སྟོན་པ་ན་རེ། དེང་སང་། བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཡང་། རྟེན་སེར་མོ་པའི་ནང་ན་རང་དབང་དམངས་གཙོ་ཞེས་པའི་རྣམ་གཞག་ལ་ཐོས་བསམ་བྱེད་མཁན་ཡོད་རབས་ཐོས།
ཕྲན་གྱིས། རེད་ལགས། རབ་བྱུང་པའི་ནང་ན་ཡང་གཅིག་གཉིས་རེ་འདུག རང་དབང་དམངས་གཙོ་ཟེར་ན་འཇིག་རྟེན་སྲིད་ལུགས་ཀྱི་རྣམ་གཞག་ཅིག་ཡིན་ཞིང་། ཚེ་འདི་ཁོ་ན་བདེ་བའི་ཐབས་ཤིག་ཏུ་སྣང་ངོ་།། ཁྱེད་ཉིད་ལ་དགོངས་བཞེད་གང་འདྲ་ཡོད་དམ།
སྟོན་པ་ན་རེ། བདག་གི་བསྟན་པ་ནི་ཐར་བ་སྒྲུབ་པའི་ཐབས་ཤིག་ཡིན། དེའི་ནང་ན་ཚེ་འདི་བདེ་བའི་ཐབས་ཀྱང་ཡོད་མོད། གཙོ་བོ་མི་དགེ་བཅུ་སྤོང་གི་ཀུན་སྤྱོད་འཇུག་ལྡོག་གི་ཆ་ནས་བསྟན་པ་ཡིན་གྱི། སྲིད་ལུགས་འཛིན་སྐྱོང་གི་ཆ་ནས་མིན་ནོ།།
ཕྲན་གྱིས། ལགས། ཕྲན་གྱི་བསམ་ཚུལ་ལྟར་ན། རང་དབང་དམངས་གཙོ་ཞེས་པ་འཇིག་རྟེན་ཚེ་འདི་བདེ་བའི་ཐབས་ཤིག་རེད། རང་དབང་དམངས་གཙོའི་རྣམ་གཞག་མཛད་མཁན་རྣམ་པའི་དགོངས་པ་ལྟར་ན། ང་ཚོ་འགྲོ་བ་མི་ནི་ཚོགས་པ་བྱས་ནས་འཚོ་བ་རོལ་མཁན་ཞིག་ཡིན། ཚོགས་པ་ཞིག་ཡིན་ཕྱིན། དེ་ལ་ངེས་པར་དུ་འཛིན་སྐྱོང་བྱེད་པོ་ཞིག་དགོས། འཛིན་སྐྱོང་ཡག་པོ་ཡོང་ན་མི་རྣམས་བདེ་ཞིང་སྐྱིད་པ་དང་། དེ་ལས་ལྡོག་ན། སྡུག་བསྔལ་སྣ་ཚོགས་པས་མནར་བར་འགྱུར།
སྟོན་པ་ན་རེ། འགྲོ་བ་སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་འཁྲིད་ཐུབ་མཁན་ཞིག་ཡིན་ན་ནི་མཆོག་དང་ཕུལ་དང་རབ་ཏུ་བསྔག་པར་འོས་མོད། སོ་སོ་སྐྱེ་བོ་ཕལ་བ་རྣམས་ལ་ཚེ་འདིའི་བདེ་ཐབས་བསྟན་པ་ཡང་བསྔག་པར་བྱ་བའི་གནས་སོ།།
ཕྲན་གྱིས། རེད་ལགས། ཚེ་འདི་བདེ་བའི་ཆེད་དུ། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམས་ཀྱིས་ཀྱང་གསུང་རྩོམ་མང་པོ་མཛད་འདུག
སྟོན་པ་ན་རེ། ཁོང་རྣམ་པས་འདོད་པའི་བདེ་བ་དང་སྡུག་བསྔལ་ནི་ཅི་ཞིག་རེད།
ཕྲན་གྱིས། ལགས་སོ། །ཁོང་རྣམ་པས་མིའི་རང་དབང་ལ་རྩིས་ཆེན་པོ་གནང་གི་འདུག རང་དབང་ནི་བདེ་བའི་རྩ་བ་ལྟ་བུ་ཞིག་ཏུ་གསུངས་སོ། །རང་དབང་ཡོད་ན། ཁམས་དང་མོས་པ་སྣ་ཚོགས་པའི་སྐྱེ་བོ་རྣམས་ལ་རང་རང་གིས་འདོད་པའི་བདེ་བ་སྒྲུབ་པའི་སྐབས་ཡོད་པ་དང་། གཞན་དབང་དུ་གྱུར་ན། རང་གིས་འདོད་པའི་བདེ་བ་སྒྲུབ་པའི་སྐབས་མེད་ཁར། མི་འདོད་པའི་སྡུག་བསྔལ་མང་པོས་མནར་རོ་གསུངས།
སྟོན་པ་ན་རེ། རང་དབང་ཐམས་ཅད་བདེ་བ་ཡིན།། གཞན་གྱི་དབང་གྱུར་ཀུན་སྡུག་གོ །
ཕྲན་གྱིས། དེ་རེད་ལགས། ཁོང་རྣམ་པས་ཀྱང་དེ་བཞིན་དུ་འདོད་དོ།།
སྟོན་པ་ན་རེ། རང་སེམས་ཉོན་མོངས་པའི་དབང་དུ་གྱུར་ན་རང་དབང་མེད་དེ། ལས་མི་དགེ་བ་འབའ་ཞིག་བྱེད་དོ།། དེའི་འབྲས་བུར་འདི་ཕྱི་གཉིས་ལ་སྡུག་བསྔལ་བ་དུ་མ་འབྱུང་ངོ་།།
ཕྲན་གྱིས། དེ་དེ་བཞིན་རེད་མོད། ཁོང་རྣམ་པས། རང་དབང་ཡིན་དང་མིན་དེ། སེམས་ཉོན་མོངས་པའི་དབང་དུ་གྱུར་མ་གྱུར་ཞིག་གམ། རང་སེམས་གང་ལ་བཀོལ་དང་མི་བཀོལ་རང་དབང་ཡིན་མིན་ཞིག་ལ་འཇོག་གི་མི་འདུག
སྟོན་པ་ན་རེ། འོ་ན་ཅི་ཞིག་ལ་འཇོག་གི་འདུག
ཕྲན་གྱིས། གཙོ་བོ་དབང་ཆ་ལོག་པར་སྤྱད་པ་ཡོད་མེད་ལ་འཇོག
སྟོན་པ་ན་རེ། དབང་ཆའི་ལོག་སྤྱོད་ཅེ་ན།
ཕྲན་གྱིས། དབང་ཆ་ལས་མི་དགེ་བའི་ཕྱོགས་སུ་སྤྱད་པ་སྟེ། མིའི་རང་དབང་གི་བདེ་བ་ལ་འཚེ་བའོ། །མིའི་རང་དབང་ལ་འཚེ་བ་རྒྱུན་རིང་བ་དང་། ཁྱབ་ཆེ་བ་དང་། ཚབས་ཆེ་བ་དང་། ཁེགས་པར་དཀའ་བ་ནི། དབང་ཆའི་ལོག་སྤྱོད་ཡིན་པར་དགོངས་སོ།།
སྟོན་པ་ན་རེ། དབང་ཆའི་ལོག་སྤྱོད་བྱུང་བའི་ཚུལ་ཇི་ལྟར་ཡིན་ནམ།
ཕྲན་གྱིས། སྔོན་གྱི་དུས་སུ། རྒྱལ་པོའམ་བཙན་པོ་དག་གིས། འཛིན་སྐྱོང་གི་དབང་ཆ་གདུང་རྒྱུད་ཀྱིས་བདག་གིར་བྱས་ཁར། དབང་ཆ་རང་རང་གི་ཁམས་དང་མོས་པ་ལྟར་སྤྱད་པས། དེ་ལ་ཚོད་འཛིན་ནི་གང་ཡང་མེད། ཉེས་མེད་སྐྱེ་བོ་ཤིན་ཏུ་མང་པོ། བཙོན་ལ་བཅུག་པ་དང་། མུ་གེ་དང་རྡེག་པ་དང་གསོད་པ་སོགས་སྡུག་བསྔལ་བཟོད་གླགས་མེད་པས་མནར་རོ།།
སྟོན་པ་ན་རེ། ཀྱེ་མ། སྐྱེ་བོ་དེ་དག་སྙིང་རེ་རྗེ། ཁོ་ཚོས་ལས་མི་དགེ་བ་ཅི་ཞིག་བྱས་པ་ཡིན་ནམ།
ཕྲན་གྱིས། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམས་ཀྱིས་ཀྱང་། སྐྱེ་བོ་དེ་དག་སྙིང་རྗེ་བའི་ཡུལ་དུ་བྱེད་མོད། ལས་ཀྱི་དབང་གིས་ཡིན་པར་མི་འདོད་དོ།།
སྟོན་པ་ན་རེ། ལས་འབྲས་ལ་བསླུ་བ་མེད་པས། ཁོ་ཚོས་རྒྱུ་མི་དགེ་བ་བྱས་མེད་ན། འབྲས་བུ་སྡུག་བསྔལ་བ་དེ་དག་བྱུང་བའི་དཔེ་མེད་དོ།།
ཕྲན་གྱིས། མཁས་དབང་ཁོང་རྣམ་པས་ཀྱང་། སྡུག་བསྔལ་དེ་དག་རྒྱུ་མེད་རྐྱེན་མེད་ལ་མི་འབྱུང་བ་ནི་ཁས་ལེན་མོད། དབང་ཆ་ལོག་པར་སྤྱད་པ་ལས་འབྱུང་གིས། སོ་སོ་སྐྱེ་བོའི་ལས་ཀྱི་དབང་གིས་ཡིན་མིན་ལ་ཐུགས་བསམ་བཞེས་ཀྱི་མེད།
སྟོན་པ་ན་རེ། ཁོང་རྣམ་པ་ནང་པའི་ཆོས་ལ་དད་པ་མེད་པས་ཡིན་ནམ།
ཕྲན་གྱིས། དེ་རེད་ལགས། གལ་སྲིད་ཁོང་རྣམ་པས་རྟེན་ཅིང་འབྲེལ་འབྱུང་གི་ལྟ་བ་ལ་ཐོས་བསམ་མཛད་ཡོད་ན། ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པའི་བློ་སྐྱེ་ཡང་སྲིད་དོ།།
སྟོན་པ་ན་རེ། ལས་འབྲས་ལ་ཡིད་ཆེས་ཤིང་སྲུང་ཐུབ་ན། མི་དང་མིའི་བར་ཕན་ཚུན་འཚེ་བ་ཉུང་བར་གྱུར་ནས། འཐབ་ཅིང་རྩོད་པ་ཞི་སྟེ། མི་རྣམས་འདི་ཕྱི་གཉིས་ལ་བདེ་བ་འབྱུང་ངོ་།།
ཕྲན་གྱིས། ང་ཚོ་བོད་རྣམས་ཀྱིས་ཀྱང་དེ་བཞིན་དུ་འདོད་དོ།།
སྟོན་པ་ན་རེ། མངོན་པར་བསྟོད་དོ། །བདག་གི་བསྟན་པ་འཛིན་སྐྱོང་བྱས་པ་ལ་ཁྱེད་རང་བོད་པ་ཚོ་བྱས་པ་ཆེའོ། །སྔོན་བྱོན་ཆོས་རྒྱལ་དང་ལོ་པཎ་རྣམ་པའི་བཀའ་དྲིན་ཡིན་པ་ཤེས་པར་བྱའོ།།
ཕྲན་གྱིས། དེ་དེ་བཞིན་ལགས་སོ།།
སྟོན་པ་ན་རེ། སྐབས་དོན་གླེང་བྱ་རང་དབང་དམངས་གཙོ་ཡིན་པས། མུ་མཐུད་གསུངས་དང་།
ཕྲན་གྱིས། ལགས་སོ་ལགས་སོ། །རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམས་ཀྱི་དགོངས་བཞེད་ལྟར་ན། རང་དབང་དམངས་གཙོས་ནི། དབང་ཆ་ལོག་པར་སྤྱད་པ་འགོག་པའི་དོན་བྱེད་པས། གང་དེ་ཚེ་འདི་བདེ་བའི་ཐབས་གལ་ཆེན་པོ་ཞིག་ལ་དགོངས་བཞིན་ཡོད།
སྟོན་པ་ན་རེ། གཞན་གྱི་བདེ་བ་ལ་འཚེ་བ་འགོག་པའི་ཐབས་ཤིག་ཡིན་ཕྱིན། བསྔག་པར་འོས་པའི་གནས་སོ།།
ཕྲན་གྱིས། རེད་ལགས། ཁྱེད་ཉིད་ཀྱིས། དབང་ཆ་མི་དགེ་བའི་ཕྱོགས་སུ་སྤྱོད་པ་འགོག་པ་ལ། དབང་འཛིན་པ་བག་ཡོད་ཁར་རྒྱུད་ལ་སྙིང་རྗེ་ལྡན་པ་གལ་ཆེ་གསུངས་འདུག[1]
སྟོན་པ་ན་རེ། དབང་འཛིན་པ་རྣམས་བག་ཡོད་དང་སྙིང་རྗེ་ལ་དྲན་དང་ཤེས་བཞིན་དུ་གནས་ན། དབང་ཆ་ལས་མི་དགེ་བའི་ཕྱོགས་སུ་སྤྱོད་མི་སྲིད།
ཕྲན་གྱིས། ལགས་སོ། །རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པས་ཀྱང་དེ་བཞིན་དགོངས་ངེས། ཡིན་ནའང་། ཁོང་རྣམ་པར་སེམས་ཁྲལ་དང་དོགས་པ་ཆེན་པོ་ཞིག་ཡོད་དེ། ཅི་ཞེ་ན། དབང་འཛིན་པ་རྣམས་བག་ཡོད་དང་སྙིང་རྗེ་ལ་གནས་ཐུབ་བམ། གལ་ཏེ་མ་ཐུབ་ན་ཅི་བྱ་ཞེས་སོ།།
སྟོན་པ་ན་རེ། སྔོན་གྱི་དུས་སུ། རྒྱལ་པོའི་གམ་ན་མདུན་ན་འདོན་ཟེར་བ་ཞིག་ཡོད། རྒྱལ་པོས་དེ་ལ་བློ་འདྲི་ཞིང་། དེས་ཀྱང་རིགས་དང་མི་རིགས་ཀྱི་བླང་དོར་སྟོན་པར་བྱེད་དོ།།[2]
ཕྲན་གྱིས། དེ་ཙམ་གྱིས་དབང་ཆ་ལས་མི་དགེ་བའི་ཕྱོགས་སུ་སྤྱོད་པ་ཁེགས་སམ། གལ་ཏེ། མདུན་ན་འདོན་དེ་ཡང་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་གྱུར་ན་ཅི་བྱ།
སྟོན་པ་ན་རེ། གང་ལྟར། དབང་ཆ་ལོག་པར་སྤྱོད་པ་འགོག་པ་ལ། དབང་འཛིན་པ་རང་གིས་རང་ཉིད་བག་ཡོད་པར་བྱེད་རྒྱུ་གལ་ཆེ་བ་མིན་ནམ།
ཕྲན་གྱིས། ལགས་སོ། །དབང་འཛིན་པ་རང་གིས་རང་བག་ཡོད་དུ་བྱེད་ཐུབ་ན་ནི་མཆོག་དང་རབ་ཏུ་བསྔག་པར་འོས་མོད། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པས། དབང་འཛིན་པ་ཞིག་བག་ཡོད་ལ་དྲན་དང་ཤེས་བཞིན་གནས་ཐུབ་པ་ལ་ཡིད་ཆེས་མི་མཛད་དོ།།
སྟོན་པ་ན་རེ། རྒྱུ་མཚན་ཅི་ཡིན་ནམ།
ཕྲན་གྱིས། དབང་འཛིན་པ་ཕལ་བའི་སྐྱེ་བོ་ཁོ་ན་ཡིན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་མིན་པས། ཉོན་མོངས་པའི་དབང་དུ་འགྱུར་ངེས་སོ།། ང་ཚོ་བོད་ཀྱི་མཁས་དབང་ཞིག་གིས་ཀྱང་། དབང་དང་འབྱོར་བ་ལྡན་པ་ཡི།། རྒྱལ་པོ་ཕལ་ཆེར་བག་མེད་པས་ཞེས་གསུངས་སོ།།[3]
སྟོན་པ་ན་རེ། མཁས་པའི་གསུང་ལ་མངོན་པར་བསྟོད་དོ།།
ཕྲན་གྱིས། དེའི་ཕྱིར། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པས། དབང་འཛིན་པ་ནི་ཉོན་མོངས་པའི་དབང་དུ་འགྱུར་ངེས་པ་དང་། དེའི་འབྲས་བུ་ནི། དབང་ཆ་ལས་མི་དགེ་བའི་ཕྱོགས་སུ་སྤྱད་ནས། སྐྱེ་བོ་ཁྲི་འབུམ་མང་པོ་སྡུག་བསྔལ་བར་བྱེད་དོ་དགོངས་ཀྱི་ཡོད།
སྟོན་པ་ན་རེ། ཁོང་རྣམ་པས་ཚེ་ཕྱི་མའི་བདེ་ཐབས་ལ་ཐུགས་བསམ་བཞེས་ཡོད་དམ།
ཕྲན་གྱིས། མི་འདུག་ལགས།
སྟོན་པ་ན་རེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་ཐབས་ལ་ཐུགས་བསམ་བཞེས་ཡོད་དམ།
ཕྲན་གྱིས། དེ་ཡང་མི་འདུག་ལགས།
སྟོན་པ་ན་རེ། མུ་མཐུད་གསུངས་དང་།
ཕྲན་གྱིས། ཁོང་རྣམ་པས། དབང་ཆ་ཟེར་བ་ཕ་རོལ་བོའི་སྒོ་གསུམ་གྱི་སྤྱོད་པ་དང་། ལུས་སྲོག་ལོངས་སྤྱོད་རང་དབང་དང་བཅས་པར་དབང་སྒྱུར་ཐུབ་པའི་མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་ཞིག་ལ་དགོངས་འདུག
སྟོན་པ་ན་རེ། དེའི་ཕྱིར། དབང་འཛིན་པ་ནི་ངེས་པར་དུ་གཞན་ལ་གནོད་སེམས་སྤངས་ཤིང་ཕན་སེམས་ཁོ་ན་ཅན་ཞིག་ཡིན་འོས།
ཕྲན་གྱིས། དེ་བདེན་ནོ། །སྤྱིར་དབང་ཆ་ལ་བཟང་དང་ངན་གྱི་རྣམ་དབྱེ་མེད་མོད། བཟང་ལ་སྤྱད་ན་ཕན་རླབས་རྒྱ་ཆེན་པོ་འབྱིན་པ་དང་། ངན་ལ་བཀོལ་ན། སྡུག་བསྔལ་ཟད་མི་ཤེས་པ་འབྱིན་ནོ།།
སྟོན་པ་ན་རེ། གཙོ་བོ་དབང་འཛིན་པ་སུ་ཞིག་ཡིན་པ་ལ་ཐུག་གོ །དབང་འཛིན་པ་བག་ཡོད་དང་སྙིང་རྗེ་ལྡན་ན། དབང་ཆ་ལས་དགེ་བའི་ཕྱོགས་སུ་སྤྱད་ནས། ཀུན་ཀྱང་བདེ་སྐྱིད་ཀྱི་དཔལ་ལ་འགོད་དོ།།
ཕྲན་གྱིས། དེ་དེ་བཞིན་ལགས་མོད། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པས། དབང་ཆ་ལས་དགེ་བའི་ཕྱོགས་སུ་ཇི་ལྟར་སྤྱོད་པ་ལ་ཐུགས་སྣང་ཆེར་མི་མཛད་དོ།།
སྟོན་པ་ན་རེ། འོ་ན།
ཕྲན་གྱིས། གཙོ་བོ་དབང་ཆ་ལས་མི་དགེ་བའི་ཕྱོགས་སུ་སྤྱོད་ཉེན་ཡོད་པ་དང་ཡོད་པ་གང་དེ་ཇི་ལྟར་འགོག་པའི་ཐབས་ཀྱི་གཉེན་པོ་དག་གསུངས་སོ། །དེ་ནི་རང་དབང་དམངས་གཙོའི་རྣམ་གཞག་གོ །
སྟོན་པ་ན་རེ། དབང་ཆ་ལོག་པར་སྤྱད་ན། ཉེས་པ་ཚབས་པོ་ཆེ་གང་དག་འབྱུང་ངམ།
ཕྲན་གྱིས། དཔེར་ན། དབང་འཛིན་པ་ཞིག་གིས། ཉི་མ་སང་ཉིན་ནས་བཟུང་། བདག་གི་མངའ་རིས་སུ་ཆོས་བྱེད་མི་ཆོག དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མི་ཆོག་ཅེས་བྱས་ཚེ། དྲག་པོའི་དཔུང་དང་བཅས། མི་སྲུན་སྐྱེ་བོའི་ཚོགས་ཀྱིས། རབ་བྱུང་པ་རྣམས་སྐྱ་སར་ཕབ་པ་ནི་ཕབ། བསྒྲལ་པ་ནི་བསྒྲལ། གཙུག་ལག་ཁང་དག་ནི་ཐལ་བའི་རྡུལ་དུ་བྱས། གསུང་རབ་བསྟན་བཅོས་ནི་མེ་དང་ཆུ་ཡིས་འཇིགས་པར་བྱེད་དོ། །ཁོ་ལ་དེ་འདྲའི་མཐུ་སྟོབས་འཇིགས་སུ་རུང་བ་ཞིག་ཡོད་དོ། །དེ་གང་ཞེ་ན། དབང་ཆ་ལས་བྱུང་ངོ་།།
སྟོན་པ་ན་རེ། …(ཕྲན་གྱིས་དེ་སྐད་ཞུ་བཞིན་པའི་སྐབས་སུ། ཁོང་གི་ཞལ་མདངས་དལ་བུར་ཉམས་ཤིང་། སྤྱན་ཟུང་བཙུམས་ནས་ཡུན་རིང་ལ་ཅི་ཡང་མི་གསུང་བར་བཞུགས། འདས་དོན་ཞིག་ཐུགས་ལ་དྲན་བཞིན་པ་ཡིན་ནམ། )
ཕྲན་གྱིས། དེའི་ཕྱིར། དབང་ཆ་དོན་གང་ལ་སྤྱོད་མི་རུང་བ་དང་། ཚད་ཅི་ཙམ་ལས་སྤྱོད་མི་རུང་བ་དང་། ཚུལ་ཇི་ལྟར་སྤྱོད་མི་རུང་བ་ལ། ངེས་པར་དུ་བཅས་མཚམས་ཤིག་ཡོད་དགོས་ཀྱི། དེ་མེད་ཚེ། སྨྱོན་པའི་ལག་ལ་རལ་གྲི་ཐོགས་པ་དང་འདྲ་ཞེས་གསུངས་པ་ཐོས།
སྟོན་པ་ན་རེ། འོ་ན། བཟང་ངན་གང་ལ་བཀོལ་རུང་། མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་ཡོད་པའི་དབང་ཆ་དེ་གང་ནས་བྱུང་བ་ཡིན་ནམ། རྒྱུ་མེད་རྐྱེན་མེད་ལ་ནི་མི་འབྱུང་ངོ་།།
ཕྲན་གྱིས། ལགས་སོ།། དམངས་གཙོའི་རྣམ་གཞག་གླེང་དུས། དབང་ཆ་གང་ལས་བྱུང་བའི་ཁུངས་གསལ་བར་སྟོན་རྒྱུ་ནི་རྩ་བར་གྱུར་པའི་བརྗོད་བྱ་གལ་ཆེན་ཞིག་ཡིན།
སྟོན་པ་ན་རེ། གསུངས་དང་།
ཕྲན་གྱིས། སྔོན་གྱི་ཚེ། ཁྱེད་ཉིད་སེར་སྐྱའི་གྲོང་ན་བཞུགས་དུས། ཤཱཀྱའི་རིགས་མང་པོས། ཤཱཀྱའི་རིགས་ནི་ཐོག་མར་གང་ནས་བྱུང་བའི་ཚུལ་དྲིས་པ་ཐུགས་ལ་དྲན་ནམ།[4]
སྟོན་པ་ན་རེ། དྲན་ནོ།།
ཕྲན་གྱིས། སྐབས་དེར། ཉིད་ཀྱིས་མོང་གལ་གྱི་བུ་ལ། ཤཱཀྱའི་རིགས་ཀྱི་བྱུང་རབས་གླེང་བར་བཀས་བསྐུལ་པ་དྲན་ནམ།[5]
སྟོན་པ་ན་རེ། དེ་ཡང་དྲན་ནོ།།
ཕྲན་གྱིས། མོང་གལ་གྱིས་བུས། མང་བཀུར་རྒྱལ་པོའི་བྱུང་རབས་གསུང་དུས། དབང་ཆ་གང་ལས་བྱུང་བའི་ཚུལ་གསལ་བར་བསྟན་འདུག
སྟོན་པ་ན་རེ། དེ་འདྲ་ཞིག་ཡིན་ནམ།
ཕྲན་གྱིས། རེད་ལགས།
སྟོན་པ་ན་རེ། འོ་ན་གསུངས་དང་།
ཕྲན་གྱིས། ལགས་སོ། །མང་བཀུར་རྒྱལ་པོ་མ་བྱུང་སྔོན་ལ། མི་རྣམས་རྐུ་བ་འཕྲོག་པ་རྫུན་སྨྲ་བ་སོགས་ལས་མི་དགེ་བ་བྱེད་མཁན་མེད་མོད། ཕྱིས་སུ། འཚོ་བ་ཟས་ཀྱི་ཆེད་དུ་རྐུ་བ་དང་རྫུན་སྨྲ་བ་སོགས་བྱུང་སྟེ། ཀུན་ཀྱང་འཐབ་ཅིང་རྩོད་པས་མི་བདེ་བར་གྱུར་པས། ཐམས་ཅད་འདུས་ནས་བགྲོས་ཏེ། གཞན་ལས་ལྷག་པའི་ཡོན་ཏན་དུ་མ་ལྡན་པ་ཞིག་འཛིན་སྐྱོང་བྱེད་པོར་བསྐོ་བར་འཐད་དོ།།
སྟོན་པ་ན་རེ། མིའི་རྗེ་བོ་ལ་སྔ་ལ་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱའོ།།
ཕྲན་གྱིས། དེ་ལྟར། ཀུན་ཀྱང་བདེ་བའི་ཕྱིར་དུ། འཛིན་སྐྱོང་བྱེད་པའི་སྐྱེ་བོ་ཞིག་བྱུང་བ་དང་མཉམ་དུ། འཛིན་སྐྱོང་གི་དབང་ཆ་ཡང་བྱུང་ངོ་།།
སྟོན་པ་ན་རེ། འཛིན་སྐྱོང་བྱེད་པའི་མཐུ་དང་ནུས་པ་དེ་ལ་དབང་ཆ་ཞེས་ཐ་སྙད་བྱེད་པ་རེད་དམ།
ཕྲན་གྱིས། སངས་རྒྱས་ཀྱི་གསུང་ལ་འཁྲུལ་བ་མེད་དོ།།
སྟོན་པ་ན་རེ། མུ་མཐུད་གསུངས་དང་།
ཕྲན་གྱིས། ལགས་སོ། །འཛིན་སྐྱོང་བྱེད་པོར་མ་བསྐོས་པའི་སྔོན་ལ། ཁོ་ནི་སྐྱེ་བོ་ཕལ་བ་ཞིག་ཡིན་མོད། ཀུན་ཀྱང་འཐད་ཅིང་མོས་ནས་འཛིན་སྐྱོང་བྱེད་པོར་བསྐོས་པ་ན། ཁོ་ལ་སྔར་མེད་ཀྱི་མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། གང་ཞེ་ན། འཛིན་སྐྱོང་གི་དབང་ཆའོ།།
སྟོན་པ་ན་རེ། གལ་ཏེ། མི་རྣམས་འཐད་ཅིང་མོས་པ་མེད་ཚེ། འཛིན་སྐྱོང་བྱེད་པོ་མེད་ལ། འཛིན་སྐྱོང་གི་དབང་ཆ་དེ་ཡང་མེད་དོ།།
ཕྲན་གྱིས། དེའི་ཕྱིར། འཛིན་སྐྱོང་གི་དབང་ཆ་གང་ནས་བྱུང་ངམ་ཞེ་ན། དམངས་ལས་བྱུང་ངོ་། །ཚུལ་ཇི་ལྟར་བྱུང་ངམ་ཞེ་ན། དམངས་ཀྱི་འཐད་མོས་ལས་བྱུང་ངོ་།།
སྟོན་པ་ན་རེ། འཛིན་སྐྱོང་གི་དབང་ཆ་དམངས་ཀྱི་འཐད་མོས་ལས་བྱུང་བ་ཡིན་ན། དབང་ཆའི་བདག་པོ་མི་དམངས་ཡིན་པར་ཐལ།
ཕྲན་གྱིས། ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ།།
སྟོན་པ་ན་རེ། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པས་དེ་ལྟར་བཞེད་དམ།
ཕྲན་གྱིས། ལགས། དེ་ལྟར་བཞེད་དོ།།
སྟོན་པ་ན་རེ། དབང་ཆའི་བདག་པོ་མི་དམངས་ཡིན་ན། སྐྱེ་བོ་ཞིག་སྲིད་ཀྱི་ཁྲི་ལ་བསྐོས་པ་ནི། དོན་དུ་འཛིན་སྐྱོང་གི་དབང་ཆ་སྐྱེ་བོ་དེ་ལ་བཅོལ་བ་ལྟ་བུ་ཞིག་མིན་ནམ།
ཕྲན་གྱིས། ཤིན་ཏུ་བདེན་ནོ། །གནས་སྐབས་ཙམ་ལ་བཅོལ་བའོ།།
སྟོན་པ་ན་རེ། གནས་སྐབས་ཙམ་ལ་བཅོལ་བ་ཞེས་པའི་དོན་ནི་ཅི།
ཕྲན་གྱིས། རང་དབང་དམངས་གཙོའི་སྲིད་ལུགས་སུ་འོས་འདེམ་གྱི་སྲོལ་ལེགས་པོ་ཞིག་ཡོད། དེ་ནི། དབང་འཛིན་པ་སྔ་མའི་ལག་གི་འཛིན་སྐྱོང་དབང་ཆ་ཕྱིར་བླངས་ནས། སྐྱེ་བོ་གཞན་ཞིག་ལ་བཅོལ་ཏེ་འཛིན་སྐྱོང་བྱེད་པོར་བསྐོས་པའོ། །རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པ་ལྟར་ན། འཛིན་སྐྱོང་གི་དབང་ཆ་ནི། སྐྱེ་བོ་གཅིག་གམ་གདུང་རྒྱུད་ཀྱིས་བདག་གིར་བྱེད་མི་རུང་བ་མ་ཟད། གཏན་དུ་དབང་བར་ཡང་མི་རིགས་སོ། །ཁྲིམས་ཀྱི་བཅས་པ་ལྟར་རང་མོས་འོས་འདེམ་བྱས་ནས། འཛིན་སྐྱོང་གི་དབང་ཆ་ཞི་བའི་ངང་ལ་བཅོལ་ལེན་བྱེད་འོས་སོ།།
སྟོན་པ་ན་རེ། དེ་ནི་ཤིན་ཏུ་བསྔག་པར་འོས་པའི་དོན་བཟང་པོ་སྟེ། འོས་འདེམ་གྱི་སྲོལ་བཟང་པོའི་འཕྲིན་ལས་ཀྱིས། དབང་ཆ་འཕྲོད་རྩོད་བྱེད་པ་བཀག་གོ །དབང་ཆ་འཕྲོག་རྩོད་བྱས་པས། བསད་བསད་ཁྲག་གི་འཁོར་ལོ་བསྐོར་ནས། ལས་མི་དགེ་བ་ཚབས་པོ་ཆེ་དག་བྱུང་བ་མང་ངོ་།།
ཕྲན་གྱིས། དེ་དེ་བཞིན་ལགས།
སྟོན་པ་ན་རེ། དམངས་གཙོའི་ཡོན་ཏན་ལ་མངོན་པར་བསྟོད་དོ།།
ཕྲན་གྱིས། དེའི་ཕྱིར། དམངས་གཙོའི་ལུགས་བཟང་ནི། ཚེ་འདི་བདེ་བའི་ཐབས་རྨད་དུ་བྱུང་བ་ཞིག་ལ་བཞེད་དོ།།
སྟོན་པ་ན་རེ། ཚེ་འདི་ཕྱི་གཉིས་ལ་ཕན་བྱེད་པ་ཞིག་ཡིན་ན་ནི་མཆོག་དང་རབ་ཏུ་བསྔག་པར་འོས་མོད། ཚེ་འདི་ཁོ་ན་བདེ་བའི་ཐབས་མཆོག་ཅིག་ཡིན་ནའང་། ཅིས་ཀྱང་བསྔག་པར་བྱ་བའི་ཡུལ་དུ་སྙམ་སྟེ། ཅི་ཞེ་ན། དེས་མི་རྣམས་སྡུག་བསྔལ་ལས་སྐྱོབ་བོ། །དེ་ཡང་དགེ་བའི་ལས་རླབས་པོ་ཆེའོ།།
ཕྲན་གྱིས། རང་དབང་དམངས་གཙོ་སྨྲ་བའི་མཁས་དབང་རྣམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་མིན་ནའང་། ཚེ་འདི་ལ་བྱས་པ་ཆེ་བའི་སྐྱེས་བུ་དམ་པར་བསྔགས་སོ།།
སྟོན་པ་ན་རེ། དབང་ཆའི་བདག་པོ་མི་དམངས་ཡིན་ན། ཡིན་ཚུལ་ཇི་ལྟར་ཡིན་ནམ།
ཕྲན་གྱིས། ལགས་སོ། །སྤྱིར་ན། ཁྱེད་ཀྱིས་གསུངས་པ་ལྟར། མི་རྣམས་ཁམས་དང་མོས་པ་མི་འདྲ་བས། སོ་སོས་འདོད་པའི་བདེ་བ་དང་མི་འདོད་པའི་སྡུག་བསྔལ་ལ་རྣམ་གྲངས་མཐའ་ཡས་ནའང་། མི་རྣམས་ཚོགས་པ་རུ་གྲུབ་དུས། ཀུན་གྱིས་འདོད་པའི་ཐུན་མོང་གི་བདེ་བ་འགའ་ཞིག་ཀྱང་རང་བཞིན་གྱིས་འབྱུང་ངོ་།།
སྟོན་པ་ན་རེ། དཔེ་ཡི་སྒོ་ནས་གསུངས་དང་།
ཕྲན་གྱིས། ལགས་སོ།། དཔེར་ན། ནད་ནི་ཀུན་གྱིས་མི་འདོད་པའི་སྡུག་བསྔལ་ཡིན་པས། ནད་ཀྱི་སྡུག་བསྔལ་སེལ་ཕྱིར། གསོ་རིག་འཕྲོད་བསྟེན་དར་བ་ལ་ཀུན་ཀྱང་འཐད་དོ། །ལྟོགས་སྐོམ་མུ་གེ་ནི་ཀུན་གྱིས་མི་འདོད་པའི་སྡུག་བསྔལ་ཡིན་པས། ཁ་རྒྱབ་ཀྱི་འཚོ་བ་བདེ་བའི་ཆེད་དུ། དཔལ་འབྱོར་ལོངས་སྤྱོད་དར་བ་ལ་ཀུན་ཀྱང་འཐད་དོ། །ཕྱི་དགྲས་འཚེ་བ་ནི་ཀུན་ཀྱང་མི་འདོད་པའི་སྡུག་བསྔལ་ཡིན་པས། ཕྱི་དགྲས་འཚེ་བ་འགོག་ཕྱིར། དྲག་པོའི་དམག་གི་དཔུང་སྡེ་ལ་ཀུན་ཀྱང་འཐད་དོ། །ནང་གི་རྐུ་འཕྲོག་གསོད་གསུམ་སོགས་ནི་ཀུན་ཀྱང་མི་འདོད་པའི་སྡུག་བསྔལ་ཡིན་པས། ནང་གི་འཐབ་ཅིང་རྩོད་པ་ཞི་ཕྱིར། ལེགས་ཉེས་འཇུག་ལྡོག་ལ་ལེགས་པའི་ཁྲིམས་ཀྱི་བཅས་པ་ཡོད་ཅིང་། བཅས་པ་དེ་ལྟར་ཞལ་ལྕེ་དྲང་མོར་གཅོད་པ་ལ་ཀུན་ཀྱང་འཐད་དོ།།
སྟོན་པ་ན་རེ། ཚེ་འདིའི་བདེ་བ་འདོད་མཁན་རྣམས་ལ། དེ་དག་ནི་མེད་ཐབས་མེད་དོ།།
ཕྲན་གྱིས། དེ་བཞིན་ལགས་སོ། །གསོ་རིག་འཕྲོད་བསྟེན་དང་དཔལ་འབྱོར་ལོངས་སྤྱོད་དང་དམག་མི་གོ་མཚོན་དང་ཁྲིམས་ཀྱི་བཅའ་འཛིན་བསྟར་གསུམ་སོགས་ཀྱི་བྱ་བ་ཇི་ལྟར་འཛིན་སྐྱོང་བྱེད་པ་ནི། ཁོ་རང་ཚོ་(མི་དམངས་)སྐྱེ་བོ་རེ་རེའི་བདེ་དོན་ཤ་སྟག་ཡིན་པས། དེའི་འཛིན་སྐྱོང་གི་དབང་ཆ་ཁོ་རང་ཚོ་(མི་དམངས་)ལ་ཡོད་པར་བསྙོན་དུ་མེད་དེ། ཅི་ཞེ་ན། རང་དོན་རང་གིས་འཛིན་པ་སྐྱོང་བར་འོས་ཀྱི། གཞན་སུས་ཀྱང་སྟངས་འཛིན་བྱེད་མི་རིགས་སོ།།
སྟོན་པ་ན་རེ། གནས་ལུགས་ནི་དེ་བཞིན་རང་རེད་མོད། སྐྱེ་བོ་ཁྲི་ཕྲག་མང་པོ་ཡུལ་དུས་གཅིག་ལ་འདུས་ནས། ཁོ་རང་ཚོའི་སྤྱི་དོན་འཛིན་སྐྱོང་ལ་གྲོས་བྱེད་པ་དང་གྲོས་ཐག་གཅོད་པའི་མཐུན་རྐྱེན་ཡོད་དམ། གྲོས་དོན་ལག་བསྟར་བྱེད་མཁན་སུ་ཞིག་ཡོད་དམ།
ཕྲན་གྱིས། ཁྱེད་ཀྱིས་གསུངས་པ་ཤིན་ཏུ་བདེན་ནོ།།
སྟོན་པ་ན་རེ། འོ་ན་ཅི་བྱས་ན་ལེགས་སམ།
ཕྲན་གྱིས། འཛིན་སྐྱོང་གི་དབང་ཆ་ཁོ་རང་ཚོའི་ཡིན་མོད། ཁོ་ཚོ་སྐྱེ་བོ་ཁྲི་འབུམ་ས་ཡ་མང་པོ་ཡོད་པས། དབང་ཆ་ལག་བསྟར་བྱེད་ཐབས་མེད་དེ། སྐྱེ་བོ་དེ་འདྲ་མང་པོ་འདུས་ནས་སྤྱི་དོན་བགྲོ་བའི་གནས་མེད་དོ། །དུས་མེད་དོ།། སྤྱི་དོན་ནི་སྣ་མང་རྙོག་འཛིང་ཆེ་བས། གྲོས་མཐུན་ཡོང་བའི་སྐབས་ཀྱང་མེད་དོ། །དེའི་ཕྱིར། མ་གཞིར་ཁོ་རང་ཚོ(མི་དམངས)ལ་དབང་བའི་འཛིན་སྐྱོང་གི་དབང་ཆ་དེ། ད་ནི་སྐྱེ་བོ་ཞིག་ལ་བཅོལ་ནས་སྲིད་ཁྲིར་བསྐོས་སོ། །དེས་དམངས་ལས་ཁྲལ་འོས་འཚམ་བསྡུས་ཏེ། སྲིད་འབྱོར་རིག་གསུམ་སོགས་ཀྱི་སྤྱི་དོན་ལ་འཛིན་སྐྱོང་བྱེད་དོ།།
སྟོན་པ་ན་རེ། སྤྱི་དོན་འཛིན་སྐྱོང་བྱེད་པོར་གླ་པ་ཞིག་གླས་པ་དང་མི་འདྲའམ།
ཕྲན་གྱིས། དེ་དེ་བཞིན་ཏེ། དེ་ཁོ་ནའོ།།
སྟོན་པ་ན་རེ། གླ་པ་དེ་ལ་རྒྱལ་ཁབ་བམ་སྲིད་གཞུང་གི་ཐ་སྙད་བྱེད་པ་རེད་དམ།
ཕྲན་གྱིས། དེ་བཞིན་ལགས་སོ།།
སྟོན་པ་ན་རེ། དམངས་གཙོ་ལ་རང་མོས་འོས་འདེམ་གྱི་ལུགས་བཟང་ཡོད་པས། དབང་ཆ་ཞི་བའི་ངང་ལ་བཅོལ་ལེན་བྱེད། འོན་ཀྱང་། དེ་ཙམ་གྱིས་དབང་ཆ་ལོག་པར་སྤྱོད་པ་ཁེགས་སམ།
ཕྲན་གྱིས། དེ་ཙམ་གྱིས་ཡེ་མི་འདང་ངོ་།།
སྟོན་པ་ན་རེ། ཐབས་ཀྱི་གཉེན་པོ་གཞན་ཅི་ཞིག་བསྟེན་དུ་ཡོད་དམ།
ཟུར་མཆན།
[1] བཀའ་འགྱུར་དུ་གསལ།
[2] བཀའ་འགྱུར་དུ་གསལ།
[3] རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སུ།
[4] བཀའ་འགྱུར་དུ་གསལ།
No comments:
Post a Comment