རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ I འོས་སྦྱོར།


རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ

ལྷ་ས་སྐྱིད་ཆུའི་ལྷོ་ངོས་ར་མ་སྒང་དུ་མཆིས་པའི་རྒྱལ་སྡེ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་པའི་སྐོར་ཅུང་ཞིབ་ཏུ་བྲིས་ཡོད་པའི་ལོ་རྒྱུས་དང་ཆོས་འབྱུང་གི་གསུང་རྩོམ་ད་སྔ་མཐོང་མ་ཐུབ་པས། ནམ་ཞིག་གི་ཚེ་རྨང་བཏིངས་པ་དང་དུས་ཡུན་ཅི་ཙམ་འགོར་ཏེ་གྲུབ་པ་སོགས་ལོ་ཚིགས་ཡང་དག་པ་ཞིག་གཏན་ལ་འབེབས་པར་དཔྱད་གཞིའི་ཡིག་རིགས་ཀྱིས་སྟོངས་པ་རེད། དེར་བརྟེན་འདིར་དཀར་ཆུང་ལྷ་ཁང་གི་རྡོ་རིང་བསླངས་པ་དང་གཙིགས་ཀྱི་ཡི་གེ་བཀོད་པའི་ལོ་ཚིགས་ཀྱང་གཏན་འཁེལ་བགྱིད་མི་ཐུབ་པར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་(༧༩༨ - ༨༡༥)ལ་ཞེས་མི་བརྗོད་ག་མེད་བྱུང་། དེར་མ་ཟད་སྐར་ཆུང་ལྷ་ཁང་དུ་བཙུགས་པའི་རྡོ་རིང་ཡང་ཆག་སོང་བས་དེང་མཇལ་དུ་མེད་དོ།།

དེ་ཡང་རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་དུ་བཀོད་པའི་གཙིགས་ཀྱི་ཡི་གེ་དང་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་སོགས་གཞིར་བྱས་ཏེ་བརྗོད་ན། སྤྱིར་ཁྲི་ལྡེ་སྲོང་བཙན་གྱི་མཛད་པའང་མེས་བཙན་པོ་རིམ་བྱིན་རྣམས་དང་མཚུངས་པར། སངས་རྒྱས་ཀྱི་ཆོས་ལུགས་ཁ་བ་ཅན་གྱི་ཡུལ་དུ་སྤེལ་བ་དང་སྤུ་རྒྱལ་བློན་འབངས་ཡོངས་ཀྱི་བློ་ཁ་ཆོས་ལ་བསྒྱུར་བའི་ཐད་དུ་ཐུགས་དགོངས་བརྟན་པོས་འབད་པ་ལྷོད་མེད་མཛད་པ་སྨོས་ཅི་དགོས། ལྷག་པར་དུ་ “བོད་འབངས་ལས་ཐར་བར་གཟུད་པའི་སྒོ་མི་བགག་པར་” ཞེས། སྤུ་རྒྱལ་བཙན་པོའི་ཆབ་འོག་ཏུ་གནས་པའི་བློན་འབངས་ཡོངས་ཀྱི་ཆོས་སློབ་པ་དང་རབ་ཏུ་བྱུང་བའི་སྒོ་མི་འགོག་པའི་བཀའ་ལུང་ཁྱད་པར་བསྒྲགས་པ་མ་ཟད། རབ་བྱུང་བཙུན་པ་ཞིག་ཡིན་ན། མང་མང་གིས་བརྩི་འཇོག་བྱེད་དགོས་པ་ཁྲིམས་དང་སྦྱར་ཏེ་བླ་འོག་གང་གིས་ཀྱང་ལས་སུ་འཁོལ་མི་རུང་ལ། རྒྱལ་ཁབ་སྲུང་སྐྱོབ་ཀྱི་འགན་མེད་པས་དམག་ལ་འགྲོ་མི་དགོས་པ་དང་ནོར་སོགས་ཀྱི་ཁྲལ་མི་དབབ་པར་ཁེ་དབང་དམིགས་བསལ་བླ་ན་མེད་པ་མཆིས་ཤིང་། ནུས་མཐུ་ཅན་གྱིས་ཆོས་ཀྱི་ཞོར་དུ་སྲིད་ཀྱི་ལས་ལ་ཐེ་གཏོགས་དང་སྲིད་གནས་གལ་ཆེ་བར་དབང་བསྒྱུར་བྱ་ཆོག་པར་བརྟེན། རབ་བྱུང་བཙུན་པའི་མི་གྲངས་མགྱོགས་མྱུར་གྱི་ཇེ་མང་དུ་སོང་ཞིང་ཆོས་སྲིད་གཉིས་ཀྱི་ཐད་ལ་མངའ་བསྒྱུར་བའི་མི་སྣ་རེ་འགས་ཆོས་ལ་ཁ་གཡར་ནས་རྒྱལ་ཁབ་ཀྱི་ལས་དོན་དང་བཙན་པོའི་ཁེ་དབང་ལ་ཚོད་འཛིན་ཡ་ང་བ་བགྱིད་པ་བཅས་ཀྱིས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་ཐེག་དཀའ་བའི་ཁུར་བོ་ལྕི་མོ་ཞིག་ཡིན་ཞིང་འཕེལ་རྒྱས་ཀྱི་བར་ཆད་ཟློག་དཀའ་བ་ཞིག་ཏུ་གྱུར་བ་རེད། དེ་བས་བཙན་པོ་འདི་པ་ལ་མཚོན་ན་སངས་རྒྱས་ཀྱི་ཆོས་ལུགས་རྒྱ་ཆེར་སྤེལ་བའི་ཕྱོགས་ནས་མཛད་རྗེས་རླབས་ཆེའོ་ཞེས་བརྗོད་ཆོག་རུང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ལུགས་བརྩི་སྲུང་བྱ་རྒྱུ་དང་སྐབས་དེའི་ཐོག་མར་ཐག་གཅོད་བགྱིད་དགོས་པའི་འགལ་བ་གཙོ་བོ། བོད་ཆེན་པོའི་སྲིད་གཞུང་གིས་བསྒྲུབ་དགོས་པའི་འགན་ལས་གཙོ་བོ་དག་སྙོམས་ལས་སུ་བཞག་པའི་རྐྱེན་གྱིས་སྲིད་ཀྱི་འཕྲིན་ལས་མཛད་པའི་ཕྱོགས་ནས་ཕྱག་རྗེས་འཇོག་མ་ཐུབ་པ་མ་ཟད་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཀྱི་སྲིད་དབང་མི་འགྱངས་པར་ཉམ་དམས་སུ་འགྲོ་བར་ས་བོན་བཏབ་པ་རེད་ཅེས་སྙམ། 

རྡོ་རིང་ཡི་གེ

1.༄། །འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན་གྱྀ་རིང་ 2.ལ། །དམ་པའྀ་ཆོས་ཡུན་ཏུ་བརྟན་པར་གཙིགས་ 3.བརྣན་པ། ། 4.༄། །འཕྲུལ་གྱི་ལྷ་བཙན་པོ། མྱེས། ཁྲི་སྲོང་བརྩན་གྱྀ་ 5.རྀང་ལ། ། སངས་རྒྱས་ཀྱྀ་ཆོས་མཛད་དེ། ། ར་སའི་གཙུག་ 6.ལག་ཁང་ལས་སྩོགས་པ་བརྩིགས་ཤྀང་། ། དཀོན་མཆོག་ 7.གསུམ་གྱྀ་རྟེན་བཙུགས་པ་དང་། །མྱེས་ཁྲི་འདུས་སྲོང་གྀ་ 8.རྀང་ལ། གླིང་གྀ་ཁྲི་རྩེ་ལས་སྩོགས་པར་། གཙུག་ལག་ 9.ཁང་བརྩིགས་སྟེ། ། དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་ 10.པ་དང་། མྱེས་ཁྲི་ལྡེ་གཙུག་བརྩན་གྱྀ་རིང་ལ། ། བྲག་མར་གྱྀ་ 11.ཀྭ་ཅུ་དང་། མཆྀང་ཕུར་གཙུག་ལག་ཁང་བརྩིགས་སྟེ་དཀོན་ 12.མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་། ཡབ་ཁྲྀ་སྲོང་ལྡེ་ 13.བརྩན་གྱྀ་རིང་ལ། ། བྲག་མར་གྱྀ་བསམ་ཡས་ལས་སྩོགས་ 14.པ། །དབུང་མཐར2གཙུག་ལག་ཁང་བརྩིགས་སྟེ་དཀོན་ 15.མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་། ལྷ་བཙན་པོ་ཁྲི་ 16.ལྡེ་སྲོང་བརྩན་གྱྀ་རིང་ལ་ཡང་། སྐར་ཅུང་གཙུག་ལག་ཁང་ 17.ལས་སྩོགས་པ་བརྩིགས་སྟེ། །དཀོན་མཆོག་གསུམ་གྱྀ་རྟེན་ 18.བཙུགས་པ་ལས་སྩོགས་པ། ། གདུང་རབས་རྒྱུད་གྱྀས་། 19.འདྀ་ལྟར་སངས་རྒྱས་ཀྱྀ་ཆོས་མཛད་པ་འདི། ། ནམ་དུ་ཡང་མ་ 20.ཞིག ། ། བཏང་ན། ། ལེགས་པ་དཔག་ཏུ་མྱེད་པར་འགྱུར། ། 21.བཏང་སྟེ། ཞྀག་གམ། མྱེད་པར་གྱུར་ན། སྡུག་པ་གྲངས་མྱེད་ 22.པར་འོང་བས། ། ད་ཕྱྀན་ཆད་ནམ་ནམ་ཞ་ཞར། འཕྲུལ་གྱྀ་ལྷ་ 23.བཙན་པོ་། །ཡབ་ཁྲི་སྲོང་ལྡེ་བརྩན་གྱྀ་རིང་ལ། །དཀོན་མཆོག་ 24.གསུམ་གྱྀ་རྟེན་བཙུགས་པ་དང་། །སངས་རྒྱས་ཀྱྀ་ཆོས་མཛད་པ་ 25.མྱི་གཏང་མ་ཞིག་པར། ། གདུང་རབས་རྒྱུད་ཀྱྀ་ཡི་དམ་བཅའོ་ 26.ཞེས་འབྱུང་བ་ལས་སྩོགས་པ། ། བཙན་པོ་ཡབ་སྲས། ། རྗེ་ 27.བློན་ཀུན། ཀྱྀས་དབུ་སྙུང་དང་བྲོ་བོར་ཏེ། ། གཙིགས་ཀྱྀ་ཡི་གེ་དང་ 28.རྡོ་རིངས་ལ་བྲིས་པ་བཞྀན་དུ་ཡང་མཛད་དོ། ། འདྀ་ལྟར་ཡབ་ 29.མྱེས། ། གདུང་རབས་རྒྱུད་ཀྱྀས། །དཀོན་མཆོག་གསུམ་གྱྀ་རྟེན་ 30.བཙུགས་ཤྀང་། སངས་རྒྱས་ཀྱྀ་ཆོས་མཛད་པ་འདྀ། ། གཅེས་སྤྲས་ཅྀ་ 31.ལ་ཡང་། སྡྀག་གོ་ཞེའམ། མ་ལེགས་སོ་ཞེས། མོ་དང་རྨྱི་ལྟས་ལས་ 32.སྩོགས་སྟེ་ཅྀའི་ཕྱིར་ཡང་རུང་སྟེ། མྱྀ་གཞིག་གོ ། མྱི་སྤང་ངོ་། ། དེ་སྐད་ 33 ཅེས། ཆེ་ཆུང་སུས་གསོལད་ཀྱྀས་ཀྱང་། དེ་ལྟར་མྱི་མཛད་དོ། ། བཙན་ 34.པོ་དབོན་སྲས། ། སྐུ་ཆུང་ངུར་བཞུགས་པ་ཡན་ཅད། ། ཆབ་སྲྀད་ཀྱི་ 35.མངའ་བདག་མཛད་པ་མན་ཆད་ཀྱང་། ། དགེ་སློང་ལས།དགེ་བའྀ་ 36.བཤེས་ཉེན་བསྐོས་སྟེ། ཆོས་ཐུགས་སུ་ཅྀ་ཆུད་ཆུད་དུ་བསླབ་ཅྀང་། བོད་ 37.ཡོངས་ཀྱྀས་ཀྱང་ཆོས་སློབ་ཅིང་སྤྱད་པའྀ་སྒོ་མྱི་གཅད། ནམ་དུ་ཡང་བོད་ཡ་ 38.རབས་མན་ཅད། ། བོད་འབངས་ལས་ཐར་བར་གཟུད་པའྀ་སྒོ་མྱི་བགག་ 39.པར། དད་པའྀ་རྣམས་ལས་ཐར་པར་བཙུད་ཏེ། དེའི་ནང་ནས་ 40.ནུས་པ་ལས། །བཅོམ་ལྡན་འདས་ཀྱྀ་རིང་ལུགས་རྟག་ཏུ་བསྐོ་ 41.ཞྀང། ། བཅོམ་ལྡན་འདས་ཀྱྀ་རིང་ལུགས་བྱེད་པའྀ་རྣམས་ཆོས་འཁོར་ 42.ནས་བྱའོ་ཅོག་གྀ་བཀའ་ལ་ཡང་བཏགས་སྟེ། ། ཆོས་འཁོར་གྱི་ལས་དང་ 43.དབང་བྱེད་ཅྀང་དགེ་བའྀ་བཤེས་གཉེན་བྱེད་པར་བསྐོའོ། ། རབ་ཏུ་བྱུང་བའི་ 44.རྣམས། ། ངེད་ཡབ་སྲས་ཀྱྀས་མཆོད་གནས་སུ་གནང་བ་བཞྀན་དུ་བྱས་ 45.སྟེ། ། བཙན་པོའི་ཕོ་བྲང་ན་དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་ཤྀང་། 46.མཆོད་པ་ཡང་ གུ་དུ་མྱི་སྤང་མྱི་བསྐུར་3ཞྀང་མཆོད་གནས་སུ་བགྱྀའོ ། མདོར་ན། ། བཙན་པོའི་ཕོ་བྲང་དང་བོད་ཁམས་ན་དཀོན་མཆོག་གསུམ་མྱེད་ 48.པ་དང་སྤང་བའྀ་ཐབས་ཅྀ་ཡང་མྱི་མཛད་དོ། ཡབ་མྱེས་དབོན་སྲས་ 49.གང་གྀ་རིང་ལ་ཡང་རུང་སྟེ། དཀོན་མཆོག་གསུམ་གྱྀ་རྐྱེན་བཅད་པ་རྣམས་ 50.ཀྱང་མ་དམའས་མ་ཞྀག་པའྀ་ཆོས་སུ་ལྷ་རྀས་ཀྱི་ཁྱིམ་ཡྀག་4གྀ་མགོ་དག་ལས་ 51.འབྱུང་བ་བཞྀན་དུ་ཚིས་མཛད་5དོ། ། ད་ཕྱྀན་ཆད་གདུང་རབས་རེ་རེ་ཞིང་ཡང་ 52.བཙན་པོ་ཡབ་སྲས་ཀྱྀས། འདྀ་བཞིན་དུ་ཡྀ་དམ་བཅའོ། དེ་ལས་མནའ་ཁ་ 53.དབུད་པ་དག་མྱྀ་བགྱྀ་མྱི་བསྒྱུར་བར། ། འཇིག་རྟེན་ལས་འདས་པ་དང་འཇྀག 54.རྟེན་གྱྀ་ལྷ་དང་མྱྀ་མ་ཡིན་པ་ཐམས་ཅད་ཀྱང་། དཔང་དུ་གསོལ་ཏེ། །བཙན་པོ། 55.རྗེ་བློན་ཀུན་ཀྱྀས་ཀྱང་དབུ་སྙུང་དང་བྲོ་བོར་རོ། གཙིགས་བརྣནད་པའྀ་ 56.ཡྀ་གེ་ཞྀབ་མོ་ནི། ། ཡབ་ཀྱྀ་རིང་ལ་གཙིགས་ཀྱྀ་ཡི་གེ་བྲྀས་པའི་ཟླ་ལ་ 57.བཞག་6གོ ། །


གོང་བ་ཀླུ་འབུམ་རྒྱལ་གྱི་བརྩམས་ཆོས་<<སྤུར་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ་>>ལས་དྲངས། 


No comments:

Post a Comment

Adbox