན་ཏུ་མང་།
༡༡༽
དབང་བོའི་ལམ་དུ་གསལ་གསལ་འདྲ་བ།
སེམས་ཀྱི་གཏིང་དུ་མག་མོག་འདྲ་བ།
ཉན་གྱིན་བལྟས་ཀྱིན་ཉེ་ཉེ་འདྲ་བ།
བསམ་གྱིན་རེག་གིན་རིང་རིང་འདྲ་བ།
༡༢༽
ཆུ་ཀླུང་བཞིན་རྦབ་རྡོ་བཞིན་མཐོང་སྣང་དུ་འཁོར་བ་འདི་དག
རྩྭ་སྐྱ་བཞིན་རྡུལ་ཕྲན་བཞིན་སྐད་ཅིག་གིས་ཡལ་བར་འགྱུར
༡༣༽
བདེ་སྐྱིད་མཚོན་བྱེད་དུ།
གདོང་ལ་སྐགས་བསྐུས།
སེམས་སུ་མེ་བུས།
༡༤༽
མིག་ལམ་དུ་མཛེས་མཛེས་འདྲ་བའི་ཁྱོད།
རེག་མ་ཐག་འཇམ་འཇམ་འདྲ་བའི་ཁྱོད།
གཡོག་ལི་ཞིག་གི་གྲིབ་མ་ཡིན་པས་སྐྱོ།
ནེ་ཙོ་ཞིག་གི་མཆུ་ལི་ཡིན་པས་སུན།
༡༥༽
ཧཱ་པས་ཁྱོད་ལ་བལྟས་ནས་ཟུག་ཚུལ་དེ།
ཁྱོད་ཀྱིས་ཧཱ་པར་བལྟས་ནས་དགོད་ཚུལ་རེད།
༡༦༽
སྲང་ལམ་འདི་ཆེ་ཆེ་འདྲ་ཡང་།
རྡོག་ལམ་འདི་ཆུང་ཆུང་འདྲ་བའི་ཉིན་གུང་ཞིག་ལ།
རྒྱ་ཆེ་གཏིང་ཟབ་ཀྱི་བརྡ་སྦྱོར་ཡི་གེ་ཞིག་གིས།
ང་རང་འཇིག་རྟེན་གྱི་འཁྲབ་སྟོན་པ་ཞིག་ཏུ་བསྒྱུར།
༡༧༽
ཁ་པར་ལས་ཅི་ཡང་མཐོང་ལ།
ཅི་ཡང་མི་མཐོང་།
ཁྱོའི་ཁོག་ཏུ་ལྡུམ་བུ་སྐྱེས་ཡོད་པ་རིག་ཀྱང་།
མོའི་སེམས་སུ་མེ་ཏོག་བཞད་ཡོད་པ་མི་རིག
༡༨༽
ཉིན་དཀར་གྱི་བྱ་བ་ཡོད་ཚད་ཚིག་གཅིག་ཏུ་བྱས་ན།
འགོ་བའི་ཚོགས་འདུ་དང་ངའི་ངལ་དུབ་ཙམ།
མཚན་མོ་ཡི་ལས་ཀ་ཕྱོགས་གཅིག་ཏུ་དྲིལ་ན།
རང་ཉིད་གཅེར་བུར་ཕུད་ནས་རང་ཉིད་ལ་འཕྱ་བ་ཙམ།
༡༩༽
བྱིས་པ་ཞིག་གི་སེམས་དཀྱིལ་དུ་བཟུང་ཡང་།
དྲོས་ཐབས་མེད་པའི་ལག་པ་འདི་དག་གིས།
ཅི་ཞིག་ཟོས་ཚར་རྗེས།
ད་རུང་ཅི་ཞིག་ལ་སྙོབ་ཀྱིན་འདུག
༢༠༽
གྲུ་བཞི་ཤོ་འདྲ་བའི་མི་ཚོགས་ཁྲོད།
འཁྱག་པ་རྡོ་འདྲ་བའི་སྙིང་ཁམས་ཤིག
ཁུ་སིམ་མེར་འཇགས་དགོས་པ་འདི་སྐྱོའོ།
༢༡༽
གསར་པ་ཞེས་པའི་བུ་མོ་ཞིག་ལ་ཆགས་ནས།
ང་ཚོས་ཁ་སང་དང་དེ་རིང་གི་ཉི་ཟླ་ཤོར་སོང་།
______འཕགས་པ་འབྲོང་ནས།
༡/ ༡༡/ ༢༠༢༢
No comments:
Post a Comment