བདག་གི་ཡུལ་འཁྱར་མི་ཚེ།
『 རྩོམ་མཁན་རེམ་བྷུ་ཌི། ལོ་ཙཱ་བ་ན་བུན།』
གོས་ཧྲལ་གྱི་བརླ་ཁུག་ནང་དུ་ཁུ་ཚུར་བཅུག་ནས།
ང་རང་བུད་འགྲོ།
ཕྱི་གོས་ལ་བལྟས་ཚེ་ཧ་ཅང་རྫིག་ཉམས་ཆེ་བས།
བདག་རང་གནམ་ཞབས་ནས་གོམ་སྒྲོད་བྱས་འགྲོ། ཀྱེ་བརྩེ་བའི་བདག་མོ་མུ་སི་ལགས།
བདག་རང་བརྩེ་དུང་གི་བུ་ལོན་ཡིན་ན།
བདག་ལ་བརྩེ་བས་གཟིགས་དང་།
བདག་གི་འདུན་མར་བཅངས་པའི་མཛེས་སྡུག་གི་བརྩེ་འདང་ཀྱེ།
བདག་གི་དོར་ཐུང་སྟེང་དུ་ཨུ་ཁུག་ཆེན་པོ་གཉིས་རྡོལ་བྱུང།
མིག་གྲུང་གྲུང་མི་ཆུང་མཐེ་བོང་ལ་ཅེར་ནས།
ལམ་བར་དུ་བདག་གིས་སྙན་ཚིགས་གྱེར་ནས་འགྲོ།
དྲེད་ཆེན་སྐར་རྟགས་བདག་གི་གནས་ཚང་ཡིན།
བདག་གི་མཐིང་མདོག་གི་སྐར་ཚོགས།
ཟུམ་ཟུམ་ཧྲག་ཧྲག་འཚེར་འོངས།
ལམ་འགྲམ་དུ་ཙོག་སྟེ།
བདག་གིས་ཁོ་ཚོར་རྣ་ཤོག་ཀེར་རེར་བླགས།
ཟླ་དགུ་བའི་དགའ་བྲོད་ཀྱི་མཚན་མོར།
བདག་གི་དཔྲལ་བའི་ངོས་སུ་འཁྱག་སིབ་སིབ་ཟིལ་ཐིགས་ལྷུང་བ་ཚོར་ཡོང་།
མངར་ལ་སྐྱུར་བའི་རྒུན་ཆང་ནང་བཞིན།
ལྐོག་གྱུར་གྱི་གྲིབ་གཟུགས་ཁྲོད་ནས།
སྙན་ཚིགས་གྱེར་བཞིན།
ལྷམ་ཆད་ཀྱི་འགྱིག་སྒྲོག་གྲོལ་བ་ནི།
རྒྱུད་མངས་དཀྲོལ་བ་དང་འདྲ་ཞིང་།
རྡོག་པ་ཡ་གཅིག བདག་གི་སྙིང་ཁོང་དུ་སྲིང་བྱུང་།
ཟུར་མཆན།
མུ་སི་(Muses)ནི་གནའ་བོའི་གྷི་རེ་སིའི་རྩོམ་རིག་སྒྱུ་རྩལ་གྱི་ལྷ་མོར་བཞེད།
མི་ཆུང་མཐེ་བོང་(Tom Thumb)གནའ་བོའི་གྷི་རེ་སིའི་ལྷ་སྒྲུང་ཁྲོད་ཀྱི་མི་སྣ་ཞིག
དྲེད་ཆེན་སྐར་རྟགས་(Sign of the Great Bear)ནི་ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་སྐར་མ་སྨིན་བདུན་ལ་གོ་ཡི་འདུག
རྩོམ་པ་བོའི་ལོ་རྒྱུས་སྙིང་བསྡུས།
ཨར་ཊུར་རེམ་བྷུ་ཌི་(Arthur Rimbaud 1854 -1891)ནི་ཧྥ་རན་སིའི་སྔོན་བྱོན་སྙན་ངག་མཁན་དང་རྒྱལ་ཁམས་པ་གྲགས་ཅན་ཞིག་རེད། ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་སུ། ཁོང་ནི་དུས་རབས་༡༩ བའི་མཚོན་རྟགས་རིང་ལུགས་(symbolism)ཀྱི་དེད་དཔོན་དང་། བག་མེད་མངོན་འགྱུར་རིང་ལུགས་(surrealism)ཀྱི་ཤིང་རྟའི་སྲོལ་འབྱེད་པའི་གྲས་སུ་བཞེད། རང་ལོ་༦ ཙམ་ནས་སྙན་རྩོམ་དང་འཕྲིན་ཡིག་འབྲི་མགོ་བརྩམས་ཤིང་། ལོ་ན་༡༦ སྟེང་ནས་རང་ཉིད་ཀྱི་སྙན་ངག་གི་ལྟ་ཚུལ་བཏོན་པར་སྨྲ། ཁོང་གི་གསར་རྩོམ་སྙན་ངག་དག་གིས་ནུབ་གླིང་གི་དེང་རབས་སྒྱུ་རྩལ་རྩོམ་རིག་གསར་རྩོམ་ཐད་ལ་སྒུལ་ཤུགས་ཆེན་པོ་བསླངས་མྱོང་། རང་ལོ་༣༧ སྟེང་འབྲས་ནད་ཀྱིས་གྲོངས། སྙན་དེབ་གཙོ་བོར་<<དམྱལ་ཁམས་ཀྱི་དུས་ཚིགས།>>(A Season in Hell) <<ར་བཟི་བའི་གྲུ་གཟིངས།>>(The Drunken Boat) <<དབྱངས་ཡིག་>>(Vowels)སོགས་འདུག
No comments:
Post a Comment