ཧོར་ཞེས་བྱ་བའི་ཐ་སྙད་ལ་དཔྱད་པ།
དེ་ཡང་འདིར་གླེང་བར་བྱ་བ་ནི་བོད་གངས་ཅན་པའི་བརྡ་ལ་ཧོར་ཞེས་པའི་ཐ་སྙད་འདི་མང་དུ་འབྱུང་སྟེ། སྤྱིར་ཧོར་བྱ་བ་འདི་ཐོག་མར་རང་རེ་བོད་མི་རྣམས་ཀྱིས་བྱང་ཕྱོགས་སུ་གནས་པའི་གནའ་བོའི་མི་རིགས་ཁག་གི་སྤྱི་མིང་དུ་འབོད་ཅིང་། ཕྱིས་སུ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དུ་མིང་འདི་ཉིད་ཀྱི་གོ་དོན་དང་ངོས་འཛིན་ཡང་མི་གཅིག་པ་འགའ་རེ་བྱུང་བ་འདི་ལྟར།
གཅིག ཧོར་ཞེས་སྤྱི་མིང་དུ་འབོད་སྐབས་གནའ་བོའི་གྲུ་གུ་དང་ནེ་སྨེལ་ལ་སོགས་པའི་སྡེ་སོ་སོ་སྟེ། དེང་སང་གི་ཤིན་ཅང་གི་མི་རིགས་སྐོར་ཞིག་གི་ཡང་མེས་རྣམས་ལ་གོ་དགོས། མིང་དེ་ཡང་སྔོན་ཆད་རྒྱ་ཡིག་ཏུ་ཧུའུ་(胡)ཞེས་སྒྲའི་ཟུར་ཐོན་ཙམ་བྲིས་ཡོད་པ་དེ་ལགས།
གཉིས། བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ་ཏུན་ཧོང་གི་ཡིག་རྙིང་ནང་དུ་བཀོད་པའི་བྱང་ཕྱོགས་ན་རྒྱལ་པོ་དུ་བཞུགས་པའི་རྗེ་རབས་ཞེས་པ་ལས། ཧོར་གྱི་རྒྱལ་པོ་དང་དེའི་གནས་ཚུལ་སོགས་སྐབས་དེའི་བྱུང་བ་བརྗོད་པའི་ཧོར་བྱ་བ་དེ་གཙོ་བོ་གྲུ་གུའི་རིགས་ཀྱི་ནང་ཚན། རྒྱ་སྐད་དུ་ཧུའེ་ཧོ་(回纥)ཞེས་པ་དེང་སང་གི་ཡུ་གུར་རིགས་ཀྱི་ཐད་འབྲེལ་ཡང་མེས་དེ་ཡིན་ལ། མིང་འདི་ཡང་སྒྲའི་སྐད་དེ་ཉིད་ལ་འབྲེལ་བ་ཡོད་པར་སྙམ། གང་ལྟར་སྐབས་འདིའི་ཧོར་ཞེས་པའི་གོ་དོན་འདི་ཉིད་ལ་ངོས་འཛིན་དགོས་པར་སྣང་ངོ་།།
གསུམ། བོད་ཀྱི་རྒྱལ་རབས་དེབ་ཐེར་རྣམས་སུ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ལ་བློན་པོ་མགར་སྟོང་བཙན་རྒྱ་ཡུལ་དུ་རྒྱ་བཟའ་ཀོང་ཇོ་སློང་བའི་གཉེ་བོར་ཆས་དུས་སུ། ཕྱོགས་བཞིའི་རྒྱལ་ཁབ་ཀྱི་ཕོ་ཉ་ཡང་སླེབས་ཡོད་པའི་གྲས་ན་བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་ཞེས་པའི་ཧོར་བྱ་བ་དེ། གནའ་བོར་བོད་ཀྱིས་འ་ཞར་འབོད་པ་རྒྱ་སྐད་དུ་ཐུའུ་ཡུས་ཧུན་(吐谷浑)ཞེས་གྲགས་པའི་རིགས་འདི་ཡིན་ཏེ། དེའི་གནས་ཚུལ་སྐོར་ཏུན་ཧོང་ཡིག་ཆ་དང་རྒྱའི་<<ཐང་ཡིག་>>གསར་རྙིང་བཅས་སུ་ཞིབ་པར་འབྱུང་ལ། ཕྱིས་མི་རིགས་འདི་གྱེས་ཏེ་མང་ཆེ་བ་རྒྱ་བོད་གཉིས་ཀྱི་རིགས་སུ་འདྲེས་ཤིང་ཤུལ་དུ་ལྷག་ལུས་སུ་གནས་པ་དེང་སང་གི་ཧོར་རིགས་བྱ་བ་འདི་ཡིན་ཞིང་། ད་བར་དུ་བོད་མི་རྣམས་ཀྱིས་ཧོར་དང་ཧོར་སེར་ཞེས་མིང་རྒྱུན་འབྱམས་སུ་འབོད་པ་འདིའོ།།
བཞི། ཕྱིས་ཀྱི་ལོ་རྒྱུས་ལྔ་པ་ཆེན་མོའི་དེབ་ཐེར་སོགས་སུ་འབྱུང་བའི་ཧོར་དང་ཧོར་གྱི་ལུང་ཞེས་པ་སོགས་ཀྱི་གོ་དོན་ནི་དེང་གི་སོག་པོ་རིགས་འདི་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ཏེ། དེ་ནི་ཡོན་རྒྱལ་རབས་ཀྱི་དུས་ལ་སོག་པོའི་རྟ་དམག་ཐོག་མར་བོད་ལ་ཡོང་བ་ནས་བཟུང་བའི་བྱུང་བ་རྣམས་བཀོད་པའི་ཡི་གེ་རྣམས་སུ་འབྱུང་བ་དག་ཡིན་ལ། དེ་ཡང་བྱང་ཕྱོགས་ནས་འོངས་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་མིང་ཐོགས་པར་མངོན།
ལྔ། བོད་ཀྱི་དམངས་ཁྲོད་རྩོམ་རིག་<<གླིང་གེ་སར་རྒྱལ་པོའི་སྒྲུང་>>ནང་དུ་ཡང་<<ཧོར་གླིང་གཡུལ་འགྱེད་>>ཅེས་པའི་ཧོར་བྱ་བ་དེ། དེང་སང་གི་མཁས་པ་ཕལ་ཆེར་གྱིས་ལོ་རྒྱུས་ཀྱི་ནང་དོན་ལྡན་པའི་སྙན་རྩོམ་(史诗)ཡིན་ཕྱིར། གནའ་བོའི་དུས་སུ་བོད་དང་འ་ཞ་གཉིས་མང་དུ་འཐབ་པ་སོགས་ནི་ཏུན་ཧོང་ཡི་གེར་ཡང་ཡང་འབྱུང་བ་ལྟར། སྐབས་①དེའི་བྱུང་བ་རྣམས་དམངས་ཁྲོད་དུ་ངག་ཐོག་ནས་རྩོམ་རིག་གི་རྣམ་པས་བཀོད་དེ་ལུས་པ་ཕྱིས་སུ་ཁྱབ་པ་ལགས་སོ། །གོང་གི་འདི་རྣམས་ནི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དུ་བྱུང་བའི་ཐ་སྙད་ངོས་འཛིན་མི་གཅིག་པ་རྣམས་ཡིན།
དྲུག གོ་དོན་གཞན་པ་བོད་ཀྱི་ཡིག་ཆ་རྣམས་སུ་ཧོར་བྱ་བའི་རུས་ཤིག་ཀྱང་འབྱུང་སྟེ། འདི་ནི་རྒྱལ་དབང་ལྔ་པའི་དེབ་ཐེར་ལྟར་ན་ཧོར་གཞོན་ནུ་བཟང་པོ་ལྟ་བུ་སོགས་ཀྱི་ཧོར་ནི་ཟ་ཧོར་གྱི་རིགས་ལས་བྱུང་བར་གསུངས་ཤིང་། ཡང་ཕྱིས་ཧོར་ཇིང་གར་(སོག་པོ)རྒྱལ་པོའི་དམག་གི་རྒྱུད་པ་བོད་ནག་འདམ་སོགས་སུ་ལུས་པའི་རིགས་ལས་ཆད་པ་ཡང་ཧོར་པ་ཞེས་འབོད་པའང་དེང་དུས་བར་དུ་མིང་ངོས་འཛིན་རྒྱུ་ཡོད་པར་བཤད། དེ་མིན་གཞན་འབྲོག་པའི་དོན་ལ་འཇུག་པ་དང་། ཡང་ན་ཧོར་གོད་ཧོར་སྤྱི་ལྟ་བུ་སོགས་ཡང་སོག་པོ་དང་འབྲེལ་བའི་ཐ་སྙད་ཡིན་ཞིང་། ཡང་དག་ཡིག་ལ་ལར་ཏུ་རུ་ཁ་(土耳其)ལ་ངོས་འཛིན་པ་ཡང་ཡོད་ཀྱང་དེ་དག་རྒྱུ་མཚན་དང་པོའི་ཁོངས་སུ་འདུས་སྙམ་མོ།།
ཟུར་མཆན། དཔྱད་རྩོམ་འདི་ཐོག་མར་༡༩༨༦ལོར་<<མཚོ་སྔོན་སྐད་ཡིག་>>ཅེས་པའི་དུས་དེབ་ཨང་བཞི་པའི་ཐོག་བཀོད་ཡོད་ཅིང་། ཕྱིས་སུ་༢༠༡༦ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་<<རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་>>ཞེས་པའི་ཤོག་ངོས་༤༥༩ནས་༤༦༡བར་གསལ།
①སྐབས་དེར་ཁོ་བོས་ཧོར་ཞེས་པ་འ་ཞར་གོ་བ་བླངས་ནས་བྲིས་ཀྱང་། དེང་སང་ཡིག་ཚང་རྣམས་སུ་བལྟས་ཚེ་འ་ཞ་མ་ཡིན་པར་ཧོར་སེར་ཡིན་པ་ཤེས། འ་ཞའི་སྐོར་གོང་དུ་སོང་ཟིན་པ་ལྟར་རོ།།
རྒྱལ་མོ་འབྲུག་པ། སྤྱི་ལོ་༡༩༥༧ ལོའི་ཟླ་༦ པར་མདོ་སྨད་བསང་ཆུ་རྫོང་རྒྱལ་མོ་དགོན་ཞང་(དེང་སང་གི་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱི་ཁོངས་)དུ་འཁྲུངས། ད་ལྟ་ཁོང་གིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། རྩོམ་ཞུས་པ་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་དམིགས་བསལ་གསབ་ཕོགས་ཐོབ་པའི་ཆེད་མཁས་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་ཀྱི་ལས་འཛིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་འདེམ་དབང་ཡོད་པའི་ཁོངས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དཔྱད་རྩོམ། <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>>དང་། <<རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་>> སོགས་འདུག
No comments:
Post a Comment