སློབ་མ་ཚོས་བོད་སྐད་ཡིག་མི་ཤེས་པའི་རྒྱབ་ལྗོངས། I འོས་སྦྱོར།


དེང་དུས་སུ་བོད་སྐད་བོད་ཡིག་ལ་དུང་བ་ཟབ་པ་དང་། དུང་བ་ཟབ་མདོག་སྟོན་མཁན་གཉིས་འདུས་ཀྱི་མཁས་བླུན་ཀུན་ལ་སྐད་ཆ་ཞིག་ཐུན་མོང་དུ་ཆགས་ཡོད་པ་ནི། རྒྱ་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་དང་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཚོས་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་ཀྱིན་མི་འདུག་ཟེར་བ་དེ་རེད།  སྐད་ཆ་དེ་ནི་མི་ཚེའི་དུས་ཚོད་མང་ཤོས་རྒྱ་ཡུལ་ནས་བསྐྱལ་ཞིང་། རང་གི་འཁོར་དང་དད་ལྡན་མང་ཤོས་རྒྱ་རིགས་ཡིན་ལ། རང་གི་མཛད་པ་འཕྲིན་ལས་ཀྱང་རྒྱ་མིའི་སྐད་ཡིག་གི་ལམ་ནས་རྒྱས་པའི་བླ་མ་མཁན་པོ་ཚོས་བཤད་པ་དང་།  སྐད་ཆ་དེ་ནི་རང་གི་མི་ཚེའི་འཚོ་བ་བོད་སྐད་བོད་ཡིག་ལ་བརྟེན་ནས་བསྐྱལ་ཞིང་།  རྟག་པར་སློབ་གྲྭ་ཆེ་འབྲིང་གི་འཁྲིད་སྟེགས་ཐོག་ནས་བོད་སྐད་ཡིག་གི་དགེ་མཚན་བཤད་ནའང་། རང་གི་བུ་བུ་མོ་ཚོས་བོད་སྐད་མི་ཤོད་ལ། བོད་ཡིག་མི་ཤེས་པའི་དགེ་རྒན་ཆེན་མོ་དག་གིས་ཀྱང་བཤད།  


ད་དུང་སྐད་ཆ་དེ་ནི་རང་ཉིད་བོད་ས་བོད་ཡུལ་ནས་འཚར་ཞིང་།  རང་གི་འཚོ་བའི་ཁྲོད་ནས་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་པ་ལ་གནོན་ཤུགས་དང་། དཀའ་ཁག་ཅི་ཡང་ཕྲད་མ་མྱོང་ནའང་།  ནམ་རྒྱུན་གང་ཞིག་ལ་མཁས་མདོག་གིས་བོད་སྐད་ཀྱི་བར་ལ་རྒྱ་སྐད་སྲེ་མཁན་གྱི་རྩོམ་ཡིག་འབྲི་མཁན་ཚོས་ཀྱང་བཤད། མདོར་ན་སྐད་ཆ་དེ་ཁ་ལ་ཁྱེར་ནས་རྒྱ་ཡུལ་ལ་སློབ་གྲྭར་སོང་པའི་སློབ་མ་ཚོར་དྲ་ལམ་དང་། རྩོམ་ལམ་ཀུན་ན་མཐོང་ཆུང་དང་། ཟུར་ཟ་བྱེད་མུས་སུ་ཡོད།  སྤྱིར་ང་ཡང་བོད་སྐད་བོད་ཡིག་བསླབ་ནས་འཚར་བའི་བོད་པ་ཞིག་ཡིན་པ་དང་། ངོ་མ་འགག་ལ་ཐུག་ན་བོད་སྐད་བོད་ཡིག་གི་ལམ་ནས་མ་གཏོགས་རང་སེམས་ཀྱི་སྐད་ཆ་མི་ཤོད་མཁན་གྱི་འབྲོག་པ་ཞིག་ཡིན་པའི་ཆ་ནས། བོད་སྐད་བོད་ཡིག་གི་མ་འོངས་པ་ཡིན་པའི་གཞོན་སྐྱེས་ཚོས་བོད་སྐད་མ་བཤད་ཅིང་བོད་ཡིག་མ་བཀོལ་ན་ཡིད་སེམས་སྐྱོ་བ་དང་། བློ་སེམས་མི་བདེ་བ་ནི་སྨོས་ཅི་དགོས།


རེད་དེ། ང་ཚོས་རྒྱ་ཡུལ་དུ་སློབ་གྲྭར་སོང་དང་འགྲོ་བཞིན་པའི་སློབ་མ་ཚོས་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་ཀྱིན་མི་འདུག་ཅེས་སྡིགས་རྐྱང་བྱེད་པ་ལས། རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་ཁོ་ཚོས་རང་ཉིད་ཆུང་ནས་འདྲིས་པའི་ཕ་སྐད་མ་ཡིག་དོར་བ་དང་། ཡང་ན་སློབ་གསོ་ཅི་ཞིག་གི་དབང་གིས་ཁོ་ཚོ་རྒྱ་སྐད་རྒྱ་ཡིག་ལ་གོམས་པ་དང་།  ཡང་ན་དཀའ་ཁག་དང་མནོན་ཤུགས་ཅི་ཞིག་གི་རྐྱེན་གྱིས། ཁོ་ཚོས་རང་གི་མི་རིགས་ཀྱི་སྐད་ཡིག་གི་གནས་བབ་ལ་རྒྱུས་ལོན་བྱེད་པ་མ་ཐུབ་པ་སོགས་ལ་བསམ་གཞིག་གཏོང་རན་ཡིན་པ་འདྲ། 


མ་གཞི། ང་ཚོའི་མཁས་པའི་དབང་པོ་དག་གི་ཁྲོད་ན་ཟུར་གཅིག་མཐོང་ཡང་། ངོས་གཞན་མི་མཐོང་མཁན་དང་།  སྔུན་མཐོང་ཡང་རྒྱབ་མི་མཐོང་མཁན་དང་།  འབྲས་བུ་མཐོང་ཡང་རྒྱུ་རྐྱེན་མི་མཐོང་མཁན་ཤིན་ཏུ་མང་པོ་འདུག་པར་སྣང་། སྤྱིར་ན་ང་ལྟ་བུའི་མི་སེར་དཀྱུས་མ་ཞིག་གིས་སྐད་ཆ་འདི་ལྟར་བཤད་ན་འཚམ་དཀའ་མོད།  འོན་ཀྱང་། ཉིན་འདི་དག་ལ་ངའི་ངོས་ནས“གོ་བ་བརྒྱ་ལས་མྱོང་བ་གཅིག་ཟབ”ཅེས་པའི་དཔེ་བཞིན་དུ། རྒྱ་ཡུལ་གྱི་སློབ་གྲྭ་དག་གི་ནང་ནས་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱ་དགོས་ན་དཀའ་ཁག་ཅི་ཙམ་ཆེ་བ་དང་། མནོན་ཤུགས་ཅི་ཙམ་ལྕི་བ་དང་། དམའ་འབེབས་དང་། མཐོང་ཆུང་ཅི་ཙམ་མྱང་དགོས་པ་ཤེས་སོང་། དེ་ནི་མི་ཡི་ན་ཚོད་ཀྱི་ངོས་ནས་བཤད་ན།  ན་མ་སོན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཞིག་གིས་མི་ཐེག་པར་མ་ཟད།  སློབ་ཆེན་པ་དག་གིས་ཀྱང་ཐེག་དཀའ་ཚོད་རེད།  ཐ་ན་ཀླད་པ་ཨུ་ཚུགས་དང་མཁྲེགས་འཛིན་གྱིས་ཀུན་ནས་ཟིན་ཞིང་།  ལོ་ན་ཚོད་ཀྱི་ངོས་ནས་ཕོ་ལོ་སུམ་བཅུ་ཟིན་པའི་རྒད་པོ་ངས་ཀྱང་(ང་ལ་ནི་སློབ་གྲྭའི་ཁྲིམས་བཙན་པོ་སོགས་མེད།)མཚམས་རེར་བདེན་ཁ་མི་ལ་བྱིན་ནས།  ཕམ་ཁ་རང་གིས་ལེན་དགོས་ཐུག་གོ །


སྤྱིར་ན་རྒྱ་མི་ནི་གཞན་གྱི་རིག་གནས་ལ་བརྩི་མཐོ་དང་། གཞན་གྱི་སྲོལ་རྒྱུན་ལ་གུས་བཀུར་དང་། གཞན་གྱི་བྱ་སྤྱོད་ལ་དང་ལེན་གྱི་འདུ་ཤེས་ཞན་པའི་མི་རིགས་ཤིག་རེད། དེའི་ཁར་ཁོ་ཚོར་རང་ལྟ་མཆོག་འཛིན་གྱི་ལྟ་བ་དང་། རང་ཉིད་དཀྱིལ་སྙིང་གི་འདུ་ཤེས་ཤིན་ཏུ་ཟབ་པ་ནི་ནམ་རྒྱུན་དྲ་ལམ་སོ་སོ་ན་མཐོང་དུ་ཡོད་པ་ནང་བཞིན་རེད།  ད་དུང་གཞན་རིགས་དགེ་རྒན་དག་ནི་བོད་ཀྱི་སློབ་མ་རྣམས་ལ་འདང་བརྩེ་ཆུང་བ་དང་།  ལྷག་བསམ་ཞན་པ་ནི། རྒྱ་ཡུལ་ནས་བཤད་མི་དགོས་པར། བོད་ཡུལ་གྱི་སློབ་གྲྭའི་གླིང་གི་གཞན་རིགས་དགེ་རྒན་དག་ལས་ཀྱང་གསལ་ཏེ། ངའི་གྲོགས་པོ་སློབ་མ་ཞིག་གིས་བཤད་ན། ཁོ་ཚོར་ས་རྒྱུས་དགེ་རྒན་རྒྱ་མི་ཞིག་ཡོད་པ་དེས་ཀྱང་ནམ་རྒྱུན་བོད་སྐད་བོད་ཡིག་ལ་མཐོང་ཆུང་དང་། དམའ་འབེབ་བྱེད་དོ་ཟེར། 


གཅིག་བྱས་ན། མི་རིགས་གང་དང་གང་ཡིན་ཡང་གཞན་མི་རིགས་ཀྱི་སློབ་མ་རང་མི་རིགས་ཀྱི་སློབ་མ་བཞིན་གསོ་སྐྱོང་བྱེད་ཁག་པོ་ཡིན་ཚོད་རེད། ལྷག་པར་དུ་རྒྱ་རིགས་ལྟ་བུའི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་མཁན་དང་།  མི་རིགས་ཆེན་པོའི་འདུ་ཤེས་ཟབ་མཁན་རྣམས་ལ་མཚོན་ན། བོད་ཀྱི་སློབ་མ་ཞིག་རང་དང་ཤ་རུས་ཁྲག་གསུམ་གཅིག་ཏུ་འབྲེལ་བའི་སློབ་མ་བཞིན་དུ་སུ་ཞིག་གིས་སྐྱེད་སྲིང་བྱེད་དེ། དེ་ལྟར་མི་བྱེད་པ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ག་ས་ཀུན་ན་མཐོང་རྒྱུ་འདུག་ཅིང་། དཔེར་ན་ཞིས་མོའུ་རོང་གིས་བརྩམས་པའི་ཧ་སི་ལ་སྤྲིངས་བའི་འཕྲིན་ཞེས་པའི་ནང་དུ་ཡང་ཁོང་གི་དགེ་རྒན་ཞིག་གིས་ས་རྒྱུས་འཆད་སྐབས་སོག་པོའི་མི་རིགས་ལ་ངོ་མཚང་བྲུས་ཚུལ་བཤད་ཡོད་པ་ལྟར་རེད། 


དེ་བཞིན་དགེ་རྒན་གཅིག་པུ་མ་ཡིན་པར་ཉིན་རྒྱུན་གྱི་འགྲོ་རོགས་འདུག་རོགས་ཀྱི་སློབ་གྲོགས་ཚོ་ཡང་དེ་བཞིན་ཏེ། ཁོ་ཚོས་བོད་རིགས་སློབ་མ་ཞིག་གི་བྲི་དེབ་ཅིག་གམ། ཡང་ན་ཡི་གེ་ཞིག་གི་ཐོག་ནས་བོད་མིང་ཞིག་མཐོང་ན། ཧ་ལས་ཧང་སང་གིས་ལྟ་ཞིང་། འོས་འཚམ་དང་འོས་འཚམ་མ་ཡིན་པའི་དྲི་བ་སྣ་ཚོགས་འདྲི་བར་བྱེད་ལ། བོད་རིགས་སློབ་མ་ཞིག་གི་ཅ་ལག་ཅིག་གི་ནང་ན་གེའུ་རེའམ། ཡང་ན་བོད་ཀྱི་ཡོ་བྱེད་རེ་བཞག་ཡོད་ན།  བཙོག་དང་ཐན་དུ་ལྟ་ལ། ཐ་ན་བོད་རིགས་སློབ་མ་ཞིག་གིས་ཕ་མ་སྤུན་མཆེད་ཅིག་ལ་ཁ་པར་བཏང་ནས་བོད་སྐད་བཤད་ན།  ཆོ་མེད་ལུགས་མེད་དུ་འཛིན། ཐ་ན་བོད་རིགས་སློབ་མ་ཞིག་གིས་བོད་ཡིག་གི་དཔེ་ཆ་རེ་ཀློག་པའམ། ཡང་ན་བོད་རིགས་སློབ་མ་གཞན་ཞིག་ལ་བོད་སྐད་ཀྱིས་ཁ་བརྡ་ཞིག་བཤད་ན། དེ་ལ་མིག་མདངས་ཡ་མཚར་ཞིག་གིས་ལྟ་ཞིང་།  མིག་མདངས་དེའི་ཁྲོད་ན་དམའ་འབེབ་དང་། མཐོང་ཆུང་གི་མེ་ལྕེ་མཆེད་བཞིན་ཡོད།  མ་མཐའ་མིག་མདངས་དེ་ཙམ་ཞིག་ལ་བཟོད་དགོས་ནའང་། ལོ་ན་ཆུང་བའི་བྱིས་པ་ཞིག་མ་དགོས། ང་ལྟ་བུའི་རྒད་པོ་དག་ལའང་དཀའ་ཁག་དང་མནོན་ཤུགས་མགོ་བོས་ཐེག་དཀའ་ཚོད་རེ་འདུག་གོ །

_________དུག་སྨྱུག


No comments:

Post a Comment

Adbox