གངས་སྐྱེས་སྒྲུབ་པ་སྐྱབས་ལ་ཕུལ།
གངས་མེ་སྟག
གངས་རིའི་རྩིབ་ཀྱི་ཉི་མ་ཡིབ་དུས་ཁྱེད་ནི་དོང་ཞབས་མར་མེ་ཞིག །
ཅི་ཞིག་གསལ་བའི་དངོས་པོ་ལུས་པའི་སྒྲོན་མེའི་ཁ་ཡི་མེ་སྟག་ཅིག །
ཁ་བའི་ལྗོངས་ལ་ཁངས་ཆར་འབབ་དུས་ཁྱེད་ནི་གྲང་རེག་ཚ་པོ་ཞིག །
ཇི་ལྟར་བྱུང་བ་མ་ཤེས་ལུས་པའི་ཁངས་ཆར་ནང་གི་བུ་ཡུག་ཅིག །
ཤ་བ་ཡུ་མོ་རི་ནས་གཤར་དུས་ཁྱེད་ནི་རི་སྐྱེས་མེ་ཏོག་ཅིག །
སུ་ཡི་སུག་པར་མ་ཐོགས་ལུས་པའི་རི་སྐྱེས་མེ་ཏོག་མཚལ་པོ་ཞིག །
ན་གཞུང་རེ་རེར་ངང་སེར་འབབ་དུས་ཁྱེད་ནི་ན་ཞོལ་ངང་ཆུང་ཞིག །
གང་གི་གྲལ་ལ་མ་ཞུགས་ལུས་པའི་ངང་ཆུང་གསེར་བྱ་རྐང་རིང་ཞིག །
ཕ་ཡུལ་ཟེར་བའི་ལུང་སྟོང་ཆེན་པོ་ཁྱེད་ཀྱི་བསམ་བློའི་དྲི་རྟགས་ཤིག །
མིག་གིས་བལྟས་ཏེ་ལག་པས་བྲིས་པ་སྒྲུབ་པའི་ལུས་ཀྱི་ཕྱག་རྒྱ་ཞིག །
ཕྱི་ལོ་༢༠༡༧ ཟླ་༦ པའི་ཚེས་༡༩ མཚན་མོར་བྲིས།
ལོ་རྒྱུས་སྙིང་བསྡུས།
སྨྱུག་མིང་གངས་མེ་སྟག་གམ། དངོས་མིང་གངས་སྐྱེས་སྒྲུབ་པ་སྐྱབས། ཕྱི་ལོ་༡༩༨༡ ལོར་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་གེ་འཕན་སྡེ་བར་སྐྱེས། ཕ་ཡུལ་རགས་བཀྲམ་སློབ་ཆུང་ནས་གསེར་རྟ་རྫོང་མི་རིགས་སློབ་འབྲིང་དང་ཁུལ་དར་མདོ་སློབ་ཆེན་སོགས་འགྲིམས་ནས་སློབ་མཐར་ཕྱིན། ཕྱིས་སུ་གཞུང་སྒེར་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོའི་བགྱི་བ་ལྷུར་བླངས་ཤིང་། ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ནས། རང་མི་རིགས་ཀྱི་ལས་དབང་དང་གནས་བབ་དངོས་མཚོན་པའི་སྒེར་དེབ་དང་ཚགས་དེབ་<<ལས་དབང་གི་རྒྱང་འབོད།>> <<དུས་ཀྱི་ན་ཟུག>> <<དེ་རིང་གི་མིག་ཆུ།>> <<ལོ་ཟླའི་ཁ་དོག>> <<ཁ་བཏགས་དཀར་པོའི་ཚགས་དེབ།>> <<༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་པོ་>>སོགས་དཔར་བསྐྲུན་འགྲེམ་སྤེལ་གནང་།
གསར་རྩོམ་གྱི་ལམ་ནས་“མི་རིགས་ཁ་བྲལ་”དང་“དམར་རྒོལ་ཚོགས་པ་གསར་འཛུགས་”ཀྱི་ཞྭ་མོ་བསྐོན་ནས། སྔ་ཕྱིར་ཐེངས་གསུམ་ལ་འཛིན་བཟུང་བཙོན་འཇུག་བྱས་པར་མ་ཟད། བཙོན་ཁང་དང་བཀག་ཉར་ཁང་དུ་མི་སྤྱོད་ལས་འདས་པའི་འདྲི་གཅོད་དང་མནར་གཅོད་བཏང་ནས་གཟུགས་ཁམས་ནད་གཅོང་དུ་གྱུར།
འདི་ལོར་ཡང་བསྐྱར་མ་ཉེས་ག་ཡོག་འོག་ནས་མི་ལོ་བཅུ་བཞིའི་ཁྲིམས་ཆད་བཙན་འགེལ་བྱས་རྗེས། ཤུལ་དུ་ཕ་མ་གཉིས་གཙོས་པའི་ཁོང་གི་བཟའ་ཟླ་དང་བུ་མོ་གཉིས་སྐྱོ་སྡུག་གི་མུན་པར་ལྷུང་།
No comments:
Post a Comment