ནད་ཁང་ནང་གི་ཟིན་ཐོ། I འོས་སྦྱོར།

ནད་ཁང་ནང་གི་ཟིན་ཐོ།


                                 སྙུ་གུ། 


བོད་ཁ་བ་ཅན་གྱི་དད་ལྡན་དག་གི་ནང་སེམས་ལ་འོད་དུ་འཁྱིལ་བའི་ཉི་མ་ལྷ་ས་ནི་ཆེས་མཛེས་སྡུག་ལྡན་པའི་མི་ཡུལ་གྱི་ཞིང་ས་ཞིག་ཡིན་མོད། ནད་ཡམས་ཀྱི་དབང་གིས་མཛེས་སྡུག་གི་ངོ་བོ་འགྱུར་གྱིན་ཡོད་པའི་ཚོར་སྣང་ཞིག་སྐྱེས་སོང་། ང་རང་རི་ལུང་མང་པོ་བརྒལ་ནས་དབུས་ཕྱོགས་སུ་སློབ་སྦྱོང་གི་ཆེད་དུ་ཡོང་ནས་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་ལ་བརྩོན་བཞིན་པའི་དུས་དེར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་སློབ་ཐུན་འཚོགས་ནས་ཡོད། གློ་བུར་དུ་ཛ་དྲག་ཆེན་པོའི་ངང་གཞིས་རྩེ་གྲོང་ཁྱེར་ལ་ནད་པ་ཐོན་འདུག་ཟེར། འཇིག་རྟེན་སྟེང་གི་སྐྱེས་བོ་མང་ཆེ་ཤོས་ལ་རྟོག་འཆར་གྱི་ནུས་པ་མེད་པས། ངེད་ཅག་གིས་དེ་ཙམ་དོ་སྣང་མ་བྱས་ནས་དྲོ་ཟས་ལ་རོལ། ཅུང་ཙམ་ནས་འཛིན་གྲྭའི་འཕྲིན་ཚོམ་ནང་དུ་སློབ་ཐུན་མེད་ཟེར་བའི་བརྡ་ཐོ་ཞིག་སྐུར་འདུག ངའི་སེམས་སུ་དེ་རིང་སློབ་ཐུན་མེད་ཀྱང་ཉིན་རེ་ཟུང་གི་རྗེས་ནས་ཡོད་རྒྱུ་རེད་འདོད་སོང་།

དེའི་དགོང་མོ་མི་ཚང་མར་ཉིང་སྐྱུར་བརྟག་དཔྱད་དགོས་པའི་བརྡ་འབྱོར་བ་དང་སློབ་གྲོགས་(ANNA)ངེད་གཉིས་ཀྱང་ཉིང་སྐྱུར་བརྟག་དཔྱད་ས་ཚུགས་སུ་སོང་། མི་མང་དྲག་པས་ཕྲེང་སྒྲིག་ས་ཙམ་ཡང་མ་ལོན་པས་རང་ཤག་ཏུ་ལོག  དུས་ཚོད་འགའི་རྗེས་ནས་ཡང་བསྐྱར་སོང་བ་ཡིན། མཐར་མཚན་དཀྱིལ་དུས་ཚོད་གསུམ་པའི་ཐོག་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་ཐུབ་སོང་། དེ་ནས་བཟུང་གཞུང་ལམ་ཐོག་ལ་གོས་དཀར་གྱོན་པའི་སྨན་པ་དང་སྤྱི་བདེ་མི་སྣ། མྱུར་སྐྱོབ་རླངས་འཁོར་དང་ཉེན་རྟོག་པའི་རླངས་འཁོར་གྱི་ཉེན་བརྡ་ལས་གཞན་པ་ལྷིང་འཇགས་སུ་གནས།  དེ་ནས་ངས་གློག་བརྙན་རྐྱང་རྐྱང་ལ་བལྟས་ནས་བསྡད་པ་ཡིན། འདི་ལྟར་དམིགས་ཡུལ་མེད་པར་ཡུན་རིང་པོ་འགོར་རྗེས་ལྷ་སའི་སྲང་ལམ་ཆེ་ཆུང་ཚང་མ་ནས་བཀག་སྡོམ་གྱི་ཤུགས་ཇེ་ཆེར་སོང་སྟེ་སྒོ་ཕྱི་ནང་དུ་འགྲོ་འོང་བྱེད་མ་ཆོག་པས། མཚན་མོ་ཞིག་ལ་ང་རང་བྲེལ་འཚུབ་ངང་ཚོང་ཁང་དུ་རྒྱུགས་པ་ཡིན། རེད་དེ་སྐབས་དེར་ཉེ་འགྲམ་ཀྱི་ཚོང་ཁང་གི་བཟའ་བཅའ་རིགས་ཚང་མ་བཙོང་ཚར་ནས་སྟབས་བདེ་ཐུག་པ་ཞིག་ལོན་དགོས་ན་ཉིན་མོ་སྐར་མ་ལས་ཀྱང་བཀོན་པ་ཆགས་འདུག་པ་མ་ཚད་མཚན་མོའི་མུན་ནག་གི་ཁྲོད་དུའང་མྱུར་སྐྱོབ་རླངས་འཁོར་དང་སྤྱི་བདེའི་རླངས་འཁོར་གྱི་ཉེན་བརྡའི་སྒྲ་ཆད་མེད་གྲགས་པ་ཡང་རྣ་བར་སུན་པ་ཞིག་རེད། རྒྱུས་མེད་འཚོ་བ་དེ་ནི་དངོས་གནས་འཇིགས་ཡེར་བ་ཞིག་ཅི་ལ་མིན།

དེ་ནས་ཉི་མ་འགའ་འགོར་རྗེས་དེ་སྔོན་སློབ་གྲོགས་ཤིག་གིས་བྱིན་པའི་རྩམ་པ་ཅུང་ཙམ་དེ་ཡང་ཚར་ནས་ཉི་མ་གཉིས་ལ་ཆུ་རྐྱང་ལ་བསྟེན་ནས་བསྡད་པ་ཡིན། ངས་སྐད་འཕྲིན་ནང་ནས་ཡར་མར་མང་པོ་ཞིག་ལ་ཟ་མ་རེ་སྐྱེལ་མཁན་ཨེ་ཡོད་བལྟས་ཀྱང་ཅི་ཡང་མ་ཐོབ། ངའི་ཉེ་འགྲམ་ལ་བསྡད་ཡོད་པའི་ལྷ་སའི་སློབ་ཆུང་དགེན་རྒན་དེས་ང་ལ་རྒྱ་མོ་ཞིག་གི་ཨ་གྲངས་སྤྲད་ནས་དེའི་ལག་ནས་ཟ་རྒྱུ་ཉོ་ཐུབ་ཀྱིན་འདུག་ཟེར། ང་རང་གསོན་འདོད་ཀྱི་རེ་བ་ཆེན་པོ་བཅང་ནས་རྒྱ་མོ་དེ་ལ་ཁ་པར་ཐེངས་མ་ལྔ་ལ་བརྒྱབ་པ་ཡིན། མཐར་མོས་ཀྱང་ཁ་པར་སྣེ་ལེན་བྱས་སོང་། ངས་མོ་ལ་ཁྱོད་ཀྱི་ཚོང་ཁང་དུ་བཟའ་བཅའ་རེ་ཡོད་ན་ང་ལ་བཙོང་རོགས། ངས་ཟ་མ་མ་ཟོས་ནས་ཉི་མ་གཉིས་ཙམ་ཡིན་ཞེས་བཤད་པས་རྒྱ་མོ་དེས་སྐད་འཕྲིན་འབྲེལ་ཤོག་ཟེར། ངས་མོས་བཤད་པ་ལྟར་སྐད་འཕྲིན་འབྲེལ་རྗེས། སྐད་འཕྲིན་ནང་ནས་གཟུགས་མཐོང་ཐེངས་མ་ཉེ་ཤུར་ཙམ་བརྒྱབ་པས་མཐར་མཚན་མོའི་དུས་ཚོད་གཉིས་པའི་ཐོག་ནས་ཟ་མ་རེ་ཉོ་རྒྱུ་ལོན་སོང་། ཡིན་ན་ཡང་ང་རང་རེ་ཐག་ཆད་པའི་བུད་མེད་ཅིག་གི་ཚུགས་ཀ་དེ་སུ་ལ་ཡང་སྟོན་འདོད་མེད་ཀྱང་། སྔར་བཞིན་གསོན་པའི་རེ་བ་སེམས་ལ་བཟུང་ནས་ཟ་ཤེས་བསྲི་ཤེས་ཀྱི་འཚོ་བ་རོལ་ནས་བསྡད། 

རིམ་གྱིས་ཟླ་དགུ་པ་ཚེས་སོང་། ཕལ་ཆེར་ལྷ་སའི་སྟོན་ཀའི་རྣམ་པ་དེ་སུས་ཀྱང་མཐོང་ན་མི་འདོད་པའི་ཁུ་སིམ་ཞིག་ཡིན་པ་གསལ་བོར་ཤེས། ལོ་ཟླ་འདི་དག་ངའི་སེམས་སུ་ཤར་བ་ལྟར་བདེ་སྐྱིད་ཀྱིས་ཡོངས་སུ་ཁེངས་པ་ཞིག་མིན་སྟེ།  དེའི་ཁྲོད་དུ་ད་དུང་འཇིགས་སྣང་དང་དཀའ་སྡུག་ཐ་ཤལ་སྡང་སེམས་ཀྱིས་ཁེངས་བའི་རྣམ་པ་ཧ་ཅང་མང་། ངའི་འཚོ་བ་དཀའ་སྡུག་གིས་མནན་ཡོད་ན་ཡང་།  རང་གི་ཕ་མ་གཉིས་ལ་དཀའ་སྡུག་གི་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད། ཐག་རིང་ཞིག་ནས་ཁོང་ཚོས་སེམས་ཁྲལ་བྱེད་པའི་ཚོར་སྣང་དེ་མཐོང་དུས་ངས་རང་གི་དཀའ་སྡུག་ཁོ་ཚོར་ཤེས་སུ་མ་བཅུག 

དེ་ནས་རིམ་བཞིན་ངའི་སློབ་གྲོགས་མང་པོ་ཞིག་ལ་ནད་རྟགས་ཐོན་ནས་སྨན་ཁང་ནང་དུ་དྲུད་སོང་ཟེར། ཁོ་ཚོ་སྨན་ཁང་ནང་ནས་ཟ་རྒྱུ་མ་ལོན་པར་འཕྲོག་བཅོམ་བྱས་ཚུགས་སོགས་ང་ལ་མང་པོ་ཞིག་བཤད་སོང་། དེ་ནས་གཅིག་རྗེས་གཉིས་མཐུད་ངང་ཉིན་དེ་ཚོ་ལ་མི་མང་པོ་སྨན་ཁང་ནང་དུ་ཁྲིད་མགོ་བརྩམས་སོང་། སྐབས་ཐོག་དེར་ང་ཡོད་སའི་རུ་སྐོར་ནང་ལ་ནད་པ་མི་འདུག ཉིན་ཞིག་ལ་ངའི་མགོ་བོ་འཐོམས་ཤིང་ཉོབ་པ་དང་རྐང་ལག་བཞི་བོ། ཡང་ན་ཟུག་ལང་གི་འདུག ཐེངས་རེར་ལུས་ཡོངས་ལ་ཚ་བ་རྒྱས་ནས་ཆམ་པ་ཞིག་ཕོག་ཡོད་པའི་ཚོར་བ་ཕྱིན་སོང་། ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་ཉིང་སྐྱུར་བརྟག་དཔྱད་བྱས་པ་ཡིན། མཚན་མོ་དེར་ང་རང་ལུས་ཡོངས་ལ་ན་ཟུག་གིས་ཁེངས་ཤིང་མཚན་གང་བོར་གཉིད་རྒྱུ་ཞིག་གཏན་ནས་མ་བྱུང་། ཚེས་བཅུ་བཞིའི་ཉིན་གྱི་ཞོགས་པ་དུས་ཚོད་དྲུག་པའི་ཐོག་ནས་ཁང་བདག་མལ་ལས་ལངས་པའི་སྒྲ་ཐོས་སོང་། ངས་གློ་བུར་དུ་ཁ་པར་ལ་བལྟས་པས་མཐོང་ན་འཇིགས་པའི་གདགས་གཤིས་ཞེས་པའི་ནད་རྟགས་དམར་པོ་དེ་ཐོན་འདུག ང་རང་མལ་ལས་ལངས་ནས་སྒོ་རུ་འགྲོ་འདོད་ཀྱི་འདུན་པ་ཆེ་ཡང་རང་གི་རྐང་པའི་ཐོག་ལ་ལངས་མི་ཐུབ་པའི་ཚོར་སྣང་ཞིག་འདུག དེ་ནས་ང་རང་མལ་ཁྲིའི་སྟེང་དུ་བསྡད་པས་ཨ་མས་ཁ་པར་སླེབ་སོང་། མ་ལགས་ཀྱིས་བུ་མོ་ཁྱེད་ན་གི་མེད་དམ་ཟེར་ནས་བརྩེ་བའི་འཛུམ་གྱིས་ཁེངས་པའི་སྐད་ངག་དེས་ང་རང་གི་མིག་ཀོང་དུ་འཁྱིལ་བའི་མཆི་མ་འགོད་ཐབས་མེད་པར་མཁུར་ཚོས་སུ་འགྲིལ། ང་རང་མྱུར་སྟབས་ཀྱིས་ཡུམ་ཆེན་ལགས་ང་སྐྱོན་མེད་ཅེས་བཤད་པ་ཡིན། རང་ཉིད་ངུ་བའི་རྣམ་པ་དེ་མ་ལགས་ཀྱིས་མཐོང་དུ་འཇུག་གཏན་ནས་མ་བསམ།  རྒྱུ་མཚན། ཁོང་ཚོས་སེམས་ཁྲལ་བྱེད་པར་དོགས་ནས་ངས་ཁ་གཡར་ས་གཞན་པ་བཙལ་ཡང་། ངའི་སྐད་གདངས་ལས་ཨ་མས་ང་རང་ན་ཡོད་པ་ཤེས་འདུག དེ་ནས་ང་རང་ན་ཡོད་པའི་གནས་ཚུལ་མ་བཤད་པར་ཁ་པར་གྱི་སྐུད་ལམ་བཅད་པ་ཡིན། 

ཅུང་ཙམ་ནས་ངས་ཁ་པར་གཅིག་བལྟས་པས། ཨ་ཕས་སྐད་འཕྲིན་ནང་ནས་ཁྱེད་རང་ན་འདུག་གམ་ཞེས་སེམས་ཁྲལ་ཆེན་པོའི་ངང་སྐད་ཆ་དྲིས་འདུག ང་རང་ཡང་ས་མཐའ་ནས་བློ་ཉེ་ས་ཅི་ཡང་མེད་པས་དོན་དག་དེ་གསང་མ་གསང་མི་འདུག་འདོད་ནས་ཨ་ཕ་ལ་ནད་རྟགས་ཐོན་ཚུལ་ཆ་ཚང་བཤད་པ་ཡིན། ནད་རྟགས་དེ་ཐོན་པས་སེམས་མི་བདེ་བའི་ཚོར་སྣང་མང་པོ་ཞིག་བྱུང་ན་ཡང་རང་ཉིད་གསོན་པའི་ཡིད་ཆེས་བརྟན་པོ་འདུག ཁང་བདག་མ་དེ་ལ་ནད་རྟགས་ཐོན་པའི་གནས་ཚུལ་བཤད་པས་ར་བསྐོར་དེའི་ནང་དུ་ད་དུང་ནད་པ་གསུམ་འདུག དོ་ནུབ་མཚན་མོར་ཁྱེད་ཚོ་སྨན་ཁང་ནང་དུ་ཁྲིད་འགྲོ་གི་རེད་ཟེར།  སྐབས་དེར་ངས་ད་སྐབས་ཀྱི་སྨན་ཁང་དེ་དབུལ་བོ་ལྟ་བུ་ཞིག་ཡིན་པས་ང་རང་དེ་དྲུད་མ་སོང་ན་བསམ། ནད་རྟགས་ཐོན་རྗེས་ཁང་བདག་གི་ངོ་མདོག་འགྱུར་ནས་ནམ་རྒྱུན་ལྟར་མ་ཡིན་ལ་ང་ཚོ་ཉི་མའི་འོད་ཐིགས་ཤིག་མཐོང་འདོན་ན་ཡང་ཕལ་ཆེར་ཉིན་མོ་སྐར་མ་ལྟར་རེད། ཉིན་བཞིའི་རིང་ལ་སྨན་པ་སོགས་སྐྱབས་དང་སྐྱོར་མཁན་གྱི་མིང་ཙམ་ཡང་མཐོང་ཐོས་མ་བྱུང་། ད་དུང་གསང་སྤྱོད་ཁང་དུ་འགྲོ་དུས་ཁོང་ཚོས་སྒོ་དང་སྒེའུ་ཁུང་རྒྱབ་ནས། ཁ་རས་གྱོན་ཏེ་དུག་སེལ་སྤོས་མཆོད་སོགས་བྱས་ཚེ་ངེད་ཅག་ལ་ཟུར་ཟ་དང་མཐོང་ཆུང་བྱས་པའི་ཚོར་སྣང་སྐྱོ་མོ་ཞིག་ཀྱང་འགོག་མེད་དུ་སྐྱེས་སོང་། ཡིན་ན་ཡང་དགའ་འོས་པ་ཞིག་ལ་ཉིན་གཉིས་པ་ནས་བཟུང་ནད་གཞི་ཅུང་ཇེ་ཡང་དུ་སོང་། 

ནད་རྟགས་ཐོན་ནས་ཉིན་བཞི་བའི་ཕྱི་དྲོར་གཞུང་ཕྱོགས་ཀྱིས་བརྡ་འབྱོར་བ་ལྟར་དུས་ཚོད་བདུན་པའི་ཐོག་ནས་སྨན་ཁང་ནང་དུ་འགྲོ་ས་དེར་སོང་བ་ཡིན། ས་དེར་ནད་དུག་ཅན་གྱི་མི་ཕལ་ཆེར་སྟོང་ཚོ་གཅིག་ལྷག་ཙམ་ཡོད་པ་འདྲ། སྨན་པ་ཚོས་བཤད་ན་དང་པོ་ཐོ་འགོད་བྱས་ནས། དེའི་རྗེས་རླངས་འཁོར་ནང་དུ་འདུག་དགོས་ཟེར།  ང་ལ་རོགས་པ་ཅི་ཡང་མེད་པས་ཆ་རྒྱུས་མེད་པའི་མི་ཚོགས་ཟང་ངེ་ཟིང་ངེ་དེས་བར་དུ་ལངས་ནས་ཡུན་རིང་འགོར་རྗེས་མིང་ཐོ་ཞིག་འགོད་ཐུབ་སོང་།  ང་རང་སྨན་ཁང་དེའི་ནང་དུ་འགྲོ་འདོད་མེད་ན་ཡང་འུ་ཐུག་ཐབས་ཟད་ནས་འགྲོ་དགོས་བྱུང་སོང་།  མི་ཚོགས་ཀྱི་ཁྲོད་དུ་རླངས་འཁོར་གང་ཡིན་བཙལ་བའི་སྐབས་སུ་ཆབ་མདོ་ནས་ཡིན་པའི་བུ་མོ་ཞིག་དང་འཕྲད་སོང་། མོ་རང་ངོ་འཛུམ་གྱིས་ཁེངས་ནས་མྱུར་དུ་ངའི་མདུན་དུ་ཡོང་ནས་ཁྱེད་ལ་རོགས་པ་མེད་དམ་ཞེས་དྲིས་སོང་། ངས་ཀྱང་ང་ལ་རོགས་པ་མེད་ལབ་པ་ཡིན། དེ་ནས་ངེད་གཉིས་མཉམ་དུ་སྨན་ཁང་དུ་འགྲོ་ཟེར་ནས་ང་ལ་རོགས་པ་ཞིག་ཡོད་པས་སེམས་ཁམས་སྐྱིད་པོ་ཞིག་བྱུང་སོང་།  ང་མོ་ལ་ཆ་རྒྱུས་ཅི་ཡང་མེད་ན་ཡང་ང་ཚོ་རིགས་གཅིག་པའི་བུད་མེད་ཡིན་པས་སེམས་ནས་ང་རང་མོ་ལ་ཆ་རྒྱུས་ཡོད་པའི་སྣང་བ་སྐྱེས་སོང་། ངེད་གཉིས་མཉམ་དུ་ཁ་བརྡ་མང་པོ་བྱས་པས་མོ་རང་སློབ་ཆེན་སློབ་མ་ཞིག་རེད་འདུག ད་དུང་མོ་ནི་བོད་ཡིག་ལ་དགའ་མཁན་ཞིག་ཀྱང་རེད་འདུག མོའི་རོགས་པ་མང་པོ་སྨན་ཁང་ནང་དྲུད་སོང་བ་དེ་ཚོར་ཡང་ཟ་རྒྱུ་མེད་པའི་དཀའ་ལས་མང་པོ་ཞིག་འཕྲད་སོང་ཟེར།  

ནམ་དགུང་དུས་ཚོད་གསུམ་པའི་ཐོག་ནས་སྨན་ཁང་ནང་དུ་འབྱོར། ངེད་གཉིས་ལ་ཡང་ཟ་རྒྱུ་མི་ལོན་པའི་སྡུག་བསྔལ་མང་པོ་མྱོང་རྒྱུ་རེད་ཅེས་བཤད་པ་ཡིན། སྐབས་དེར་ང་རང་ནད་ཀྱི་མནར་བའི་ཚོར་བ་ཞིག་གཏན་ནས་མི་འདུག  ངའི་སེམས་སུ་ནད་འདི་འཛམ་གླིང་ཡོངས་འཇིགས་ཤིང་སྐྲག་པའི་ནད་ངན་དེ་མིན་པ་ཐག་ཆོད། ང་མ་ཡིན་པའི་གཞན་པ་རྒན་ཁོག་ལོ་དགུ་བཅུ་ཅན་དང་བྱིས་པ་ཟླ་གཉིས་གསུམ་ཅན་ཡང་ཧ་ཅང་མང་བས། ཕར་བལྟས་ན་ཁོང་ཚོ་ནད་ན་ཡོད་པའི་ཚོར་སྣང་ཞིག་གཏན་ནས་མི་འདུག སྟབས་ལེགས་པ་ཞིག་ལ་ང་ཚོ་ནད་སྡོད་བྱེད་སའི་སྨན་ཁང་དེ་གསར་དུ་འཛུགས་བསྐྲུན་བྱས་པའི་སྨན་ཁང་ཞིག་ཡིན་པས།  སྨན་ཁང་ནང་དུ་མི་གྲངས་ཧ་ཅང་མང་ན་ཡང་། འཚོ་བའི་ཐད་ནས་དཀའ་ལས་ཅི་ཡང་མ་བྱུང་།  མི་མང་ཆེ་ཤོས་བོད་རིགས་ཡིན་པས་ཕན་ཚུལ་ལ་རོགས་རམ་བྱེད་པ་དང་། ཞོགས་པ་སྔ་མོར་ལངས་ནས་ཕྱག་འཚལ་མཁན་དང་འདོན་པ་འདོན་མཁན་སོགས་ཧ་ཅང་མང་། ཆེས་ཕུལ་དུ་བྱུང་བའི་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་དེ་ནི་ཆེས་ཕུལ་དུ་བྱུང་བ་ཞིག་རེད་འདུག་བསམ་བྱུང་། 

ང་རང་ཏནགཏན་ནད་ཁང་དེའི་ནང་དུ་ཉིན་བཅུ་གཉིས་ལ་བསྡད་པ་ཡིན། ཉིན་བཅུ་གཉིས་ཀྱི་རིང་དུ་ཁང་པ་དེའི་ནང་དུ་འཁུན་སྒྲ་དང་དགོད་སྒྲ། བྱིས་པ་དག་གིས་རྩེད་མོ་རྩེ་བའི་སྒྲ་སོགས་ཀྱིས་ཁེངས། 

ཉིན་མ་ལྔ་འགོར་རྗེས་ངའི་རོགས་པ་དེ་ཉིང་སྐྱུར་འཇུག་འབྲས་སྲུབ་གཤིས་ཆགས་ནས་སྨན་ཁང་ནང་ནས་འབུད་ཆོག་པའི་ཡི་གེ་འབྱོར།  ང་རང་ལྷ་ས་ནས་བློ་ཉེ་ཡི་གྲོགས་པོ་ཞིག་གཏན་ནས་མེད།  ནམ་རྒྱུན་སློབ་གྲྭ་འཚོགས་སྐབས་འགྲོ་རོགས་འདུག་རོགས་ཅི་ཡང་མེད་པས། ང་རང་ཁེར་རྐྱང་ལ་གོམས་པ་ཞིག་ཡིན།  ནད་ཁང་འདིའི་ནང་དུ་ང་ལ་ཡང་རོགས་པ་མོ་མ་གཏོགས་མེད་པས་ངས་མོ་རང་མ་སོང་ན་བསམ། ངས་བསམ་བློ་ཅི་ཡང་མ་བཏང་བར་ཐད་ཀར་ཁྱེད་མ་སོང་ན་ཆོག་གམ་ཞེས་བཤད་པ་ཡིན། མོ་ནི་ཁ་ཡང་ཚེགས་ཡང་ཅན་ཞིག་དང་སྤྲོ་སེམས་ལ་དགའ་བའི་མི་གཤིས་གཉིས་ལྡན་གྱི་གཞོན་ནུ་མ་ཞིག་ཡིན་པས་མོས་ཀྱང་ང་རང་གཅིག་པུ་ནད་ཁང་དེའི་ནང་དུ་སྐྱུར་འདོད་མེད་པས་ངེད་གཉིས་ཀྱིས་ཐབས་ཤེས་བཙལ་ནས་སྨན་པ་ལ་རྫུན་བཤད་དེ་མོ་གནས་སྐབས་སྨན་ཁང་ནང་ནས་འགྲོ་མི་དགོས་པའི་ཐབས་རྙེད།

 དེ་ནས་ཉིན་རེ་ཟུང་གི་རྗེས་ནས་ངའི་ཉིང་སྐྱུར་འཇུག་འབྲས་སྲུབ་གཤིས་སུ་གྱུར་ནས་ངེད་གཉིས་མཉམ་དུ་སྨན་ཁང་ནས་ཕྱིར་སྡོད་ཁང་ནང་དུ་ལོག་འགོ་བརྩམས་པ་དང་། ཕྱི་དྲོ་དུས་ཚོད་གསུམ་པའི་ཐོག་ནས་རླངས་འཁོར་འབྱོར་སོང་། ངེད་གཉིས་དང་མཉམ་དུ་སྨན་ཁང་ནས་སྒོར་འབུད་མཁན་མི་གྲངས་ཧ་ཅང་མང་། ཡིན་ན་ཡང་དེ་དག་ཡོད་ཚད་རྒྱུན་ལྡན་རེད་འདུག ཁོང་ཚོར་ནད་ན་ཡོད་པའི་ཚོར་སྣང་ཞིག་གཏན་ནས་མི་འདུག དེའི་རྗེས་དངོས་སུ་ལམ་ལ་ཆས།  རླངས་འཁོར་གྱི་བཞུར་རྒྱུན་ལས་ངས་ཕོ་བྲང་པོ་ཏ་ལ་མཇལ་སོང་།  ལྷ་སའི་སྲང་ལམ་ནི་ཧ་ཅང་ལྷིང་འཇགས་ཤིག་རེད། ང་ནི་ངོ་མཚར་ཆེ་བའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་ཀུན་ནས་མཚུངས། ངས་སྒེའུ་ཁུང་ནང་ནས་མཐོང་བའི་ལྷ་ས་དེ་འདས་ཟིན་པའི་ལོ་རྒྱུས་མང་པོ་ཞིག་མཚམས་མ་ཆད་པར་ཀློག་ན་ཡང་ཁུ་སིམ་གྱི་ལྷ་ས་སུས་ཀྱང་མཐོང་མྱོང་མེད་པ་འདྲ། སྐད་ཆ་བཤད་མི་ཐུབ་པར་ལྷ་སའི་རྣམ་པར་གཡེང་ནས་འགོར་རྗེས། སྡོད་ཁང་གི་ཉེ་འགྲམ་ལ་སླེབས་ནས་ཚང་མ་རང་རང་གི་ཁྱིམ་ལ་ལོག་ཀྱིན་འདུག དེ་ནས་ངེད་གཉིས་ཀྱང་བདེ་ལེགས་ངང་སྡོད་ཁང་ནང་དུ་ལོག་པ་ཡིན།


༢༠༢༢/༩/༢༧


No comments:

Post a Comment

Adbox