སེམས་ལ་སིམ་པའི་མིག་ཆུ།
『རྩོམ་མཁན་རེམ་བྷུ་ཌི། ལོ་ཙཱ་ན་བུན།』
མིག་གི་མཆི་མ་སེམས་ལ་ལྷུང་སོང་།
ཆར་གྱི་ཐིགས་པ་གྲོང་དུ་ཟགས་པ་ནང་བཞིན།
ཡི་མུག་པའི་གཤེར་གཟུགས་འདི་དག
རང་སེམས་ཀྱི་ཆག་གྲུམ་ཡིན་ནམ།
ལྷོད་ཀྱིས་ལྷུང་བའི་ཆར་སྒྲ།
ཀླད་ཁྱིམ་དུ་མཆེད། ས་སྟེང་དུ་མཆེད།
ན་ཟུག་ལྟེམས་པའི་ནང་སེམས།
ཆར་སྒྲ་དྲག་ཏུ་མཆེད།
དོན་མེད་ལ། མིག་ཆུ་འདི་དག
ཆག་གྲུམ་ཤོར་བའི། ང་ཡི་སེམས་ཁོང་དུ་འགྲིལ་ཡོང་།
ཅིའི་ཕྱིར་ཡིན་ནམ། ལན་རྐྱེན་ཅི་ཡང་མེད་པར།
མྱ་ངན་འདི་ཡང་།
ལོས་ཡིན། སྲོན་དཀའ་བའི་སྡུག་བསྔལ།
སུ་ཡིས་རྟོགས་སམ། སུ་ཡིས་རྗོད་ནུས།
ཁ་སང་དེ་རིང་། བརྩེ་གདུང་ཡེ་མེད་པར། སྡང་ཟུག་ཡེ་མེད་པར།
ང་ཡི་ནང་སྙིང་སྐྱོ་སྡུག་གིས་ལྟེམས་ཨང་།
ཉམ་ཐག་པའི་ཕུགས་བསམ།
སྲོད་ཀྱི་འཆི་བས་བདག་ལ་སྒུག་ནས་ཡོད་སྲིད།
གནའ་བོའི་རི་གྲོང་དུ། ལྷིང་འཇགས་ཀྱི་ཁྲོད་ནས།
ཁེར་རྐྱང་གི་ཆང་ཕོར་དུ་བསྡད་ནས།
མི་ཡུལ་གྱི་ནད་པ་ཆགས་རྗེས། བདག་སྤྲོ་སྣང་གིས་བྲལ་དགོས་ཡོད།
གལ་ཏེ། བདག་གི་ན་ཟུག་འཇགས་ན། གལ་ཏེ། བདག་ལ་གསེར་དངུལ་ཁ་ཤས་བདོག་ཚེ།
བྱང་ཕྱོགས་སུ་འགྱེ་འམ། རྒུན་ཆང་གི་ཞིང་གྲོང་དུ་ཆས། གདམ་ངར་གཏོང་དགོས་ཡོད།
ཕུགས་བསམ་གྱི་མཛེས་སྡུག་ཤོར་རྗེས། མི་ཚེ་ནི་ཇི་འདྲའི་ཞེ་འཚེར་བ་ཞིག་རེད་ཨང་།
གལ་ཏེ་བདག་སླར་ཡང་ཐེངས་གཅིག་ལ། མི་ཡུལ་གྱི་འགྲུལ་བར་གྱུར་ན།
གཏན་དུ་ལྗང་མདོག་གིས་རྟས་པའི། འགྲུལ་ཁང་གི་སྒོ་མོ་བདག་ལ་འབྱེད་མི་སྲིད།
No comments:
Post a Comment