བོད་མིའི་རྣམ་ཤེས་ཀྱི་རང་གཟུགས______ར་ལོ།
གཅིག
བོད་ཀྱི་བརྩམས་སྒྲུང་གསར་བའི་ལོ་རྒྱུས་ལ་མཚོན་ན། <<ར་ལོ་>>ལ་རྩོམ་རིག་གི་གོ་ས་ཆེན་པོ་ཞིག་ཡོད། <<ར་ལོ་>>ཞེས་པའི་རྩོམ་འདི་མ་སྤེལ་གོང་ཡིན་ནའང་འདྲ། སྤེལ་བའི་གཞུག་ནས་ད་རེག་བར་དུ་ཡིན་ནའང་འདྲ། འདིར་གཞན་དང་ཐུན་མོང་མ་ཡིན་པའམ་གཞན་ལས་ཁྱད་པར་དུ་འཕགས་པའི་ཆ་ཞིག་མངོན་པར་མཆིས། དེ་ནི་སྒྱུ་རྩལ་རྐྱང་བའི་ངོ་ནས་བཤད་ན། དེས་མི་སྣའི་གཤིས་ཀ་གཙོར་བྱས་པ་དེ་ཡིན་ལ། བསམ་བློའི་ནང་དོན་གྱི་ཆ་ནས་བཤད་ན། གཤིས་ཀ་དེར་གཏིང་ཟབ་མོའི་ཡོངས་ཁྱབ་པའི་སྤྱི་ཚོགས་དོན་སྙིང་ཡོད་པ་དེ་རེད།
ལིའུ་ཙའེ་ཧྥུ་ལྟར་ན། འཛམ་གླིང་གི་དོན་བརྗོད་རིགས་ཀྱི་རྩོམ་རིག་གི་སྤྱིའི་འཕེལ་ཕྱོགས་ནི། གཏམ་རྒྱུད་ཀྱི་བྱུང་རིམ་གཙོར་གྱུར་བ་ཐོག་མའི་དུས་དང་། མི་སྣའི་གཤིས་ཀའི་བཞེངས་སྐྲུན་གཙོར་གྱུར་པ་བར་མའི་དུས་དང་། སེམས་ཁམས་ཀྱི་འཚོལ་དཔྱོད་གཙོར་གྱུར་བ་ཐ་མའི་དུས་ཡིན་ཟེར། འདིར་ཞིབ་ཚགས་བཏོད་པ་ན་ནི། ཡོངས་ཁྱབ་ཀྱི་བདེན་དོན་ཞིག་ཡིན་མིན་ལ་རྩོད་གླེང་ཅུང་ཟད་ཡོད་ཀྱང་། འདིས་དོན་བརྗོད་རྩོམ་རིག་གི་སྤྱིའི་འཕེལ་ཕྱོགས་ཀྱི་གནད་བཟུང་ཐུབ་ཡོད་པ་བསྙོན་མེད་ཡིན། བོད་ཀྱི་དེང་སྐབས་ཀྱི་བརྩམས་སྒྲུང་ལ་མཚོན་ན། ངེས་པར་ཁྲིད་སྟོན་གྱི་དོན་སྙིང་ཡོད་པ་ཅན་ཞིག་ཡིན།
ལོ་ངོ་ཉི་ཤུ་ལྷག་གི་བོད་ཀྱི་བརྩམས་སྒྲུང་གི་གནས་བབ་ལ་བལྟས་ན། དངོས་སུ་ཕལ་ཆེར་བས་གཏམ་རྒྱུད་བྱུང་རིམ་གཙོར་བཏོན་པ་ཡིན། བརྩམས་སྒྲུང་དེ་དག་ལ་མཚོན་ན། མིའི་སེམས་ཁམས་དང་། མིའི་གཤིས་ཀ སྤྱི་ཚོགས་ཀྱི་འཚོ་བ་སོགས་ད་དུང་རྒྱང་རིང་གི་འཇིག་རྟེན་ཞིག་རེད། ཐ་ན་ཡུལ་ལྗོངས་འབྲི་བཞེངས་ཙམ་ཡང་དཀོན་པོར་གདའ། དེ་བས་བརྩམས་སྒྲུང་ལའང་བབ་ལྕི་བ་ཁྱོན་ཡངས་པ་ཕུན་སུམ་ཚོགས་པ་སོགས་ཀྱི་བླ་ལྷག་གི་དགེ་མཚན་ཆེན་པོ་བྱུང་མེད།
<<ར་ལོ་>>ཡི་གནས་ཚུལ་དེ་དག་དང་མི་མཚུངས། འདིས་གཏམ་རྒྱུད་དམ་བྱུང་རིམ་རང་སྟེང་ནས་གནད་དོན་རྐྱང་བ་ཞིག་མངོན་པར་བྱ་བའམ་བསམ་བློ་རྐྱང་བ་ཞིག་མཚོན་པར་བྱ་བ་ཁོ་ན་མ་ཡིན་པར། བྱུང་རིམ་མམ་གཏམ་རྒྱུད་ཀྱིས་མི་སྣའི་གཤིས་ཀ་གཙོ་བོར་སྒྲུབ་པར་བྱེད་པ་ཡིན། རྩོམ་གྱི་བརྗོད་བྱ་འདེམས་པ་སྟེ་རྩོམ་གྱི་ས་ཐོན་ལ་གདམ་གསེས་བྱ་བའི་ཆ་ནས་བཤད་ན། བྱུང་རིམ་གཙོར་འདོན་གྱི་བརྩམས་སྒྲུང་གིས་གཙོ་བོར་བརྗོད་བྱའི་བསམ་བློ་ལ་དམིགས་བཙུགས་ནས་རྩོམ་གྱི་ས་བོན་དང་བྱུངརིམ་ལ་གདམ་གསེས་ལས་སྣོན་བྱ་བ་དང་། གཤིས་ཀ་གཙོར་འདོན་གྱི་བརྩམས་སྒྲུང་གིས་བརྗོད་བྱའི་བསྟན་དོན་དེ་ཉིད་མི་སྣའི་གཤིས་ཀའི་སྟེང་ནས་མངོན་པར་བྱ་བས་ན། མི་སྣའི་གཤིས་ཀ་དེར་དམིགས་ནས་རྩོམ་གྱི་ས་བོན་དང་བྱུང་རིམ་ལ་གདམ་གསེས་བྱ་བ་ཡིན། སུན་ལི་ཡིས། “བྱུང་རིམ་ནི་གཏམ་རྒྱུད་ཡིན་ལ། གཏམ་རྒྱུད་ནི་མི་སྣའི་གཤིས་ཀ་ཡོངས་འགྲུབ་བྱེད་པར་ཞབས་འདེགས་ཞུ་བ་དང་། བརྗོད་བྱའི་སྙིང་བོ་མཐར་ཆགས་སུ་སྟོན་པར་ཞབས་འདེགས་ཞུ་ཡིན་” ཞེས་གསུངས་པ་ལྟར་རོ།།
སྔ་མ་བྱུང་རིམ་གཙོ་བའི་སྐབས་སུ་མི་སྣ་ཕལ་བའི་གནས་སུ་ལྷུང་ཞིང་མི་སྣ་དོན་དག་དང་བྱུང་རིམ་གྱི་ཁུར་འཁུར་བ་བོར་གྱུར་ཡོད་ལ། དོན་དག་གམ་བྱུང་རིམ་གྱིས་ཐད་ཀར་རྩོམ་གྱི་སྒྲིག་གཞི་ཡོངས་སུ་རྩོམ་པ་ཡིན། ཕྱི་མས་ནི་མི་ཞིག་གི་གཤིས་ཀའམ་མི་ཞིག་གི་ “རྣམ་ཤེས་” འབྲི་བ་གཙོར་བཟུང་ནས། དོན་དག་གམ་བྱུང་རིམ་གྱིས་ཐོག་མར་མི་སྣ་དེ་ཉིད་སྒྲུབ་པར་བྱེད་པས། མི་སྣ་གཙོ་བོ་དང་བྱུང་རིམ་གྱིས་མི་སྣ་ཁུར་ཏེ་ཡོད། འདིའི་འབྲེལ་བ་ནི། བྱུང་རིམ་___མི་སྣ་___བསམ་བློ་ཅན་དང་། སྔ་མའི་འབྲེལ་བ་ནི། བྱུང་རིམ་___བསམ་བློའོ། ། བརྩམས་སྒྲུང་<<ར་ལོ་>>ལ་མཚོན་ནའང་། ར་ལོ་དྭ་ཕྲུག་ཏུ་གྱུར་པ་ནས་མཇུག་གི་ཆུང་མ་ཁྲིམས་སྒོར་འགྲིམ་པའི་བར་ཕྲ་བའི་བྱུང་རིམ་མང་རབས་ཤིག་ཡོད། འོན་ཀྱང་། འདི་གཞན་དང་མི་འདྲ་བ་ནི། དེའི་བྱུར་རིམ་དེ་བོད་ཀྱི་བརྩམས་སྒྲུང་གཞན་པའི་རྒྱུད་རིམ་ལྟར་བྱུང་རིམ་གྱི་རྐྱང་ཆིག་རང་བཞིན་དང་། བྱུང་རིམ་གྱི་མགོ་རྔ་ཚང་བ་ཅན་དང་། བྱུར་རིམ་གྱི་རྒྱུན་གཅིག་རང་བཞིན་ཁོ་ནའི་བདག་ཉིད་ཅན་དེ་འདྲ་མ་ཡིན། དཔེར་ན། <<སྤྲུལ་སྐུ་>>ལ་མཚོན་ན། དེའི་ནང་གི་བྱུང་རིམ་ཐམས་ཅད་ “སྤྲུལ་སྐུ་” ཡིས་ངན་གཡོ་ཇི་ལྟར་བརྩམས་པའི་དོན་དག་དང་འབྲལ་ཐབས་མེད་པར། བྱུང་རིམ་ཐམས་ཅད་པོ་ངན་གཡོ་གཅིག་པོ་དེའི་ཉེ་འཁོར་ནས་འདུ་བྱེད་པ་ཡིན། <<ར་ལོ་>>ལ་ཆ་མཚོན་ན། དེའི་ལྟེ་བ་དེ་སྤྲུལ་སྐུའི་ལྟེ་བ་ངན་གཡོའི་བྱ་བ་རྩོམ་ཚུལ་གྱི་དོན་དག་ཆོས་བྱེ་བྲག་པ་རང་མཚན་པ་ཆིག་རྐྱང་བ་ཡིན་པ་དང་མི་འདྲ་བར། འདིའི་ལྟེ་བ་ར་ལོ་ཞེས་པའི་མི་སྣའི་གཤིས་ཀའམ་མི་སྣ་ཕུན་སུམ་ཚོགས་པ་ཅན་དེ་ཡིན། དེ་བས་བརྩམས་སྒྲུང་དུ་བྱུང་བའི་དོན་རྒྱུན་གཅིག་པ་མགོ་རྔ་ཚང་བ་ཅན་ཡིན་པའི་དབང་དུ་བཏང་ཡང་། བྱུང་རིམ་དེ་དག་མགོ་རྔ་ཅན་དུ་སྦྲེལ་བྱེད་ར་ལོ་ཞེས་པའི་མི་སྣ་ཁོ་རང་ཡིན་པ་ལས། བྱུང་རིམ་རང་ངོས་ན་ཡིན་ངེས་ངེས་ཅན་གྱི་འབྲེལ་བའི་གཏན་ཚིགས་མེད་ལ། དོན་དག་ཆིག་རྐྱང་བ་ཞིག་གིས་སྦྲེལ་བར་གྱུར་པའངམ་མིན།
བོད་ཀྱི་བརྩམས་སྒྲུང་ཕལ་ཆེ་བའི་བྱུང་རིམ་དེ་གོང་ནས་བཤད་པ་ལྟར། ཆིག་རྐྱང་བ་ཡིན་ཏེ། གཞུང་རྟ་ལྟ་བུའི་བྱུང་རིམ་གཅིག་གིས་བརྩམས་སྒྲུང་ཡོངས་སུ་གྲུབ་ཚར་བར་བྱས་པ་དང་། བྱུང་རིམ་ཆེན་པོ་གཅིག་པོ་དེའི་གཏམ་རྒྱུད་ཚར་བ་དང་བརྩམས་སྒྲུང་ཡང་ཚར་བ་ཡིན། <<ར་ལོ་>>ལ་མཚོན་ན་ཐོག་མར་འདིའི་ནང་དུ་གཞུང་རྟ་ལྟ་བུའི་བྱུང་རིམ་གཙོ་བོ་དང་གཅིག་པོ་དེ་མེད། ཚན་པ་སོ་སོས་བྱུང་རིམ་རེ་རེ་གྲུབ་པར་བྱེད་ལ་བྱུང་རིམ་སོ་སོའི་གོ་ས་མཉམ་མཉམ་དུ་ཡོད་པ་ཡིན། བྱུང་རིམ་སྔ་ཕྱིའི་བར་གྱི་འབྲེལ་བ་དེ་བྱུང་རིམ་རང་ངོས་ཀྱི་རྒྱུ་འབྲས་གཏན་ཚིགས་ཀྱིས་སྦྲེལ་བ་མ་ཡིན་པར་ར་ལོའི་གཤིས་ཀའི་གཏན་ཚིགས་ཀྱིས་དེ་དག་འབྲེལ་ཡོད་དུ་བྱས་པ་ཡིན། དེ་བས་ར་ལོའི་གཤིས་ཀ་ངོས་མ་བཟུང་བས་བྱུང་རིམ་སོ་སོའི་ནང་གནས་ཀྱི་འབྲེལ་བ་ཡང་དག་དེ་ཡང་མཐོང་དཀའ། འདི་ལྟའི་བྱུང་རིམ་ནི་ད་གཟོད་ཆིག་རྐྱང་བ་ཅན་མ་ཡིན་ལ། འདི་འདྲ་ལ་རྒྱུན་གཅིག་པའི་བྱུང་རིམ་ཡང་མི་ཟེར། དེ་བས་(ར་ལོ་)ནི་བོད་ཀྱི་བརྩམས་སྒྲུང་གསར་བའི་ལོ་རྒྱུས་སྟེང་ནས་མི་སྣའི་གཤིས་ཀ་འབྲི་བ་ཅན་ཨང་དང་པོ་བ་ཡིན་ཞེས་བཤད་ཆོག
དེ་ལྟར་འབྲི་སྟངས་ཀྱི་ཐད་ན་མི་འདྲ་བའི་ཁྱད་པར་ཡོད་པས། དེ་ལྟར་བརྩམས་སྒྲུང་པའི་བརྩམས་སྒྲུང་ལ་མྱོང་རོལ་བྱེད་དུས་སམ་དཔྱད་བརྗོད་བྱེད་དུས་སུའང་རེ་བ་མི་འདྲ་བ་ཡོད་ངེས། སྤྱིར་བྱུང་རིམ་གཙོར་འདོན་པ་ལ་མཚོན་ན་མགོ་རྔ་ཚང་བའི་དོན་དག་དེ་དག་གཙོར་བཟུང་ནས་དེ་ནས་ཐད་ཀར་རྩོམ་གྱི་བརྗོད་དོན་ལ་འཇུག་པ་ཡིན་ལ། ཁོའི་སྒྱུ་རྩལ་གྱི་དགེ་མཚན་དེ་གཏམ་རྒྱུད་དམ་བྱུང་རིམ་གྱི་མཛེས་པའི་སྟེང་ན་ཡོད། གཤིས་ཀ་གཙོར་འདོན་པ་ལ་མཚོན་ན། དོན་དག་གི་སྟེང་ནས་མི་སྣའི་གཤིས་ཀ་སྒྲུབ་དགོས་ཤིང་། དེ་ནས་བརྗོད་དོན་ལ་འཇུག་པ་ཡིན་པས། ཁོའི་སྒྱུ་རྩལ་གྱི་དགེ་མཚན་དེ་མི་སྣ་གསོན་པོ་ཕུན་སུམ་ཚོགས་པ་འདུ་བྱེད་དང་ལྡན་པ་ཞིག་ཏུ་བཞེངས་སྐྲུན་བྱེད་པའི་སྟེང་ན་ཡོད། དེས་ན་བརྩམས་སྒྲུང་<<རོ་ལོ་>>ཀློག་པར་ཡང་ང་ར་ལོའི་གཤིས་ཀའི་ངོས་འཛིན་ནི་གཙོ་བོའི་ནང་གི་རྒྱལ་པོ་ཡིན།
གཉིས།
རྩོམ་གྱི་མི་སྣ་ར་ལོ་ནི་མ་གཞི་བྱིས་ཕྲུག་ཅིག་ཡིན། རྗེས་སོར་ཕ་ཡར་ཞིག་བྱུང་ཡང་། དེའི་མདུན་ནས་ཀྱང་བྱམས་བརྩེའི་སྙོར་སྐྱོང་གི་དབུགས་དབྱུང་གང་ཡང་ཐོབ་མ་ཐུབ། ལྷག་པར་དུ་ཕ་ཡར་སོང་ཤུལ་དེ་ནས་མ་ཡང་མི་རིང་བར་ཕྱི་མའི་ཡུལ་དུ་གཤེགས་པས། ཁོ་ནི་དྭ་ཕྲུག་ལྡོམ་པོ་མཚན་ཉིད་པ་ཞིག་ཏུ་གྱུར། དེ་ནས་སྡེ་མིས་སློབ་གྲྭར་བསྐྱལ་བ་ལ་སློབ་གྲྭ་ནས་ཀྱང་གང་ལྟར་འཚོ་བ་སྐྱེལ་མ་ཐུབ་པར་གཞན་གྱི་གཡོག་པོར་རྒྱུགས་དགོས་པ་བྱུང་། གཡོག་པོའི་འཚོ་བའི་ཁྲོད་ནས་སྟབས་ལེགས་པར་གཞན་ཁྱིམ་གྱི་མག་པར་སྡོད་པའི་སྐལ་བ་བྱུང་ལ། དེའི་དུས་འཚོ་བའང་སྐྱིད་པོ་བྱུང་། འོན་ཀྱང་ཁོའི་སྒྱིད་ལུག་གི་དབང་གིས་གནས་ཚང་ནས་ཁོ་ལ་ཁྱད་གསོད་དཔེ་མི་སྲིད་པ་ཞིག་གིས་སྒོར་བསྐྲད་དོ། །དེ་ནས་ཁོ་དགོན་པ་སླར་གསོའི་སྐབས་ལ་འཁེལ་བས་དགོན་པའི་གྲྭ་བ་བྱས། དེའང་མཐར་འཁྱོལ་བོ་མ་བྱུང་བར་སྐྱ་སར་བབས། ཕྱིར་ཕ་ཡུལ་དུ་ལོག་སྟེ་སྡེ་བའི་རོགས་སྐྱོར་འོག་ཐོག་མའི་དུས་སུ་འཚོ་བ་ལ་མདངས་དང་ལྡན་པ་བྱུང་རུང་ཕྱིས་ཁོའི་སྒྱིད་ལུག་གི་དང་བུད་མེད་གཞན་གཞན་གྱིས་ཕྲོགས་པ་ལ་རྐྱེན་བྱས་ཏེ་ཡང་བསྐྱར་ལྡོམ་པོའི་འཚོ་བ་རོལ་དགོས་པ་བྱུང་། དེ་ནས་ཡང་སྟེས་དབང་ཞིག་གིས་ཁོ་ “ཁྱོ་ལྡན་གྱི་བུད་མེད་” ཅིག་དང་ཕྲད་དེ། དེ་ནས་འཚོ་བ་ལ་བྲོ་བ་ལྡན་པ་བྱུང་ཡང་། དེ་ཡང་མཇུག་མཐར་ཁྲིམས་སྒོར་འགྲིམ་དགོས་པ་བྱུང་། གཏམ་རྒྱུད་ཀྱི་ཆེས་མཇུག་ཏུ་ལས་དབང་ལ་འཕོ་འགྱུར་འབྱུང་བའི་སྐྱ་རེངས་ཀྱི་འོད་སྣང་ཞིག་རྩོམ་པ་པོས་བྱིན་ཏེ་ཡོད།
སྤྱིར་བཤད་ན། ར་ལོའི་འཚོ་བའི་ཁྲོད་དུ་སློབ་གྲྭར་ཞུགས་པ། མག་པར་བསྡད་པ། གྲྭ་བ་བྱས་པ། མནའ་མ་བླངས་པ་སོགས་ཁོའི་འཚོ་བ་ནི་འཕོ་འགྱུར་ཆེ་བ་ཅན་ཞིག་ཡིན་པ་ལས་བརྟན་ཆགས་ཐེར་ཟུག་པ་ཞིག་མིན་ལ། འཚོ་བའི་རེ་བ་གསར་བའང་ཐེངས་མང་དུ་བྱུང་བ་ཅན་ཞིག་ཡིན། དེ་ནི་མི་ཞིག་ལ་མཚོན་ན་གོ་སྐབས་མང་དུ་བྱུང་བའི་རྟགས་མཚན་ཡིན་ལ། གོ་སྐབས་མང་པོ་བྱུང་བ་འཕེལ་རྒྱས་ཀྱི་མཐུན་རྐྱེན་ཡིན། འོན་ཀྱང་འདི་དག་ར་ལོར་མཚོན་ན་འགྱུར་ལྡོག་རྐྱང་བ་ཙམ་ལས་འཕེལ་རྒྱས་ཡར་འཕེལ་ཞེས་བཤད་མི་རུང་། དེར་མ་ཟད་འགྱུར་ལྡོག་འདི་ཐམས་ཅད་ཀྱི་རྒྱུ་རྐྱེན་དེ་ཡང་སྐབས་དེའི་སྤྱི་ཚོགས་ལྟ་བུ་ལ་ཁག་དཀྲི་བའང་མི་རུང་བར་ཐམས་ཅད་ཀྱི་རྩ་བ་ར་ལོ་རང་ཉིད་དང་རང་ཉིད་ཀྱི་གཤིས་སྤྱོད་ལ་རག་ལས་པ་ཁོ་ན་ཡིན། དེ་བས་ང་ཚོའི་སྣང་ངོར་ར་ལོ་འདི་མི་ཆེས་ཡ་མཚན་པ། དགོད་བྲོ་བ། ཡིད་མུག་པ། གླ་ན་གླེན་ནེ། དྲ་ང་དྲང་ངེ་ཞིག་ཡིན་ལ། ཁོའི་གཤིས་ཀ་དང་ཁོའི་མི་ཚེ་ལ་འགྱུར་ལྡོག་བཟོ་བྱེད་ཀྱི་ཁོའི་གཤིས་སྤྱོད་ལ་བྱེ་བྲག་ཏུ་བཤད་ན་འདི་འདྲ་དག་ཡོད་དེ།
དང་པོ། ར་ལོ་ནི་བྱ་བའི་མགོ་ཚུགས་ས་དེ་ནས་མཐར་འཁྱོལ་མི་ཐུབ་པ་ཞིག་རེད།
ཆོས་འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་ཡང་། མགོ་རྩོམ་ས་དེ་ནས་མཐའ་གཅིག་ཏུ་རྗེས་བསྙེགས་བྱ་རྒྱུ་ནི་བྱ་བ་དེ་འགྲུབ་པའི་རྒྱུ་མ་ནོར་བ་ཡིན། དེ་བས་བོད་དུ་ “ཤེས་རབ་ཅན་གྱིས་རྡུལ་སྤྲུགས། །བརྩོན་འགྲུས་ཅན་གྱིས་རི་ཕུགས་” ཞེས་པ་དང་། “སྟག་གི་རྔ་མས་མི་འཛིན། །བཟུང་གི་ཉིན་མོ་མི་གཏོང་” ཞེས་པའི་སྲིད་པའི་ཁ་དཔེ་ཡོད་ལ། “དམ་པ་རྣམས་ཀྱིས་ཁས་འཆེ་མི་བྱང་ཞིང་། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ་། །” ཞེས་པ་དང་། “རྒྱ་གར་ལྷ་གཅིག་བུམ་གཅིག བོད་ལྷ་མང་གིས་ཕུང་” ཞེས་པ་ལྟ་བུའི་རྨད་བྱུང་ལེགས་བཤད་མང་དུ་ཡོད། རྩོམ་གྱི་ཚན་པ་གཉིས་པའི་“ཚང་མས་ར་ལོར་སློབ་སྦྱོང་བྱོས་ཞེས་པ་ནས་ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང་” ཞེས་པ་དེ་ཁོའི་ལྷན་སྐྱེས་ཀྱི་རིག་པ་ལ་རག་ལས་པས་ར་ལོ་ལ་ཁག་མི་འདུག་ན། ཚན་པ་བཞི་བའི་མག་པར་བསྡད་དེ་མཐར་མ་ཕྱིན་པ་དེ་ཁོ་རང་ཉིད་ལ་མཐའ་གཅིག་ཏུ་རག་ལས་པ་ཡིན། “ར་ལོའི་ཡ་ཁའི་སྣབས་ལ་འདག་ཐབས་མེད་ནའང་ཁ་ཤའི་སེར་ཁ་རྣམས་སོས་ཤིང་གདོང་ལ་དམར་མདངས་རྒྱས་” ཞེས་མག་པར་བསྡད་པའི་ཐོག་མའི་སྐབས་དེར་ཁོའི་འཚོ་བ་ལ་གསོན་མདངས་རྒྱས་པ་ཡིན། འོན་ཀྱང་ར་ལོས་དེ་ཉིད་གཅེས་སྤྲས་མི་བྱེད་པར། “ང་རང་ཁྱོད་ཚང་གི་མག་པ་ཡིན་པ་ལས་གཡོག་པོ་མིན་ཟེར་ནས་ལས་ཀ་ཅི་ཡང་མི་ལས་ཤིང་ཟོག་རྫི་ལའང་མི་འགྲོ” “སྐད་ཆ་བཤད་སྐབས་ཀྱང་ ‘ཨ’ ‘འོ’་་་་་་་ཟེར་ནས་ཚིག་གི་བར་ཐག་ཀྱང་ལྡབ་འགྱུར་གྱིས་ཇེ་རིང་དུ་སོང་།” དེ་བས་མག་པའི་མཐའ་མར་གཞན་ཁྱིམ་ནས་ཀྱང་ཁྱད་གསོད་དཔེ་མི་སྲིད་པ་ཞིག་གིས་ཕྱིར་སྤྲད། ཚན་པ་ལྔ་བའི་ནང་དུའང་འདི་འདྲ་བྱུང་ཡོད་དེ། “དང་ཐོག་ཁོ་རང་སུ་ཚང་ལ་སླེབས་ནའང་རང་འགུལ་གྱིས་ལས་ཀ་ལས་པ་དང་ཟོག་རྫི་རུ་འགྲོ། འོན་ཀྱང་ཕོ་བ་འགྲངས་རྗེས་རིམ་བཞིན་‘ཨ’ ‘འོ’ གནའ་མོའི་གཏམ་དཔེ་ལ་སོགས་ཚིག་གིབར་ཐག་ཤིན་ཏུ་རིང་བའི་སྐད་ཆ་དེ་རྣམས་བཤད་བཞིན་འདུག་པ་ལས་ཟོག་རྫི་ལ་མི་འགྲོ་བས་ཁྱིམ་ཚང་ལ་ལས་ཁོ་ལ་སོང་ཟེར་ནས་དེད་པ་དང་། ལ་ལའི་ཁྱིམ་ནས་ཁོ་རང་རང་འགུལ་གྱིས་བུད་འགྲོ།” དེ་བཞིན་གྲྭ་བ་བྱེད་སྐབས་ཀྱང་ཐོག་མར་“ཕལ་ཆེར་ཆུང་དུས་ཀྱི་ཚང་མས་ར་ལོར་སློབ་སྦྱོང་བྱོས་ཟེར་བའི་ཚད་ལ་སླེབས་བྱུང་།” འོན་ཀྱང་། ཕྱིས་སུ་འཐུང་རྒྱུ་ཡོད་དུས་དང་སྒོར་མོའི་འགྱེད་རྒྱག་དུས་མ་གཏོགས་རྫོང་མཁར་ནས་“གློག་བརྙན་ལ་ལྟ་བ། དུ་བ་འཐེན་པ། ཐ་ན་སིལ་ཁུ་ཡིན་ཟེར་ནས་ཝུ་ཆང་ཡང་འཐུང་གིན་ཡོད་པས་སླར་ཡང་ཆུང་དུས་ཀྱི་ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང་ཟེར་བའི་ཚད་ལ་སླེབས།” ཆེས་མཇུག་མཐར་གྲྭ་བའི་འཚོ་བའང་མཐར་འཁྱོལ་མ་ཐུབ་པར་སྐྱ་སར་བབས་པ་ཡིན། སྐྱ་སར་བབས་ནས་ཀྱང་དང་ཐོག་ར་ལོས་འབད་བརྩོན་བྱས་ནས་དུད་ཁྱིམ་ཞིག་གི་ཚུགས་ཀ་མངོན་བཞིན་ཁོའི་སྒྱིད་ལུག་གི་སྨྱུ་གུ་སླར་ཡང་འབུས་ནས་ཕྱུགས་མི་འཚོ་བ་དང་། ལས་ཀ་ཡང་མི་ལས་པར་རྫོང་མཁར་ལ་འཁྱམས་ནས་བསྡད་པས་གན་རྒྱའི་ཕྱུགས་ཟོག་ཚར་བ་དང་ཆུང་མའང་ཁོ་ལ་ཡིད་ཆད་སོང་། “དེ་ལྟར་ཐོག་མའི་དུས་སུ་ཧུར་བརྩོན་སྡུག་རུས་དང་རིམ་གྱིས་ལེ་ལོ་སྒྱིད་ལུག་ཏུ་གྱུར་ཏེ་བྱ་བའི་མཐའ་ནམ་ཡང་མི་འཁྱོལ་བ་འདི་ར་ལོའི་གཤིས་ཀའི་ཕྱོགས་གཙོ་བོ་གཅིག་ཡིན། དེ་ནི་ཇི་སྐད་དུ།” ཨ་ལ་གསར་ལ་གསར་འདྲི། བསྡད་ཀིན་བསྡད་ཀིན་སྐྱག་དྲི་” ཞེས་པ་དོངས་སོ།།
གཉིས་པ། ར་ལོའི་བསམ་གཞིག་བྱེད་སྟངས་ནི་དགོད་བྲོ་བ་ཕྱིན་ཅི་ལོག་པ་ཞིག་ཡིན།
ར་ལོའི་མི་ཚེའི་དུམ་བུ་དེའི་ནང་དུ་གོང་ལྟར་ཆག་འཇིག་སྐྱིད་སྡུག་སྣ་ཚོགས་པའི་ཉམས་མྱོང་མང་དུ་བྱུང་མྱོང་། དེ་རེ་རེའི་སྐབས་སུ་ཁོ་ལའང་འདང་རྒྱག་རྒྱུ་བྱུང་། འོན་ཀྱང་གནད་འགག་གི་འགག་སྒོ་རེ་རེའི་སྐབས་ཀྱི་ཁོའི་བསམ་ཚུལ་དེ་ཆེས་དགོད་བྲོ་བ་ཕྱིན་ཅི་ལོག་པ་ཞིག་ཡིན་ཏེ། ཐོག་མའི་སློབ་གྲྭ་ན་ཡོད་དུས་སུ་ར་ལོ་སློབ་སྦྱོང་ལ་མི་བཟང་། གཙང་སྦྲ་ལ་མི་བཟང་། སྒྲིག་ལམ་ལ་མི་བཟང་ཟེར་ནས་ར་ལོ་འཛིན་གྲྭ་འཕར་མ་ཐུབ། “འོན་ཀྱང་དེ་ནི་ར་ལོར་མཚོན་ན་སེམས་ཁུར་བྱེད་དགོས་པའི་དོན་ཞིག་མིན་ཏེ།” “ར་ལོས་སེམས་ཁུར་བྱེད་ས་གཙོ་བོ་ནི་ཁོ་རང་དབྱར་གནང་སྐབས་སུ་ཡུལ་ལ་འགྲོ་ས་མེད་པ་དང་། དགེ་སློབ་ཚོ་ཡུལ་ལ་སོང་རྗེས་ཁོའི་དུ་བའི་འབྱུང་ཁུངས་ཆད་པ་དེ་རེད།” དེ་བཞིན་དུ་ཚན་པ་ལྔ་བར། ཁོ་རང་ཁྱད་གསོད་དཔེ་མི་སྲིད་པ་ཞིག་གིས་སྒོར་བསྐྲད་པ་ཡིན་ཡང་། “ར་ལོས་ཁོ་རང་མ་བདའ་གོང་ལ་ཆུང་མར་མག་པ་བཞག་པ་དེར་སེམས་ཁྲལ་བྱེད་ཀྱི་མེད་ལ། སེམས་ཁྲལ་བྱེད་ས་གཙོ་བོ་ནི་རང་གི་ཡིད་དུ་འོང་བའི་རལ་བ་དེ་མེད་པར་མི་གྲལ་ལ་ཇི་ལྟར་འགྲོ་བསམ་གྱིན་ཡོདཔ་དེ་རེད། ཡིན་ནའང་ཅུང་མ་འགོར་བར་ར་ལོའི་ཕོ་བ་ལྟོགས་པས་ཁོ་རང་མི་གྲལ་དུ་མི་འགྲོ་ཀ་མེད་བྱུང་།” ཁོའི་བསམ་བློ་གཏོང་སྟངས་དེ་དགོད་བྲོ་བ་ཕྱིན་ཅི་ལོག་པ་ཞིག་ཡིན་ཟེར་དོན་ནི། ཁོས་དོན་དག་གི་གཙོ་ཕལ་གྱི་གོ་ལྡོག་པས་ཡིན། འཛིན་གྲྭ་འཕར་མ་ཐུབ་པ་དང་ཁྱད་གསོད་ཆེན་པོ་དེ་འདྲ་བྱེད་པ་དེ་དག་རྒྱུན་ལྡན་གྱི་མི་ཞིག་ལ་མཚོན་ན་དེ་ནི་སེམས་ཀྱི་ཁུར་བོ་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས་པ་ལ། ར་ལོར་མཚོན་ན་དེ་ནི་འདང་རྒྱག་རིན་མེད་པ་ཞིག་གི་ཚུལ་དུ་དེ་ལས་གཞན་པའི་ང་ཚོས་བལྟས་ན་ཕལ་བ་དང་ཁོས་གཙོ་བོའི་གནས་སུ་བཞག་པས་དགོད་བྲོ་བ་ཡིད་མུག་པ་བྱུང་བ་རེད། རྩེ་ཆུའི་ཁ་ནས་ཕ་རོལ་བུད་མེད་དེ་ལ་ར་ལོས་ལ་གཞས་བླངས་པར། བུ་མོ་དེས་ “བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ་” ཞེས་ར་ལོ་ལ་སྡིགས་ཡོད་ཀྱང་། ཁོས་ཚིག་འབྲུ་མ་གོ་བཞིན་དུ་ “སྤྱིར་ན་བུ་མོ་ཚོས་སྐྱེས་པ་ཚོའི་ལ་གཞས་ལ་ལན་སྟེར་བ་ཧ་ཅང་དཀོན་ཡང་། བུ་མོ་འདིས་དེ་མ་ཐག་ལན་བྱིན་པ་ནི་ང་རང་བློ་ལ་བབས་པ་མིན་ན་ཅི་ཡིན་” ཞེས་པའི་སེམས་གཙོ་རིག་ལུགས་ཀྱི་བསམ་གཞིག་བྱེད་སྟངས་ཡོད་པ་དེ་ཡང་དེ་བཞིན་ནོ།།
གསུམ་པ། ར་ལོ་ནི་རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་ལ་གསལ་ཆ་དང་རྒྱུས་མངའ་མེད་པ་ཅན་ཞིག་རེད།
ར་ལོའི་རྒྱུད་ན་གཏན་ཚིགས་ཀྱི་བསམ་གཞིག་མེད་ཅེས་ན་མི་འགྲིག ཁོས་ཀྱང་སྔ་མའི་རྒྱུ་ལ་བརྟེན་ནས་ཕྱི་མའི་འབྲས་བུ་རྗེས་སུ་དཔོག་ཐུབ་པ་ཡིན། འོན་ཀྱང་། དེའང་གནས་དུས་ལ་དབྱེ་བ་མེད་པ་དང་ལྷག་པར་དུ་སྤྱི་ཚོགས་ཀྱི་ཆོས་དངོས་ལ་གསལ་ཆ་མེད་པ་ཞིག་གིས་ཁོའི་གཏན་ཚིགས་དེ་ཡིད་མུག་པར་བྱེད་པ་ཉིད་ཡིན། འུ་གཉིས་ཀས་གཉེན་སྒྲིག་དཔང་ཡིག་ལེན་ཨང་ཟེར། ‘ཨ་ཙི། འདིས་ཅི་ཟེར། ང་ལ་སྐྱེས་པ་ཡོད་ཡ།’ ‘ཧེ། གཉེན་སྒྲིག་དཔང་ཡིག་བླངས་རྗེས་ཁྱོད་ངའི་ཁྲིམས་མཐུན་ཆུང་མ་རེད། སྐྱེས་པ་སྔོན་མ་ཡོད་མེད་ལ་སུས་ཐེ་གཏོགས་བྱེད་རྒྱུ།’ ‘ངོ་མ་ཨེ།’ ‘ངོ་མ་ཡིན། སྔོན་ང་ལའང་ཆུང་མ་ཞིག་ཡོད། ཁོ་མོས་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་དབང་ཡིག་བླངས་ཟིན་པས་ཁྲིམས་ཁང་གིས་ཁོ་མོ་ངའི་ཆུང་མ་ཡིན་པར་ཁས་མི་ལེན་པར་སྐྱེས་པ་རྗེས་མ་དེའི་ཆུང་མ་རེད།’ ” ཟེར། ར་ལོས་བཤད་པ་དེ་དག་བདེན་པ་ཡིན་ལ། ཁོའི་གཏན་ཚིགས་དེ་ཉིད་ཀྱང་བདེན་པ་ནི་ཡིན། འོན་ཀྱང་ཁོའི་གཉེན་སྒྲིག་དཔང་ཡིག་གི་ངོས་འཛིན་དེ་གང་ལྟར་ཀྱང་དགོད་བྲོ་བ་ཞིག་ཡིན། དེའང་གཙོ་བོ་ཁྲིམས་ཀྱི་བྱེད་ནུས་ཡོད་པ་ཅན་གྱི་གཉེན་སྒྲིག་ཡི་གེ་དེའི་རྩ་བའི་ངོ་བོ་དང་བྱེད་ནུས་དང་བཅས་པར་ཁོར་རྒྱུས་མངའ་གསལ་བོ་མེད་པས་ཡིན། ཁོའི་ངོས་འཛིན་དེ་ཉམས་མྱོང་རྐྱང་བ་ཞིག་གི་ངོས་ནས་བྱུང་བ་ཡིན། ཚན་པ་བདུན་པའི་ “ར་ལོས་ད་གཟོད་ཁྲིམས་ཁང་ཟེར་བའི་བཙན་པོའི་གཉའ་གནོན་དང་གཉོམ་པོའི་མགོན་སྐྱབས་ཤིག་ཡོད་པ་ཡིད་ལ་དྲན་ནས་ཡོང་བ་རེད་” ཅེས་པའི་ “ད་གཟོད་” དེའི་ཚིག་གི་ནུས་པའང་ཚིག་ངོས་མ་གཞི་ནས་གསལ་ཆ་མེད་པ་ཞིག་གསར་དུ་ཤེས་པའི་དོན་ཡིན་ལ། སྐབས་དེར་སྦྱར་ན་སེམས་ལ་སྤྱིར་འཆར་དགོས་པ་ཞིག་ར་ལོའི་སེམས་ན་མེད་པའི་རྟགས་རེད། དེ་བཞིན་ཚན་བརྒྱད་པའི་ “ར་ལོས་ད་གཟོད་གཉེན་སྒྲིག་དཔང་ཡིག་ལེན་དགོས་པའི་གལ་ཆེའི་རིང་བཞིན་གསལ་བོར་ཤེས་ཞེས་པའང་དེ་ལྟར་རོ། །འདི་ཐམས་ཅད་གཙོ་བོར་རང་ཉིད་རང་གི་སྤྱི་ཚོགས་ལ་ཆ་རྒྱུས་མེད་པའི་མཚོན་རྟགས་རེད།
བཞི་བ། ར་ལོའི་འཇིག་རྟེན་དེ་གློ་བུར་(或然)ཅན་ལས་རྒྱུ་འབྲས་གཏན་ཚིགས་ཅན་ཞིག་མིན།
བརྩམས་ཆོས་སུ་བྱུང་བའི་ར་ལོའི་མི་ཚེ་དེའི་ནང་དུ་འགྱུར་ལྡོག་ཅན་ནམ་དཀྱོགས་མཚམས་ཅན་མང་དུ་བྱུང་ཡོད། འོན་ཀྱང་གང་ལ་བསམ་ནའང་དོན་དག་དེ་དག་དེ་ལྟར་དུ་འགྲོ་བྱེད་ཀྱི་རྒྱུ་རྐྱེན་ལ་ར་ལོ་རང་ངོས་ནས་བཤད་ན་རྒྱ་འབྲས་ཀྱི་འབྲེལ་བ་བཙན་པོ་ཞིག་མི་འགྲོ། སློབ་གྲྭར་སོང་བ་དེར་དམིགས་ཡུལ་མི་གསལ་ཡང་ཁོ་ལོ་ཆུང་བས་དེར་ཁག་མེད་ཅེས་བཤད་པས་ཆོག་ཀྱང་། མག་པ་བསྡད་པ་དེ་རྐྱེན་གློ་བུར་བ་འབའ་ཞིག་ཡིན། “ཨེ་བུ་མོར་གང་ལྟར་མག་པ་ཞིག་དགོས་འདུག མི་རྐྱང་ར་ལོ་འདིས་ཡ་ཁའི་སྣབས་ཉར་མི་ཐུབ་ནའང་ཟོག་རྫི་བཟང་བོ་ཞིག་ཡིན་པར་མ་ཟད་གོ་ཚད་ལ་ཁོའི་ལག་པ་གཙང་མ་རེད་ཟེར། དེས་ན་ཁོ་རང་མག་པར་བཞག་ན་གཉེན་རྟགས་ཀྱང་སྟེར་མི་དགོས་པས་མི་བཟང་ངམ་”ཟེར། འདི་ནི་ཁོ་མག་པར་རྒྱུར་བའི་རྒྱུ་རེད། མག་པ་ལས་བསྐྲད་རྗེས་ཁོ་རང་གྲྭ་བ་བྱས་པ་ཡིན་ཡང་། དེ་ཡང་རྒྱུ་རྐྱེན་སྣ་རྐྱང་བ་ཅན་ཉིད་ལས་རབ་བྱུང་བའི་ངོ་བོའི་སྟེང་ནས་བསམ་བློ་འཁོར་བ་མེད། ལྷག་པར་དུ་ཁོས་སྔ་གཞུག་ཏུ་བུད་མེད་གཉིས་ཆུང་མར་བླངས་པ་ཡིན་ཡང་། དེ་གཉིས་དང་ཁ་ཐུབ་པ་ནས་གཉེན་གྱི་དོན་དག་གཏན་ལ་ཕབ་རག་བར་དུ་ཐ་ན་དུས་ཚོད་གཅིག་ཀྱང་ཡོད་མེད་ཙམ་ཡིན་པས། དེ་ན་གཉེན་དེ་མི་ཚེ་གཅིག་གི་དོན་དུ་བརྩིས་ཏེ་བསམ་བློ་གཞི་གསུམ་བཅུ་གཉིས་བློ་རྩེ་ཉི་ཤུ་རྩ་ལྔ་འཁོད་པ་ག་ལ་ཡོད་དེ། ཐམས་ཅད་པོ་བློ་བུར་བའི་དོན་རྐྱེན་ཉིད་དུ་གྱུར་བ་འབའ་ཞིག་རེད།་་་་་་་་་་་་”སྔོན་ཆད་བསྡད་མྱོང་། འོན་ཀྱང་དེར་དོན་སྙིང་མི་འདུག གལ་ཏེ་འུ་གཉིས་ཚེ་གང་བོར་མཉམ་དུ་འདུག་ཐུབ་ན་ཅི་མ་རུང་།” “གལ་ཏེ་ཁྱོད་ལ་དེ་འདྲའི་འདུན་མ་ཡོད་ན་དེ་ནི་ལས་སླ་མོ་རེད།” “འདུན་མ་ལོས་ཡོད།” འདི་ཁོ་དང་བུད་མེད་དང་པོའི་གཉེན་ཐག་གཅོད་ཚུལ་ཡིན། གོང་ནས་བསྟན་པའི་ “གཉེན་སྒྲིག་དབང་ཡིག་བླངས་རྗེས་ཁྱོད་ངའི་ཁྲིམས་མཐུན་ཆུང་མ་རེད། སྐྱེས་པ་སྔོན་མ་ཡོད་མེད་ལ་སུས་ཐེ་གཏོགས་བྱེད་ནུས་”ཞེས་པ་དེ་བུད་མེད་གཉིས་པ་དང་གཉེན་སྒྲིག་གི་བྱ་བ་ཐག་བཅད་ཚུལ་རེད། གང་ལྟར་ར་ལོའི་མི་ཚེའི་དུམ་བུ་དེའི་ནང་རྐྱེན་གློ་བུར་བས་བཀང་སྟེ་ཐམས་ཅད་པོ་སླ་མོ་བདེ་མོ་ཡང་མོ་ཞིག་ལས། བསམ་བློ་བཞི་གསུམ་བཅུ་གཉིས། བློ་རྩེ་ཉི་ཤུ་རྩ་ལྔ་ཞེས་པ་ལྟ་བུའི་བློ་སྔོན་སོང་གི་གཏན་ཚིགས་ཀྱི་འབྲེལ་བ་ཅན་གྱི་གཟབ་ནན་ལྕི་མོ་ཞིག་མེད། ད་དུང་འདི་ལས་གཞན། དཔེར་ན་(ཨQ)ལྟ་བུའི་སེམས་པའི་ང་རྒྱལ་ཅན་གྱི་གཤིས་ཀ་སོགས་ཀྱང་མང་པོ་ཞིག་ཡོད་ནའང་། མདོར་དྲིལ་ན་འདི་དག་གིས་འཐུས་སྙམ།
ཕྱོགས་བཞི་བོ་འདི་དག་གིས་ར་ལོ་དེ་འཚོ་བའི་དམིགས་ཡུལ་མི་གསལ་ཞིང་འདང་རྒྱག་མི་ཤེས་པ། དངོས་ཡོད་ཀྱི་གཞི་དེ་ནས་རྩ་བ་བརྟེན་པོར་ཚུགས་མི་ཐུབ་པ། གཏིང་ཟབ་ས་དང་རྒྱ་ཆེ་སར་ཕྱིན་ནས་འཚོ་བ་ལ་དོན་སྙིང་ལེན་མི་ཕོད་པ། ས་གར་སོང་ས་ནས་རང་སྡུག་རང་གིས་ཉོས་ནས་སྡོད་པ་ཞིག་ཏུ་སྒྲུབ་ཡོད།
དེ་ཡང་བྱེ་བྲག་ཏུ་དབྱེ་ཞིབ་བྱས་པའི་ར་ལོའི་གཤིས་ཀའི་ཕྱོགས་བཞི་བོ་དེ་ཡིན་ནའང་འདྲ། ང་ཚོའི་སྣང་ངོར་བྱུང་བའི་ར་ལོའི་སྤྱིའི་གཤིས་ཀ་དེ་ཡིན་ནའང་འདྲ། དེའི་སྲོག་ཤིང་ནི་གཅིག་སྟེ་བདག་གི་འཛིན་པ་མེད་པའམ་ཡུལ་ཅན་པའི་འཛིན་པ་མེད་པ་དེའོ། །བདག་གི་འཛིན་པ་མེད་པ་འདི་ར་ལོའི་གཤིས་ཀའི་རྨང་གཞི་དང་གཤིས་ཀའི་རྩ་བ་ཡིན། བདག་གི་འཛིན་པའམ་(自我意识)ཡུལ་ཅན་པའི་འཛིན་པ་(主体意识)བྱ་བ་དེ་གཞུང་ལུགས་ཀྱི་བརྡ་སྐད་ཀྱིས་བཤད་ན། དེ་ནི་མིའི་ཤེས་པ་རང་ཉིད་ཀྱིས་ཤེས་པའི་འདུ་བྱེད་རང་ཉིད་ལ་ཤེས་རྟོགས་བྱ་བའི་དོན་དང་། ཡང་ན་མིས་རང་ཉིད་ཀྱི་ཁྱད་ཆོས་དང་། རང་གཤིས། གནས་བབ་འགུལ་སྐྱོད་(ཕྱིའི་འགུལ་སྐྱོད་དང་ནང་སེམས་ཀྱི་འགུལ་སྐྱོད་ཀ་འདུ།)སོགས་ཀྱི་རང་རིག་པའི་ཤེས་རྟོགས་དང་། རང་རིག་པའི་ཉམས་མྱོང་དེ་ལ་ཟེར། སྣང་ཚུལ་གྱི་སྟེང་ནས་བཤད་ན་བདག་གི་འཛིན་པ་མེད་པ་ཞེས་པ། བདེ་སྡུག་གང་ལའང་ཡིད་ཀྱིས་སྣང་རྟོག་ཆེན་པོ་རང་མི་བྱེད་ཅིང་། འཚོ་བར་རེ་བ་ཆེན་པོའམ་ཉེན་ཚབས་ཀྱི་འདུ་ཤེས་མེད་པར་རང་བཞིན་གྱིས་ཡིད་འགངས་ཏེ། བློ་བདེ་སོས་དལ་ལུང་མ་བསྟན་གྱིས་བསྡད་ནས་མུ་མཐུད་ཡར་ཐོན་ཡར་བསྐྱེད་ཀྱིས་འཚོ་བ་ལ་དོན་སྙཱིང་ལེན་མི་ཐུབ་པ་དེ་ལྟ་བུ་ལ་ཟེར།
ར་ལོ་ལ་མཚོན་ན། ཁོའི་འཚོ་བའི་ཁྲོད་དུ་བདེ་སྡུག་གི་རྣམ་གཞག་མང་རབས་ཤིག་བྱུང་ཡང་། ར་ལོ་ལ་མཚོན་ན་སྐྱིད་ཀྱི་བདེ་བ་བློས་མི་ཐོངས་པ་ཞིག་མ་རེད་ལ། སྡུག་གི་ན་ཟུག་ཡིད་ཀྱིས་མི་བཟོད་པ་ཞིག་ཀྱང་མ་རེད། སྐྱིད་སྡུག་གང་ཡིན་ཡང་ལུས་སྟེང་གི་ལྭ་བཞིན་དུ་ཕྱི་ངོས་ཀྱི་ཆོས་ཤིག་ཡིན་པ་ལས། སེམས་སྟེང་དུ་ཚེར་མ་བཞིན་ཟུག་པ་ཞིག་མེད། ཐ་ན་མག་པ་ལས་སྒོར་བསྐྲད་དུས་གཅིག་ན་འཚོ་བ་ལ་གཏོལ་མེད་ཅིང་། གཉིས་ན་རང་གི་མིའི་རྒྱུད་པ་ཁྱད་གསོད་དེ་འདྲ་བྱས་པས། དེའི་ཡན་གྱི་སྡུག་བསྔལ་ན་ཟུག་ཅིག་ཡོད་མི་སྲིད་ཀྱང་། “ར་ལོས་ཁོ་རང་མ་བདའ་གོང་ལ་ཆུང་མར་མག་པ་བཞག་དེར་སེམས་ཁྲལ་བྱེད་ཀྱི་མེད་ལ། སེམས་ཁྲལ་བྱེད་ས་གཙོ་བོ་ནི་རང་གི་ཡིད་དུ་འོང་བའི་རལ་བ་དེ་མེད་པར་མི་གྲལ་ལ་ཇི་ལྟར་འགྲོ་བསམ་གིན་ཡོད་པ་དེ་རེད།” དེ་ལྟར་ར་ལོ་ལ་སྐྱིད་སྡུག་གི་འཛིན་པ་མེད་ཆེན་པོ་མེད་པས། ཁོ་ལ་རེ་དོགས་ཀྱི་་འཛིན་རྟོག་ཀྱང་མེད། དེ་མེད་པས་ཁོ་རང་གི་འཚོ་བ་དེ་ཡང་ཁོ་རང་ལ་མཚོན་ན་བློ་བདེ་བག་ཕེབས་ནན་ཏུར་མེད་པ་ཡང་ཟོར་ཅན་ཞིག་ལས་གཏིང་ཟབ་མོ་བབ་ལྕི་བ་ཨ་འཐས་པ་ཅན་ཞིག་མིན། ང་ཚོས་བལྟས་ན་ཁོ་ནི་འཐོམ་སྦྲིད་རྨོངས་རྟུལ་ཅན་ཞིག་ཏུ་སྣང་།
སྤྱིར་ན་བདག་གི་འཛིན་པའམ་ཡུལ་ཅན་གྱི་འཛིན་པ་དེ་འབྱུང་བར་ཤེས་བྱ་དང་ཤེས་བྱེད་དམ་ཡུལ་དང་ཡུལ་ཅན་གཉིས་དགོས་ཤིང་། དེ་ལས་ཀྱང་ཡུལ་ཅན་གྱི་རིགས་སུ་གྱུར་པའི་རིགས་རྟོག་(理性)འཐུས་ཚང་བ་ཞིག་དགོས། ཡུལ་“རང་ཉིད་ཀྱི་ཁྱད་ཆོས་དང་རང་གཤིས་དང་གནས་བབ་”སོགས་ཡུལ་ཅན་རང་རིག་གི་ཤེས་པས་རྟོགས་པར་བྱས་པས་ད་གཟོད་འཛིན་པ་འདི་བྱུང་བ་ཡིན། རང་གི་གནས་བབ་དང་འབྱུང་འགྱུར་ལ་ནམ་ཡང་“དྲན་ཤེས་”བསྟེན་ཅིང་བློ་ཞིབ་མོས་དཔྱོད་ཐུབ་པ་ཞིག་ཡིན་ན། ཁོའི་བདེ་སྡུག་རེ་དོགས་ཀྱི་འཛིན་པའང་ཆེ་སྲིད་ལ། དེ་བཞིན་བདག་གི་འཛིན་པའམ་ཡུལ་ཅན་གྱི་འཛིན་པའང་ཆེ་བ་ཡིན།
ར་ལོའི་འཛིན་པ་མེད་པའམ་ཡང་ན་རང་གི་བདེ་སྡུག་ལ་ཆ་འཇོག་མེད་པའི་གཤིས་ཀ་དེ་ཡང་མཐར་གཏུགས་ན། ཁོའི་རིགས་རྟོག་གི་ནུས་པ་ལ་ཐུག་ཡོད་དེ། ར་ལོ་ལ་མཚོན་ན་ཁོས་རང་གི་འཕྲལ་ཕུགས་ཀྱི་གནས་བབ་ལ་ནམ་ཡང་འདང་ཞིབ་ཏུ་མི་རྒྱག་ཅིང་རྒྱག་མི་ཤེས། ཁོའི་རིགས་རྟོག་གི་ནུས་པ་ནི་གོང་གི་གཤིས་ཀ་བྱེ་བྲག་པ་འཆད་པའི་སྐབས་ལྟར་ཆེས་ཕྱིན་ཅི་ལོག་པ་དགོད་བྲོ་བ་ཞིག་ཡིན་ཞིང་། དེ་ལྟར་གཙོ་ཕལ་མགོ་རྟིང་ལྡོག་པའི་བསམ་གཞིག་བྱེད་སྟངས་ཤིག་གིས་རང་ལ་ངོས་འཛིན་ཡང་དག་ཅིག་དང་རང་གི་འཕྲུལ་ཕུགས་ལ་ངོས་འཛིན་ཡང་དག་ཅིག་ཇི་ལྟར་འབྱུང་སྟེ་འབྱུང་མི་སྲིད། ར་ལོའི་མི་ཚེའི་སྐྱིད་སྡུག་བར་མ་གང་ཡིན་ཡང་ཐོག་མར་ར་ལོ་རང་གིས་རང་གི་གནས་བབ་ལ་བློ་ཁ་མི་ཕྱོགས། དེ་བས་ཁོའི་སྐྱིད་སྡུག་དེ་ཐམས་ཅད་སྟེས་དབང་ཞིག་ཏུ་སྣང་ལ། ཕྱིས་སུ་བདེ་སྡུག་གང་ཞིག་བྱུང་རུང་དེ་ཉིད་ཡུལ་ཅན་རང་གི་རྩོལ་བའི་འབྲས་བུར་གཏན་ནས་གྲུབ་མི་སྲིད། ལྷག་པར་དུ་རང་གི་གནས་བབ་ལ་ངོས་འཛིན་ཡང་དག་མེད་པས། རང་གི་གནས་བབ་བསྒྱུར་རྒྱུའི་རྩ་བའི་རྒྱུ་རྐྱེན་མེད་པར་གྱུར་བས། འཕེལ་རྒྱས་གོང་སྤེལ་བྱ་བ་ར་ལོ་ལ་གཏན་ནས་ཡོད་མི་སྲིད། དེ་བས་ན་ཐམས་ཅད་ཀྱི་ཐམས་ཅན་གཤིས་ཀ་བྱེ་བྲག་པ་བཞི་བ་ལྟར་གློ་བུར་བ་སྟེས་དབང་ཅན་འབའ་ཞིག་ཉིད་དོ།།
གསུམ།
རྩོམ་པ་པོས་དེ་ལྟར་བརྩམས་སྒྲུང་འདིར་གཙོ་བོར་ར་ལོའི་གཤིས་ཀ་བཞེངས་སྐྲུན་བྱས་ཡོད་པས། རྩོམ་རང་ཉིད་གཞན་ལས་ཁྱད་པར་དུ་འཕགས་པར་གྱུར་ཡོད་ལ། དེར་མ་ཟད་ད་དུང་དེ་ལས་ལྷག་པའི་དགེ་མཚན་ཞིག་ཡོད་པ། གཤིས་ཡོད་ཀྱི་མི་སྣ་དེ་རྒྱ་ཆུང་བ་གུ་དོག་པ་གཤིས་རྐྱང་ཅན་ཞིག་མ་ཡིན་པར། དེར་སྤྱི་ཚོགས་ཀྱི་གཤིས་ཀ་དང་ཡོངས་སུ་ཁྱབ་པའི་དོན་སྙིང་ཡོད་པ་ཞིག་ཏུ་སྒྲུབ་ཡོད་པ་དེ་རེད། དེ་བས། ར་ལོའི་ཤུགས་ནས་ང་ཚོས་རང་མི་རིགས་འདིའི་གྲིབ་གཟུགས་སམ་ས་བོན་ཞིག་ཕྱོགས་དུས་གང་ནས་ཀྱང་རྙེད་ཐུབ། ར་ལོའི་གཤིས་ཀ་དེ་ཅུང་ཟད་འུད་ཀྱིས་བརྗོད་པ་ཡིན་པས། ར་ལོ་དང་བོད་མི་རིགས་ཀྱི་འདྲ་མཚུངས་ཀྱི་འབྲེལ་བ་ཕྱི་ངོས་ནས་ཆེས་གསལ་བར་མཐོང་དཀའ་ཡང་། ནང་གནས་ཀྱི་འབྲེལ་བ་ནི་ཕྱོགས་རེ་ཙམ་མ་ཡིན་པར། ར་ལོ་ནི་བོད་མིའི་ནང་གི་རྣམ་ཤེས་(灵魂)དེ་ཕྱི་རོལ་རང་གཟུགས་སུ་ཤར་བ་ཉིད་ཡིན། ར་ལོའི་གཤིས་ཀའི་རྨང་གཞི་དང་རྩ་བའི་གཤིས་ཀའི་ཆ་ནས་ལྷག་པར་དེ་ལྟར་ཡིན།
སྤྱིར་མཚམས་འདིར་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ནས་མཚུངས་ཆོས་སོ་སོ་ནས་བརྡ་སྤྲད་ཚེ་ཆེས་གོ་བདེ་ངོ་མཚར་དུ་འགྱུར་ཡང་། དེ་འདྲ་ནུས་པ་དང་སྤོབས་པ་གཉིས་ཆར་ནས་མི་འདང་བས། འདིར་སྣང་ཚུལ་རེ་གཉིས་ཙམ་གྱི་སྟེང་ནས་ས་བཅད་མ་སྟོང་ཙམ་དུ་བྱ་བ་ལ།
དེ་ཡང་འཛམ་གླིང་མི་རིགས་ཡོངས་ཀྱིས་བོད་ལ་གཅིག་མཐུན་གྱི་ལྟ་བ་ཞིག་ཆགས་ཡོད་པ་བོད་མི་རིགས་འདི་དགའ་སྣང་སྤྲོ་སྣང་ཅན་གྱི་མི་རིགས་ཤིག་ཏུ་ཁས་ལེན་པ་དེ་རེད། དེའི་སྟབས་ཀྱིས་དེང་འདིར་བཟོ་བས་ཤེས་རིག་ལ་ཡིད་སུན་པ་མང་པོ་ཞིག་གིས་བོད་འདི་མི་ཡུལ་གྱི་བདེ་ལྡན་ཞིང་ཁམས་ཤིག་ཏུ་སྙམ་བཞིན་ཡོད་ལ། བོད་ཀྱི་གནས་འདི་ནས་བརྟན་གཡོ་གཉིས་ཀའི་ཆ་ནས་སྒྱུ་རྩལ་གྱི་མེ་ཏོག་འཐུ་མཁན་དང་། སེམས་པའི་ཟེའུ་འབྲུ་ལེན་མཁན་མང་དུ་བྱུང་དང་འབྱུང་བཞིན་ཡོད། “བོད་ལྗོངས་རིག་གནས་ཀྱི་ཚ་རླབས་”ཞེས་པ་ཉེ་བའི་ལོ་འདི་འགའི་རིང་གི་མིང་བརྡ་ཡན་གར་བ་ཞིག་ཡིན་ལ། མིང་འདིས་སྣང་ཚུལ་འདི་ཆེས་གསལ་བར་བྱས་ཡོད། འོན་ཀྱང་། ང་ཚོ་སྟེ་གནས་འདི་ནས་སྐྱེ་ཞིང་འཚོ་ལ་འཚར་ལོངས་བྱུང་ཞིང་། ལྷག་པར་གཞན་རིགས་ཀྱི་ཕྱི་ནང་གི་གནས་བབ་ལ་མཐོང་ཐོས་མྱོང་གསུམ་ཅུང་ཟད་ཡོད་པའི་ང་ཚོ་ལ་མཚོན་ན། སྣང་ཚུལ་དེ་ནི་ཅུང་ཡ་མཚན་པ་ཁས་ལེན་དཀའ་བ་བློ་ལས་འདས་པ་ཞིག་ཅིས་ཀྱང་ཡིན། རྒྱུ་མཚན་ནི་མདོར་བསྡུས་ན། ང་ཚོ་དངོས་སུ་ནས་དེ་འདྲར་བསྟོད་པ་དབྱངས་སུ་འཐེན་ཆོག་ལ་མགྲིན་པ་གཟེངས་སུ་འདེགས་འོས་པའི་མཛེས་ཆོས་ཤིག་ཇི་ལྟར་ཡང་རྙེད་དཀའ། དབང་ངོར་སྣང་བའི་མཛེས་ཆོས་རེ་རེའི་ཕག་ན་ངན་སྐྱུགས་ཀྱི་ཁྲོན་པ་རེ་དང་། ཡིད་འོང་གི་གཏམ་རྒྱུད་རེ་རེའི་སྣེ་མོ་མདུན་ཕྱོགས་ཀྱི་ལམ་ཆེན་དུ་མ་གཞོལ་བར་རྒྱབ་ཕྱོགས་ཀྱི་རྐང་ལམ་ཕྲ་མོར་གཞོལ་ཏེ་ཡོད། གངས་ལྗོངས་ཀྱི་གནས་ཚུལ་གང་དུ་འགྲིམ་ཡང་མཐར་ཐུག་གི་སྡོམ་ཚིག་གཅིག་ལ་འབབ་སྟེ་མེད་ཕོངས་སོ། །ཁོ་ཚོའི་ཉིན་ནུབ་དང་རྒན་གཞོན་མེད་པའི་རྩོལ་བའི་ཚད་དང་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བའི་ཆུ་ཚད་གཉིས་བསྡུར་དང་ཁོག་ན་སྙིང་གསོན་པོ་ཡོད་པ་ཅན་ཞིག་ཡིན་ན་ཤུགས་རིང་ནར་ནར་འབྱིན་རྒྱུ་ལས་བསྟོད་པའི་དབྱངས་སྙན་ཅི་ལྟར་འབྱོན་འོང་། འཚོ་སྡོད་ཀྱི་མཐའ་མཚམས་ན་འགྲེ་ལྡོག་རྒྱག་པ་ཞེས་པ་ངོ་མ་བོ་དེ་འདི་ཡིན།
(མུ་འགོད།)
<<བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་སྒྲིག>> ལས་དྲངས།
No comments:
Post a Comment