སྐྱག་བྱབས་དང་ཤེལ་མིག ད་དུང་ང་ཚོ་ཆེས་སྐྲག་ས། | འོས་སྦྱོར།

སྐྱག་བྱབས་དང་ཤེལ་མིག ད་དུང་ང་ཚོ་ཆེས་སྐྲག་ས།

རྩོམ་སྒྲིག་པའི་གཏམ། 


གཤམ་གྱི་རྩོམ་ཐུང་འདི་ནི། མིའི་རིགས་རིག་པའི་འབུམ་རམས་པའི་བསླབ་གནས་འདོན་བཞིན་པའི་ཀ་གྱའི་དཔའ་རྩེ་རྒྱལ་ལགས་ནས་བཅར་འདྲི་ཞུས་ཤིང་ཡི་གེར་ཕབ་པ་ཞིག་སྟེ། འདི་ནི་ཁོང་གི་མཐར་ཕྱིན་དཔྱད་རྩོམ་ལ་ཉེ་བར་མཁོ་བའི་བཅར་འདྲིའི་རྒྱུ་ཆ་མང་པོའི་ཁྲོད་ཀྱི་གཅིག་ཡིན་ཟེར། ཁོང་ནས་ཕྲན་བུར་བསྐུར་དུས། བཅར་འདྲི་བྱེད་ཡུལ་དམིགས་བསལ་བ་ཡིན་པ་གཞིར་བྱས། བཅར་འདྲིའི་དྲི་བ་དག་གནད་ལ་འཕིགས་ཤིང་རྣོ་བོ་ཡོད་པར་བརྟེན། མི་དཀྱུས་མ་འབྲེལ་མེད་དག་གིས་ཡེ་ནས་དྲན་མྱོང་མི་སྲིད་པའི་མགོ་ནག་མི་མོ་ཞིག་གི་སྐྱིད་སྡུག་མངོན་པར་བསྟན་འདུག་ལ། སྒོས་སུ་ཁོང་གིས་ཡི་གེར་འཕབ་སྐབས་དགོས་ངེས་ཀྱི་གོ་རིམ་ལེགས་པར་བསྒྲིགས་པ་ཙམ་མ་གཏོགས། རྩོམ་རིག་ངོས་ཐད་ཀྱི་མཛེས་བཟོ་ཡག་ལས་ཅི་ཡང་མ་བྱས་པར་ཇི་བཞིན་ཐོས་པ་དག་དེ་བཞིན་དུ་བྲིས་པས། བདེན་སྣང་ཆེ་ཞིང་། བདེན་པའི་མཐུ་དེ་ལ་བརྟེན་ནས་ཤིན་ཏུ་ཤན་སྟོབས་དང་ལྡན་པ་ཞིག་འདུག་པས་ཧ་ལས་ཤིང་སེམས་འགུལ་བ་ཞིག་བྱུང་།  

དེ་ཡང་མིའི་རིགས་རིག་པའི་བློ་སྦྱོང་དང་། དེ་ལ་བརྟེན་ནས་བྱུང་བའི་ཐུན་མོང་མིན་པའི་མཐོང་སྣེ་ལ་མ་བརྟེན་པར་འདི་ལྟ་བུའི་བཅར་འདྲིའི་རྩོམ་ཐུང་འབྱུང་བ་ཤིན་ཏུ་དཀོན་པར་སྙམ་སྟེ། འདིར་གསལ་བའི“མིང་ངོ་མ”དང“མིང་བཏགས་མ”།  “འབྲོག་ས”དང“རྫོང་ཐོག”། སྤྱིར་བཏང་འབྲེལ་ས་མི་འགྲོ་བ་ལྟར་སྣང་བའི“ཤེལ་མིག”དང“ངོ་ཚ”།གཅིག་གིས་ཤེལ་མིག་ཅིག་ཡོད་ན་ཅི་མ་རུང་གྱོན་ཆོག་ན་ཅི་མ་རུང་སྙམ་པ་ལ། འགའ་ཤས་ནས་གྱོན་པ་ཙམ་མ་ཟད་ཕངས་མེད་དུ་བཅག་འགྲོ་ལུགས། དེ་བཞིན“ང་ཚོ་ཆེས་སྐྲག་ས”གང་ཡིན་པ་སོགས་ཀྱིས།  མི་དཀྱུས་མ་ཞིག་གི་ཡལ་མེད་པའི་རང་བརྩིའི་བསམ་པ་དང་། འབྲོག་པ་ཚོ་གྲོང་ཁྱེར་ཅན་དུ་འགྱུར་བའི་གོ་རིམ། སྲོལ་རྒྱུན་དང་དེང་རབས་ཀྱི་གདོང་གཏུག ལས་རིགས་ཀྱིས་མི་ལ་གྲལ་རིམ་བཀར་ལུགས། གྲོང་བརྡལ་གྱི་སྤྱི་རྫས་དོ་དམ་བྱེད་ཚུལ་གྱི་གནད་དོན་སོགས་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་ངོས་གཅིག རིམ་པ་གཅིག ཚད་གཅིག་རྗེན་པར་བསྟན་འདུག་པས། བཅར་འདྲིའི་ལུགས་ཀྱི་རྩོམ་འདིིའི་རིན་ཐང་ཡང་མངོན་པར་དོད་འདུག་ཅིང་།  ཞོར་ལ།  མིའི་རིགས་རིག་པ་བའི་མཐོང་སྣེ། གནད་འཛིན་སྟངས། བཅར་འདྲིིའི་ནང་དོན་ཆད་ལྷག་སྣོན་འཕྲི་མེད་པར་ཡི་གེར་འཕབ་ལུགས་སོགས་ཀྱིས་ཀྱང་ཡི་གེ་བ་དག་ལ་བློ་སྐྱེད་སྩོལ་ཐུབ་པར་དམིགས་ནས།  འདིར་ཁོལ་དུ་ཕྱུང་སྟེ་ཆེད་དམིགས་འོས་སྦྱོར་བྱས་པ་ཡིན་ནོ།། 


______སྒར་བ་ཚེ་བཀྲས།


“སྐྱག་བྱབས”དང་ཤེལ་མིག ད་དུང་ང་ཚོ་ཆེས་སྐྲག་ས།


_____བཅར་འདྲི་དང་ཡི་གེ་བ། ཀ་གྱའི་དཔའ་རྩེ་རྒྱལ།


ད་སྐབས་ངའི་མིང་ངོ་མ་ནས་འབོད་མཁན་གྱི་མི་ཇེ་ཉུང་ནས་ཇེ་ཉུང་རེད། མི་མང་པོ་ཞིག་གིས་ང་ཚོའི་མིང་ལ་”སྐྱག་བྱབས”་ཟེར། 

ང་ཐོག་དང་པོར་རྫོང་ཐོག་ལ་ཡོང་དུས་ཉིས་སྟོང་དགུ་ཡི་ལོ་ཡིན། ངའི་ཕ་ཡུལ་འབྲོག་ས་ན་ཕུ་བོ་གཉིས་དང་ཨ་ཅེ་གཅིག་ཡོད། རྩྭ་ས་ཁྱིམ་ཚང་ཁྱིམ་ཚང་ལ་བགོས་རྗེས་ངའི་མིང་སྲིང་ཚང་མ་ལ་ལས་རྒྱུ་ཅང་མེད་གི ཟོག་ལུག་ལྕགས་རའི་ནང་ལ་བརྒྱབ་རྗེས་སྔོན་མ་ལྟར་དཀའ་ལས་ཅང་ཡོད་ནི་མ་རེད། སྔོན་ཆད་ལྟར་ཟོག་ལུག་འཚོ་སྐྱོང་ཡང་བྱེད་དགོས་ནི་མ་རེད། དེ་ནས་ངེད་བཟའ་མི་ཚང་མས་གྲོས་བྱས་ཏེ་ང་རྫོང་ཐོག་ལ་སོང་ནས་ཡོང་སྒོ་རེ་བཙལ་ན་བཟང་གི་བསམ་ནས་རྫོང་ཐོག་ལ་ཡོང་རྩིས་བྱས་པ་རེད། ཏག་ཏག་སྐབས་དེར་ང་ཚོའི་སྡེ་བའི་མགོ་ཁྲིད་ཀྱིས་རྫོང་ཐོག་ན་ལས་ཀ་བ་བསྡུ་བཞིན་འདུག་ཟེར། ལས་ཀ་གཙོ་བོ་སྲང་ལམ་གྱི་གད་སྙིགས་ཉ་ར་བྱེད་རྒྱུ་དེ་རེད་ཟེར། ལས་ཀ་འདི་ཡང་གོང་མགོ་ཁྲིད་ལ་འབྲེལ་བ་ཅུང་མེད་ན་ལག་ལ་ཡོང་རྒྱུ་དཀའ་ཪབས་ཟེར། ཉུང་ན་ཡང་མགོ་བ་ཞིག་ལ་ལུག་གཅིག་སྟེར་དགོས་ནི་རེད་ཟེར། དེ་ནས་ང་ཚོའི་སྡེ་བའི་མགོ་ཁྲིད་ཀྱིས་བཀོད་སྒྲིག་དང་རོགས་བྱས་ནས་ལས་ཀ་འདི་ལག་ལ་ཡོང་བ་རེད།

ད་ནི་ལས་ཀ་འདི་ལས་ནས་ཕལ་ཆེར་མི་ལོ་བཅུ་ལྷག་འགྲོ་བཞིན་འདུག

ད་ཁྱོད་ཀྱིས་ང་ལ་དྲིས་པ་རེད་མ་གཏོགས་ངའི་ཉ་ཉོག་འདི་ལ་རིན་ཐང་ནི་ཅང་ཡོད་ནི་མ་རེད།   ཁྱོས་ང་ལ་འདིའི་སྐོར་ནས་ཁ་བརྡ་ཞིག་བྱོས་ཟེར་བས་ངས་ཡིད་ལ་དྲན་དྲན་གོ་བཤད་གོ་ནི་ཡིན། ང་ཐོག་དང་པོར་རྫོང་ཐོག་ལ་ཡོང་དུས་མོ་ལོ་ཉེར་ལྔ་ཡིན། དེ་དུས་དངོས་གནས་རང་གི་འབྲོག་ས་ཅིག་དྲན་གི རྫོང་ཐོག་ལ་མ་ཡོང་སྔོན་ལ་རང་གི་འབྲོག་ས་སྐྱིད་པ་ཡང་མ་ཤེས་ཟིག རྫོང་ཐོག་ལ་མ་ཡོང་བར་དུ་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ངས་ཟོག་ལུག་འཚོ་སྐྱོང་བྱས་ནས་བསྡད་པ་རེད། ང་གླུ་ལེན་རྒྱུཪ་དགའ་ནི་ཟིག་ཡིན། སྔོན་ཆད་ཟོག་ལུག་འཚོ་ཞོར་གླུ་ལེན་ཞོར། ཟོག་རྫི་གཞན་པ་མཉམ་དུ་རྩེ་ཞོར་དགོད་ཞོར་ངོ་མ་སྐྱིད་ནོ་མ་ཤེས་ཟིག དེ་དུས་ངོ་མ་ཞེ་སྣང་བ་བར་སྣང་ཁམས་ཡིན། ད་འབྲོག་ས་ཅི་འདྲ་དྲན་ན་ཡང་རུ་སྡེ་བས་དེ་ཚང་གི་བུ་མོས་མྱི་སར་སོང་ནས་མྱི་གོ་མ་ཆོད་ནི་རེད་ཟེར་གི་བསམ་ནས་སྲ་ལ་བྱས་ནས་ལས་ཀ་འདི་ལས་པ་ཡིན། ཟླ་རེ་རེའི་ཟླ་ཕོག་བྱིན་རྗེས་ཪང་གི་ཕ་མ་དང་ཤ་ཉེ་ཚོར་སྔོ་ཚོད་ཟེར་རྒྱུ། སྨན་ཟེར་རྒྱུ། བྱིས་པ་ཚོར་ཞོར་ཟས་ཟེར་རྒྱུ་དེ་མོ་དེ་ཉོ་བྱེད་ཀྱི་སྒོར་རྡོག་འགའ་ཡོད་གི དེ་བས་འགྲིག་བསྡད་ཡོད་གི་བསམ་ནས་ད་ལས་ཀ་འདི་ལ་འཇུས་ནས་མི་ལོ་དེ་འདྲ་མང་པོ་ཞིག་འགོར་སོང་ནི་རེད། ཐོག་དང་པོར་ཟླ་ཕོག་ལ་སྒོར་བཞི་བརྒྱ་ལྷག་མ་གཏོགས་མེད་གི ད་སྐབས་ཟླ་ཕོག་ལ་སྒོར་སྟོང་དང་དྲུག་བརྒྱ་ལྷག་ཡོད་གི ད་འགྲིག་བསྡད་ཡོད་གི འགྲིག་བསྡད་ཡོད་གི

ང་མི་ལས་ངན་ཟིག་ཡིན། ཆུང་དུས་ནས་མིག་གཡོན་པ་ན་ནས་མིག་ཆུ་རྒྱུན་ཆད་རྒྱུ་ཞིག་མེད། མིག་སྨན་རེ་གཏིག་གི་བསྡད་ན་ཅུང་བཟང་གི སྨན་པ་འགའ་ཡོད་སར་སོང་མོད་ཕན་ཅང་མ་ཐོགས་ཐལ།

མི་མང་པོ་ཞིག་གིས་ཤེས་རྒྱུ་མ་རེད། སྲང་ལམ་གྱི་གད་སྙིགས་ཉ་ར་བྱེད་མཁན་ཚོས་ལྭ་བ་མདོག་ཅན་ཞིག་གྱོན་དགོས་ནི་རེད། དེ་ཕལ་ཆེར་ཚང་མས་རིག་ཡོད་རྒྱུ་རེད། གྱོན་པ་འདིའི་མདོག་དེ་མིག་ལ་ཞེ་གི་གནོད་ནི་ཞིག་རེད། ལྷག་པར་ཏུ་དེའི་ཐོག་ལ་ཉི་མ་བརྒྱབ་རྗེས་མིག་གིས་ལྟ་མི་ཐུབ་ནི་ཞིག་རེད། ཡིན་ན་ཡང་ང་ཚོས་ལྭ་བ་འདི་ཉི་མ་རྟག་པར་གྱོན་དགོས་ནི་རེད། དེ་སྒྲིག་ལམ་རེད། ང་ཚོར་སྒྲིག་ལམ་མང་པོ་མང་པོ་ཞིག་ཡོད་ནི་རེད། སྐབས་འགར་སེམས་ལ་འདི་འདྲ་དྲན་མྱོང་། ཨ་ཤུ་རེ་གོ ཤེལ་མིག་ནག་པོ་ཞིག་གྱོན་ན་མིག་ལ་ཅུང་བཟང་གི་བསམ་ནི་ཞིག་རེད། ཡིན་ན་ཡང་ཤེལ་མིག་ངོ་ཚ་ནས་གྱོན་མི་ཐུབ་གི རྫོང་ཐོག་ནས་མི་ཚང་མས་ང་ཚོའི་མིང་ལ་སྐྱག་བྱབས་ཟེར་ནི་རེད། ང་ཚོའི་མིང་ལ་གཅིན་སྐྱག་བྱབས་མཁན་ཚོ་ཡང་ཟེར་ནི་རེད།

སྐྱག་བྱབས་ཤིག་གིས་ཤེལ་མིག་ཅིག་གྱོན་ནས་བསྡད་ཡོད་གི་ཟེར་རྒྱུ་རེད་བསམ་ནས་ཤེལ་མིག་གྱོན་རྒྱུཪ་ངོ་ཚ་གི ཡང་མི་ཁ་ཤས་ཀྱིས་བཤད་ན་ཤེལ་མིག་རྫུན་མ་གྱོན་ན་གནོད་མ་གཏོགས་ཕན་ཡོད་ནི་མ་རེད་ཟེར། ངས་ཤེལ་མིག་ངོ་མ་གང་ཡིན་པ་དང་རྫུན་མ་གང་ཡིན་པ་ཡང་མི་ཤེས་གི ཤེལ་མིག་ནག་པོ་གྱོན་མཁན་མང་ཆེ་བ་ཡང་ལས་བྱེད་པ་དང་གསར་བུ་གསར་མོ་རྐྱལ་སྟོང་གི་རིགས་རེད། མི་ཁ་ཤས་ཀྱིས་ཤེལ་མིག་དེ་ཡག་ཞིག་རེད་བསམ་གྱིན་ཡོད་པ་འདྲ།

ཨ་ཤུ་རེ་གོ་ངས་སྲང་ལམ་ཉ་ར་བྱེད་སྐབས་ཉི་མ་འགོག་བྱེད་ཅིག་ཡོད་རྒྱུ་ན་ཅི་མ་རུང་བསམ་ཡང་ད་ངོ་ཚ་ནས་ཤེལ་མིག་ནག་པོ་གྱོན་མི་ཐུབ་གི་་་ཧ་ཧ་ཧ་ཧ་་་མིག་ན་རྒྱུ་ཉིན་རེ་ནས་ཇེ་ཐུ་རེད། ནམ་ཉི་མ་ཞིག་ལ་ཚང་མས་ངའི་མིང་ལ་སྐྱག་བྱབས་ཞ་ར་ཟེར་ན་ཡང་ཐང་་་ཧ་ཧ་ཧ་ཧ།

ངས་ཁྱོད་ལ་གོང་ནས་བཤད་པ་ལྟར་སྲང་ལམ་གྱི་གད་སྙིགས་ཉ་ར་བྱེད་མཁན་ཚོར་སྒྲིག་ལམ་མང་པོ་མང་པོ་ཞིག་ཡོད་ནི་རེད། ལོ་མང་པོ་ཞིག་ལ་ང་ཚོ་སྐོར་ཞིག་གི་འགན་ནི་གེ་སར་ཐང་ཆེན་ལ་བདག་བྱེད་རྒྱུ་དེ་རེད། ཉིན་དཀར་ང་ཚོས་གེ་སར་ཐང་ཆེན་གྱི་གད་སྙིགས་ལ་བདག་བྱེད་དགོས་པ་རེད། རྒྱ་བོད་ཧེ་ཧེ་ཚང་མ་གད་སྙིགས་ས་ལ་གང་འདོད་དུ་འཕེན་རྒྱུར་འཛེམ་དོགས་ཅི་ཡང་མེད་གི དགུང་མོ་ང་ཚོས་རེས་བསྐོར་ནས་གེ་སར་ཐང་ཆེན་སྲུང་དགོས་ནི་རེད། ནམ་གུང་ཆུ་ཚོད་གཉིས་གསུམ་གྱི་སྐབས་དེར་གེ་སར་ཐང་ཆེན་ལ་ཆང་འཐུང་ཚོ་ཡོང་ནས་གཅིན་སྐྱག་གང་འདོད་ལྟར་གཏོང་ནི་རེད། ཆང་འཐུང་མང་ཆེ་བ་བོད་ཀྱི་གསར་བུ་གསར་མོ་ཚོ་རེད། ང་ཚོས་ཁོ་ཚོར་གེ་སར་ཐང་ཆེན་ལ་གཅིན་སྐྱག་མ་གཏོང་ཟེར་ན་ཁོ་ཚོས་ང་ཚོ་ལ་གེ་སར་ཐང་ཆེན་ཁྱོད་ཚོ་སྐྱག་བྱབས་ཚོའི་ཡིན་ནི་ཨེ་རེད་ཅེས་ངོ་མཚང་འདྲུ་ནི་རེད།

ཐེངས་མང་པོ་ཞིག་ལ་ང་ཚོར་རྡུང་ཡང་མྱོང་།

གེ་སར་ཐང་ཆེན་ནས། ང་ཚོ་ཆེས་སྐྲག་ས་དང་སེམས་ཁུར་ཆེ་ས་ཁོ་ཚོའི་གཅིན་སྐྱག་དང་སྐྱུག་ལུད་ཉ་ར་བྱེད་རྒྱུ་དེ་མ་རེད། ཆང་འཐུང་ཚོ་ཆང་གིས་བཟི་རྗེས་ནམ་རྒྱུན་གེ་སར་ཐང་ཆེན་ལ་ཡོང་ནས་ཀི་འདེབས་ནི་རེད། དེ་དུས་ང་ཚོ་ཆེས་སྐྲག་ས་དེ་ཁོ་ཚོས་གད་སྙིགས་འཕེན་སའི་སྣོད་ཀྱི་སྟེང་ལ་རྡོག་ཐོས་རྒྱག་མིན་དེ་རེད། ནམ་རྒྱུན་ཀི་འདེབ་དུ་ཡོང་དུས་ཁོ་ཚོས་ཧ་ལམ་གད་སྙིགས་ཀྱི་སྒམ་ལ་རྡོག་ཐོས་རྒྱག་ནི་རེད། རྡོག་ཐོས་རྒྱག་མགོ་ཞིག་བརྩམས་དུས། ཧ་ལམ་བརྒྱབ་ནས་བཅག་འཇོག་ནི་རེད། ཞོར་ལ་ཁོ་ཚོས་གྱོན་པའི་ཤེལ་མིག་ནག་པོ་དེ་ཚོ་ཡང་བཅག་འཇོག་ནི་རེད། ཤེལ་མིག་བཅག་ན་བཅག་མོད། སྙིགས་སྒམ་བཅགས་དུས། མཐའ་མ་ང་ཚོས་སྐྱིན་དགོས་ནི་རེད། ང་ཚོའི་སྒྲིག་ལམ་ལྟར་ན་གད་སྙིགས་འཕེན་སའི་སྣོད་དེ་སྲུང་མ་ཐུབ་ཚེ་ང་ཚོའི་ཟླ་རེ་རེའི་ཕོག་ནང་ནས་ཆ་སྙོམས་བྱས་ནས་བགོས་རྗེས་གསར་པ་ཞིག་ཉོ་དགོས་ནི་རེད། སྤྱིར་ཟླ་རེའི་ཕོག་ན་ཆེ་ཞིག་ཡོད་ནི་མ་རེད།

མི་སྡུག་མིས་མི་ཤེས་ཟེར་བ་ངོ་མ་ཅིག་བདེན།


༧/༣/༢༠༢༠ གྲུབ། 


ཡོང་ཁུངས། དཔྱད་གླེང་འཕྲིན་སྟེགས།



No comments:

Post a Comment

Adbox