ཨ་ཁུ་ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ།
ཧོར་གླིང་གཡུལ་འགྱེད། I གཙོ་སྒྲིག་པ་གངས་དཀར་རི་བོ།
ཉིན་ཞིག་སྤྲང་རྒན་སྤྲེའུ་འཁྲིད་མཁན་ཞིག་རྨ་ཆུའི་རབ་ཁ་ལ་སླེབས། དུས་དེའི་ཚེ་སྔར་གྱི་འབྲུག་མོའི་གཡོག་མོ་ཨ་ཆུང་སྐྱིད་དང་ལི་ཆུང་སྐྱིད་གཉིས་ཀྱང་ཆུ་ལེན་དུ་འོང་། ཁོ་མོ་གཉིས་ཀའི་གཡས་སྐྲ་བསླས་ཤིང་གཡོན་སྐྲ་སིལ་མར་བཀྲོལ། འགྲམ་པ་གཡས་པ་ལ་དཀར་རྩི་བྱུགས་ཤིང་གཡོན་ལ་དྲི་མག་༡ བྱུགས། སྤྲང་རྒན་གྱིས་དེ་གཉིས་མཐོང་བ་དང་ “ཆུ་ལེན་གཉིས་ཀྱི་མིང་ལ་ཅི་ཟེར། སུ་ཡི་གསོལ་ཆུ་ལེན་པ་ཡིན། ལུང་པ་འདིའི་མིང་ལ་ཅི་ཟེར། མཁར་འདིའི་མིང་ལ་ཅི་ཟེར། ཁྱེད་རང་གཉིས་ཀྱིས་གཡས་སྐྲ་བསླས་ཤིང་གཡོན་སྐྲ་སིལ་མར་བཀྲོལ་དོན་ཅི་ཡིན། འགྲམ་པ་གཡས་ལ་དཀར་རྩི་དང་གཡོན་ལ་དྲི་མག་བྱུགས་ནས་མི་སྲིད་པའི་ལས་འདི་འདྲ་བྱེད་དོན་ཅི་ཡིན། ཁྱེད་གཉིས་ཀྱིས་དཔོན་པོ་ལ་སྤྲང་རྒན་གྱིས་རྩེད་མོ་ཞིག་འབུལ་ཆོག་པའི་ཞུ་སྣ་༢ གནང་རོགས་ཤིག་བྱས་ན་ཅི་འདྲ་” ཅེས་དྲིས།
ཆུ་ལེན་གཉིས་ན་རེ། “སྤྲང་རྒན་ལགས། ངེད་གཉིས་དཔོན་པོའིགསོལ་ཆུ་ལེན་མི་ཡིན། ལུང་པ་འདི་ལ་གླིང་དཀར་སྟོད་ཟེར། དཔོན་པོ་ལ་ཁྲོ་ཐུང་ཟེར། དཔོན་མོ་ལ་གསེར་མཚོ་ཟེར། མཁར་འདི་ལ་ཕོ་བྲང་སྟག་རྩེ་ཟེར། ངེད་གཉིས་ཀྱི་མིང་ལ་ཨ་ཆུང་སྐྱིད་དང་ལི་ཆུང་སྐྱིད་ཟེར། སྔར་ཡིན་ན་ངེད་གཉིས་རྒྱལ་པོ་གེ་སར་དང་རྒྱལ་མོ་སེང་ལྕམ་འབྲུག་མོ་གཉིས་ཀྱི་ཕྱག་ཞུ་ཡིན་ཡང་། ད་ལྟ་ཁྲོ་ཐུང་གི་གཡོག་བྱེད་དགོས་པ་འདུག ངེད་གཉིས་ཀྱིས་གཡོན་སྐྲ་སིལ་མར་བཀྲོལ་བ་ནི་འབྲུག་མོ་ཧོར་གྱིས་ཁྱེར་བས། དུས་འདིར་མཇལ་མི་ཐུབ་པའི་སེམས་སྡུག་བཟོད་གླགས་མེད་པ་དེའི་སྡུག་ཡིན། གཡས་སྐྲ་བསླས་པ་འདི་རྒྱལ་པོ་གེ་སར་ཁོང་སྐུ་གཤེགས་མི་སྲིད་སྙམ་པ་ཡིན། འགྲམ་པ་གཡས་ལ་དཀར་རྩི་བྱུགས་པ་འདི། གླིང་གི་རྒྱལ་པོ་ཆེན་པོ་ཁོང་གིས་དགྲ་ཕར་འདུལ་མ་གཏོགས་ཚུལ་འདུལ་ཞིག་འབྱུང་མི་སྲིད་པའི་རྟགས་ཡིན། གཡོན་ལ་དྲི་མག་བྱུགས་པ་འདི། རྒྱལ་པོ་ཁོང་ཕེབས་ནས་ནང་དགྲ་འདུལ་བའི་རྟགས་ཡིན། ངེད་གཉིས་ཀྱིས་ཁྱེད་ཀྱི་ཞུ་སྣ་བྱེད་མི་ཕོད། ངེས་གཉིས་ལ་བཀའ་བཀྱོན་ཡོང་། ཁྱོད་རང་དཔོན་པོའི་རྒྱ་སྒོའི་ནང་ལ་ཕེབས་ནས་སྐུ་རྩེད་ཕུལ་རོགས་” ཟེར།
སྤྲང་རྒན་གྱིས་ཁྲོ་ཐུང་གི་རྒྱ་སྒོའི་མདུན་ནས་རྒྱང་འབོད་ཅིག་བྱས་ཏེ། “ང་ལ་ལྟོ་ཞིག་གནང་རོགས། སྐུ་ཚེ་རིང་” ཟེར།
ཁྲོ་ཐུང་གིས་སྐད་ཆ་དེ་ཐོས་མ་ཐག་ཤིང་ཁྲིའི་སྟེང་དུ་བསྡད་དེ། སྤྲང་རྒན་ལ་སེང་ཆེན་བདུད་ལ་སོང་ནས་བདུད་ཕར་འདུལ་ཚུར་འདུལ་ཅི་འདྲ་བྱུང་བ་ཨེ་ཐོས་འདྲི་དགོས་སྙམ་སྟེ། སྒོ་སྲུང་ལ་ “སྤྲང་རྒན་ནང་དུ་ཐོངས་ཤིག་” ཟེར།
སྤྲང་རྒན་རྒྱ་སྒོའི་ནང་དུ་སླེབས་མ་ཐག་ཁྲོ་ཐུང་གིས་རྒྱང་ནས། “སྤྲང་རྒན་ཁྱོད་ཚོས་རྒྱལ་ཁམས་ཨ་ལོང་སྐོར་སྐོར། དབུས་གཙང་ཛཱཏི་༣ གཤག་གཤག སྤྲང་པོ་གཏམ་ཁྱེར་ལུང་པའི་མདོ་ལ་འགྲོ། ཕོ་རོག་ཤ་ཁྱེར་ལུང་པའི་ཕུ་ལ་འགྲོ་ཟེར་བ་ལྟར། ཁྱོད་བདུད་ཡུལ་ནག་པོ་ལ་ཨེ་སོང་། སོང་ན་དགོས་པའི་སྐད་ཆ་གལ་ཆེན་ཞིག་འདྲི་རྒྱུ་ཡོད་” ཟེར་བ་ན། སྤྲང་རྒན་གྱིས་ང་བདུད་ཡུལ་ལ་སོང་ནས་ཁ་སང་ཕྱིར་སླེབས་པ་ཡིན་ཟེར།
ཁྲོ་ཐུང་གིས་སྐད་ཆ་དེ་ཐོས་པ་དང་ཤིན་ཏུ་དགའ་སྟེ། སྐས་རིང་ནས་བབས། སྐས་ཐུང་ནས་མཆོང་བཞིན་ཡོང་ནས། སྤྲང་རྒན་གྱི་མདུན་དུ་རྩམ་པ་ཀ་ཏོ་ར་གང་དང་ཆང་རྫ་བུམ་གང་བཞག་སྟེ། “ཡ་ཡ། རྒོད་པ་ཆང་འཐུངས་ཆང་འཐུངས། སྐད་ཆ་གང་ཡོད་ཤོད་དང་། ཁྱོད་ལ་ལྟོ་གོས་མཐུན་རྐྱེན་གང་དགོས་སྟེར། སྔར་ངའི་ཚ་བོ་ཞིག་བདུད་འདུལ་བར་སོང་ནས་ད་བར་དུ་ཕྱིར་མ་འཁོར། ཤི་འདུག་ཟེར་ནས་ལོ་གསུམ། མ་ཤི་ཟེར་ནས་ལོ་གསུམ། ཤི་མ་ཤི་ཟེར་ནས་ལོ་གསུམ། ཡོངས་སུ་བསྒྲིལ་ནས་ལོ་གསུམ་གསུམ་དགུ་འགོར་སོང་། ཁོས་དགྲ་ཕར་འདུལ་བྱུང་ངམ་ཚུར་འདུལ་བྱུང་། ཁོ་ཤི་འདུག་གམ་ཤི་མི་འདུག སྐད་ཆ་གསལ་བོ་ཞིག་ཤོད་དང་” ཟེར།
སྤྲང་རྒན་གྱིས་ “དཔོན་པོ་ལགས། བདུད་ཀླུ་བཙན་རྒྱལ་པོས་ང་ལོ་གསུམ་གཡོག་ཏུ་བཀོལ། གཡོག་ལ་བྱམས་དང་སྙིང་རྗེ་ཅན་ཁོང་ལྟ་བུ་མེད། ངེད་དཔོན་གཡོག་གཉིས་བསམ་པ་འོ་ཆུ་ལྟར་འདྲེས། གླིང་གེ་སར་དགྲ་པར་འདུལ་མ་རེད་ཚུར་འདུལ་རེད། ཁོ་ཤི་ནས་ལོ་བཅོ་བརྒྱད་སོང་། རྐྱང་རྒོད་གཡེར་བ་དེ་མེ་བཟས་ཆུ་ལེན་གྱི་ཁལ་རྟ་བྱེད་བཞིན་འདུག དོང་བ་ལྷ་ཤོག་ལྡེམ་པ་༤ དེ་བདུད་མོས་འཕང་སྒམ་༥ བྱེད་བཞིན་འདུག རལ་གྲི་དངོ་དམར་རྡུལ་གཅོད་དེ་མེ་བཟས་མེ་ཡོག་༦ བྱེད་བཞིན་འདུག སྔོན་སེང་ཆེན་ཞེས་པ་སེང་གེ་དཀར་མོ་འདྲ་བ་དེ། དུས་དེང་སང་ཁྱི་རྒན་སྒོ་ཉལ་ཞིག་གི་སྐྱེ་བ་ལས་ཀྱང་ཐུ།༧ ཁྱེད་དགའ་ཡང་སྡུག་ཀྱང་གནས་ཚུལ་དྲང་མོར་ཞུས་ན་དེ་འདྲ་རེད་” ཅེས་ལན་བཏབ།
ཁྲོ་ཐུང་གིས་གནས་ཚུལ་དེ་ཐོས་པ་དང་དགའ་ནས་སྤྲང་རྒན་ཁྲི་མཐོན་པོ་ཞིག་གི་སྟེང་དུ་བཞག་སྟེ། སྟོན་མོ་དང་དགའ་སྤྲོའི་འབུལ་བ་མང་པོ་ཕུལ་ནས། “ཡ། ཡ། ད་སེམས་བདེ་བ་ཡིན མི་ཚེ་རྒས་ཁ་སྐྱིད། ཉི་མ་ཕྱི་དྲོ་དྲོ་ཟེར་བ་དེ་ཡོང་འདུག བསམ་པའི་དོན་འགྲུབ། ངའི་ཚ་བོ་ངན་པ་གཤིས་གྱོང་དེ་ལ་བསླབ་བྱ་བྱས་ན་མི་ཉན། གྲོང་མི་ཁྱིམ་མཚེས་ཐམས་ཅད་ཀྱི་ཁམས་བདེ་བར་མི་འཇུག གླིང་ཕུ་མདོ་ཐམས་ཅད་དགྲ་རུ་བལྟས། ངན་པ་དེ་སྐྱེ་དུས་ནས་གཤིས་རྒྱུད་གྱོང་། ཚེ་དེ་ཙམ་ལས་མི་རིང་བ་འོས་པ་ཡིན་” ཟེར། དེ་གསེར་མཚོས་ཐོས་ནས་ད་ཅི་བྱེད་ཟེར་ནས་ངུས་པས། ཁྲོ་ཐུང་གིས་དབྱུག་པས་བརྡུངས་པས་བརྒྱལ་ལོ།།
སྤྲང་རྒན་གྱིས་སྙིང་རྗེ་ནས་བསྒུགས་བསྡད་པས། མོ་བརྒྱལ་སངས་པ་དང་སྤྲང་རྒན་ལ་ “མི་ངན་ཁ་ནས་གཏམ་ངན། ཁྭ་ཏའི་ཁ་ནས་ཨག་སྐད། ཁྲོ་ཐུང་གླིང་པའི་དཔོན་པོ་འདྲ་བ་འདི་ལ་ཕྱི་ནང་གི་ཁྱད་པར་མེད། དེ་རིང་གཏམ་ངན་པ་འདི་འདྲ་བ་བྱུང་དུས་སེམས་དེ་འདྲ་དགའ་བ་སྲིད་དམ་” ཟེར་ནས་ངུ་བཞིན་བསྡད་དོ།།
དེའི་ཚེ་སྐུ་མཁར་གྱི་རྩར་ཨ་མ་འགོག་བཟས་གཏམ་ཞིག་འདྲི་སྙམ་ནས་བལྟས་ཡོད་ཀྱང་། སྤྲང་རྒན་དེར་གཡོལ་ནས་རྟབ་རྟབ་པོར་གཞན་དུ་ཕྱིན་ཏོ།།
དེའི་ཕྱི་ཉིན། ཉི་མ་ལ་ཤར་ལུང་ཤར་དུ་གྱུར་པའི་ཚེ་ན། ག་ཤེད་༨ ནས་འུར་སྒྲ་ཞིག་གྲག་བཞིན་རིམ་གྱིས་སྒྲ་ཇེ་ཆེ་ཇེ་ཆེར་འོང་བཞིན་པ་ན། ཨ་མ་འགོག་བཟས་མྱུར་དུ་མཁར་ཁ་ལ་ཕྱིན་ནས་བལྟས་ཚེ། གེ་སར་གྱིས་རྟ་རྐྱང་རྒོད་གཡེར་བ་ལ་བཅིབས་ཏེ་བང་གིས་རྒྱུག་བཞིན་ཁྲོ་ཐུང་གི་རུ་སྡེའི་ལྷོ་ནུབ་ཕྱོགས་ནས་ཁྲི་དམག་སྟོང་དམག་རྒྱུག་པ་ལྟ་བུའི་རྨིག་སྒྲ་དང་བཅས་རྡུལ་གྱི་སྨུག་ཞགས་ལང་ལོང་དུ་འཁྲིགས་ཏེ་ཁྲོ་ཐུང་གི་སྒོ་དྲུང་དུ་ཕེབས་བྱུང་། ཁྲོ་ཐུང་གིས་སྒོའི་ཡ་ཐེམ་ནས་རིག་སྟེ། “འཕུང་མོ། གེ་སར་ཁོང་ཐོན་བྱུང་། ད་ཅི་བྱེད། ང་ཡུལ་ན་མེད་ཅེས་ཤོད་ལ། ཤ་སྒྲོ་༩ དེ་ངའི་སྟེང་དུ་ཁོབས་” ཟེར་ནས་སྦས་སོ།།
གསེར་མཚོའི་སེམས་ལ་ནམ་ལངས་པ་འདྲ་བ་ཞིག་བྱུང་ནས། བསང་ཕུད་དེ་དགའ་སྐྱིད་བདེ་གསུམ་ངང་རྒྱལ་པོའི་མདུན་བསུ་བར་རྒྱུགས།
གེ་སར་ནོར་བུ་དགྲ་འདུལ་དེས་དབུ་སྐྲ་ལྕང་ལོ་ཉིལ་ལེ། ཞལ་རས་བཅོ་ལྟའི་དུང་ཟླ་ཚེས་འདྲ་བྱས་ནས་ཆིབས་རྟར་འཆིབ་བཞིན་དུ། “ཡ། འདི་ཚང་གི་ཨ་ཁུ་ཁྱིམ་དུ་ཡོད་ན་སྒོ་ལ་བུད། ཁྱོད་ཀྱི་ཚ་བོས་བདུད་ཀླུ་བཙན་རྒྱལ་པོ་ཐོད་མདས་བསད། བདུད་ནག་ཕྱོགས་ཐམས་ཅད་བྲན་དུ་བཀོལ། སྨན་མེ་བཟས་བདུད་ནོར་ཐམས་ཅད་གླིང་ལ་དྲངས། ངེད་ཀྱིས་རི་གོ་ཆད་ནས་སླེབས་ཡོད། ཁྱོད་ཡུལ་བས་ཡུལ་གོ་གང་འདྲ་ཆོད་ཡོད། གཉེན་ཉེ་དུ་ཕྱི་ལ་ག་ཚོད་བཙོངས། ཧོར་འབུམ་དམག་གླིང་ལ་ཅི་ཙམ་དྲངས། ཧོར་གུར་དཀར་གྱི་བདག་རྐྱེན་གང་འདྲ་ཐོབ། ད་དེ་རིང་ངེད་གཉིས་དཔའ་གཏམ་བཤད་རེས་བྱ་” གསུངས།
གེ་སར་རྒྱལ་པོ་ཆིབས་ལས་བཤོལ་ཏེ་མཁར་ཐོག་ཏུ་ཨ་མའི་མདུན་དུ་བརྒྱུགས། ཨ་མ་དགའ་ནས་རྒྱལ་པོའི་མགུལ་ལ་འཁྱུད་ནས་ངུས་སོ། །རྒྱལ་པོས་ “ཨ་མ་མ་ངུ་། ང་ཡོང་བ་འདི་ཡིན། ཁ་སང་གི་སྤྲང་རྒན་དེ་ཡང་ང་ཡིན། དེ་རིང་ཁྱེད་ཀྱིས་མཁར་ཐོག་ནས་ལྟད་མོ་ལྟོས་” གསུངས་ཏེ་ཕེབས།
སྲུ་མོ་གསེར་མཚོས་རྐྱང་རྒོད་གཡེར་བ་བཏགས་ཤིང་། གེ་སར་རྒྱལ་ཕོ་ཁྲི་ཐོག་ཏུ་བཞུགས། སྲུ་མོས་ཤ་སྒྲོ་སྨུག་པོ་དེ་རྒྱལ་པོའི་མདུན་དུ་དྲུད་ནས་བཞག དེའི་སྟེང་དུ་མདུན་ཅོག་བརྟེན་ཅིང་། ཕྱེ་མར་དང་ཟས་ཕུད་མདུན་ཅོག་གི་སྟེང་ལ་བཞག་སྟེ། ལོ་ཆང་གི་ཉིང་ཁུ་བཟང་བོ་དྲངས་པ་ན། ཁྲོ་ཐུང་སྐྲག་ནས་ཤ་སྒྲོ་སྨུག་པོ་འདར་སིག་སིག་བྱེད། རྒྱལ་པོས་ “སྒྲོ་སྨུག་པོ་འདར་ན་ལྟས་ངན་ཡིན་” གསུངས་ཏེ། འབིག་༡༠ རྣོན་པོ་ཞིག་གིས་སྒྲོ་སྨུག་པོ་ལ་བསྣུན་པ་ན། ཁྲག་དམར་མཚམས་མི་ཆད་པར་རྒྱང་རྒྱང་བྱས་བྱུང་།
རྒྱལ་པོས་ “ཐན་སྒྲི་འདིར་མདུང་སྐྱ་རིང་བསྣུན་ན་ཆེ་དྲགས་པ་འདྲ། འབིག་རྣོན་པོས་བསྣུན་ན་ཆུང་དྲགས་པ་འདྲ། གྲི་ངར་མས་བརྒྱབ་ན་རན་ཚོད་རེད་” གསུངས་ནས་ཕྱག་གྲིས་ཡུ་བ་ཐུག་ཚད་ལ་བརྒྱབ་པ་ན། སྒྲོ་དང་ཁྲོ་ཐུང་མཉམ་དུ་ལངས་ཏེ་ཁྲག་ནག་པོ་རྒྱང་རྒྱང་དུ་ཐོན། ཁྲོ་ཐུང་གིས་སྐད་ངན་འདོན་མ་བཟོད་པར་གཅེར་བུར་བུད་ནས་བྲོས་པ་ན། རྡོག་མགོ་རྡོ་ལ་ཐོགས་ནས་ས་ལ་འགྱེལ་ཏེ། བྲང་ཨ་འདྲ་བ་ལ་པུས་མོ་ཨུ་འདྲ་བ་བཙུགས་ནས་འཕག་འཚག་ཀྱང་བྱེད་དཀའ་བའི་ཚེ་ན། རྒྱལ་པོས་གྲི་ཆུང་ཤེལ་གྱི་ཡུ་དཀར་དེ་བཏོན་ནས། “འདྲེ་ཁྱོད་གཉེན་ཉེ་དུ་ཐམས་ཅད་དགྲ་རུ་བལྟས། ཧོར་སེར་པོའི་དམག་སྣ་གླིང་ལ་དྲངས། ངའི་ཕུ་བོ་རྒྱ་ཚ་ཞལ་དཀར་བཀྲོངས། ངའི་ཡབ་ཆེན་སེང་བློན་དང་། མ་འགོག་བཟའ། ཤར་ཁྲ་བོ་གླིང་འདིའི་སྐྱེས་ཕོ་མོ་ཐམས་ཅད་སྡུག་ལ་བཀོད་” ཞེས་གསུངས་ནས་བྲང་ལ་གྲི་བཙུགས་ནས་བསྡད་པར། ཁྲོ་ཐུང་འདར་བཞིན་དུ་ “ཐུགས་བདེན། ཚ་བོས་གསུངས་པ་དེ་ངེས་པར་བདེན་མོད། ང་ཨ་ཁུ་ལ་སྲོག་སྐྱོན་མེད་པ་ཞུ་ཞུ། ང་ལ་ཧོར་གྱིས་གཏོར་མ་བརྒྱབ་ནས་སེམས་འཆལ་མ་འཆོལ་དུ་གྱུར། ད་ཨ་ཁུའི་རིག་པ་ལ་སྐྱོན་ཞིག་བྱུང་ནས་ཡིད་ཀྱིས་མི་ངེས་ལ་དྲན་པས་མི་ཟིན། ང་རྒད་པོའི་རིག་པ་སྐྱོན་ཞིག་མེད་ན། མགོ་ལ་ཐོར་ཅོག་གསུམ་འདི་གང་ནས་རྒྱག ནག་མོར་སྐྲ་གཡུ་གསུམ་གང་ནས་འདོགས། ཁྱི་གདའ་ལིའི་སྐེ་ལ་སྡོམ་སྐོར་གསུམ་འདི་གང་ནས་འཕེན། ཨ་ཁུ་སྨྱོས་ནས་བརྒྱབ་པ་ཡིན། མ་སྨྱོས་ན་འདི་འདྲའི་སྤྱོད་པ་ག་ལ་སྲིད། མ་བཅོས་པའི་ངན་ཁག་ཐམས་ཅད་ཨ་ཁུས་བླངས། ཚ་བོ་ལ་ཨ་ཁུས་ཤ་ལོས་ཚ། མི་བཟང་ཟེར་ཡང་ཨ་ཁུས་དགའ། ད་ང་ཨ་ཁུ་ལ་སྲོག་སྐྱོན་མེད་པ་ཞིག་མཁྱེན་” ཟེར་ནས་འདར་སིག་སིག་བྱེད།
དེ་ནས་རྒྱལ་པོ་ཆིབས་པ་བཅིབས་ཏེ་རྟ་ལྕག་གིས་རྐྱང་རྒོད་གཡེར་བ་ལ་མ་བྲབས་སྔོན་དུ་ཁྲོ་ཐུང་ལ་འབྲབ་བཞིན་ “ཤ་སྒྲོ་རོ་ལངས་བྱས་སོང་། སོད་སོད་” གསུངས་ནས་དེད་པར། གླིང་པ་ཐམས་ཅད་ངོ་མཚར་ནས་ཧབ་བགད་དི་རི་བ་བྱས། དེད་དེད་པའི་མཐར་ཁྲོ་ཐུང་ཉིན་སྲིབ་བར་གྱི་འཕྱི་ཁུང་ཞིག་ཏུ་འཛུལ་ལོ།།
རྒྱལ་པོས་རྐྱང་རྒོད་ཀྱི་ཁ་འཐེན་ནས་ཀེར་ལངས་ཤིག་མཛད་པའི་སྐབས་དེར། རྐྱང་རྒོད་བརྒྱུགས་པའི་ཐལ་རྡུལ་ནི་སྨུག་ཞགས་ཆེན་པོ་ལྟར་བར་སྣང་དུ་འཐིབས་པ་སྤྱི་དཔོན་གྱིས་གཟིགས་ནས་སེང་ཆེན་ཕྱིར་ཕེབས་པ་ཤེས་ཏེ། ཚ་ཞང་འདན་པ་བྱང་ཁྲ། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག དཔའ་མི་འགྱུར་སེང་སྟག་ཨ་དོམ། ཆོས་ལུ་དར་འཐེན། གསེར་པའི་ཉ་འབུམ་དར་ཡག་ཕེབས་པར། འཕྱི་ཁུང་ཞིག་གི་ལྟག་ནས་གཟིམ་གུར་མཐོང་བ་དོན་ལྡན་ཕུབ་ནས་གདན་བཤམས་པ་ལ་རྒྱལ་པོ་བཞུགས་སུ་གསོལ་ཏེ་ཐམས་ཅད་ཀྱིས་ཞལ་མཇལ། དཔའ་དར་འཐེན་ནས་སྙུན་འདྲི་ཞུས། ཟས་ཞིམ་པོའི་ཕུད་དང་། ཆང་བཟང་པོའི་ཉིང་ཁུ་རྒྱལ་པོའི་སྤྱན་སྔར་བཤམས་ཏེ། སྤྱི་དཔོན་གྱིས་རྒྱལ་པོ་བདུད་ཡུལ་དུ་ཕེབས་རྗེས་སུ་སྣང་ངུ་ཧོར་ལ་ཤོར་བ་དང་། རྒྱ་ཚ་བཀྲོངས་རབས་སོགས་ཀྱི་གནས་ཚུལ་ཞིབ་མོར་ཞུས།
རྒྱལ་པོས་ཀྱང་འཕུང་འདྲེ་ཁྲོ་ཐུང་གིས་ལས་ནག་པོ་ཅི་བྱས་ཐུགས་ལ་གསལ་བོར་མཁྱེན་བཞིན་ཡོད་པས། ད་དེ་རིང་ཁོའི་གསོན་སྙིང་དམར་འདོན་བྱེད་པའི་སེམས་ཐག་ཚོད་ཚུལ་གསུངས།
ཁྲོ་ཐུང་གིས་དེ་སྐད་ཐོས་པ་དང་སྙིང་འགས་ལ་ཁད་དུ་འཕྱི་ཁུང་ནས་ངོ་ས་ཐུལ་ལེ། ལག་པ་ཁྲག་ཙར་རེ། ལུས་གོས་མེད་གཅེར་བུར་ཡོང་ནས་ཡན་ལག་ལྔ་ས་ལ་སྦྱར་ཏེ། ཤི་སྐད་འདར་མ་འདར་གྱིས་སྤྱི་དཔོན་ལ་སྲོག་ཆད་གཅོད་མི་འོས་པའི་སྐྱབས་འཇུག་ཡང་ཡང་ཞུས། སྤྱི་དཔོན་གྱིས་ “འཕུང་རྒན་ཁྲོ་ཐུང་འདིས་ནང་གསང་བའི་གྲོས་ཇུས་ཕྱི་ལ་བཤད། ཕྱི་དགྲ་བོའི་དམག་སྣ་ནང་ལ་དྲངས། ལས་ངན་པ་མ་བྱས་པ་གཅིག་ཀྱང་མེད། སྲོག་ཆད་གཅོད་འོས་པ་བཤད་མ་དགོས་པ་ཞིག་ཡིན་ཡང་། ནང་ཨ་ཁུ་བསད་པའི་མིང་ངན་དང་ལས་སྡིག་པ་ལ་བསམས་ནས་སྲོག་ལས་ཐར་བར་ཞུ་” ཞེས་རྒྱལ་པོ་ལ་ངོ་ཆེན་ཞུས་ཤིང་། གེ་སར་གྱིས་ཀྱང་སྤྱི་དཔོན་གྱི་སྐུ་ངོ་ལ་གཟིགས་ནས་ཁྲོ་ཐུང་གི་སྲོག་ཐར་བར་བྱས་སོ།།
དེ་ནས་རྒྱལ་པོ་རྐྱང་རྒོད་གཡེར་བ་ལ་བཅིབས་ཏེ། སྤྱི་དཔོན་དང་རྩེ་རྒྱལ་སོགས་ཚོགས་མི་སྟོང་ཕྲག་གཅིག་ཁྲིད་ནས་ཇ་མཁར་ལ་ཕེབས་ཏེ། སྐྱེས་ཕོ་མོ་མང་པོ་འཚོགས་ནས་སྟོན་མོ་ཆེན་པོ་བྱས། དེ་ལྟར་ཞག་མ་ཉི་ཤུ་རྩ་གཅིག་གི་རིང་ལ་དཀར་སྤྲོ་དང་དམར་སྤྲོའི་སྟོན་མོས་དུས་འདས་ཤིང་། གླིང་པ་ཐམས་ཅད་ལྷའི་བདེ་སྐྱིད་ལ་བཀོད་ནས་དགའ་བ་ཚད་མེད་པའི་ངང་དུ་བཞུགས་པར་གདའོ།།
ཟུར་མཆན།
༡ དྲི་མག ༼སླ་ངའི་དྲེག་པ།
༢ ཞུ་སྣ། ༼དོན་དག་ཞུ་བའི་མགོ་འདྲེན་པའམ་སྣེ་འཁྲིད་མཁན།
༣ ཛཱཏི། ༼སྐྱེ་ལྡན་རྩི་སྨན་རིགས་ཤིག་གི་མིང་།
༤ དོང་བ་ལྷ་ཤོག་ལྡེབ་པ། ༼གེ་སར་རྒྱལ་པོའི་མདའ་ཤུབས་ཀྱི་མིང་།
༥ འཕང་སྒམ། ༼འཕང་ལོ་འཇོག་སའི་སྒམ།
༦ མེ་ཡོག ༼ཐབ་ཀྱི་མེ་དཀྲུག་བྱེད་ཀྱི་རྒྱུག་པ།
༧ ཐུ། ༼ངན་པའི་དོན།
༨ ག་ཤེད། ༼ཡུལ་ངེས་མེད་ཀྱི་དོན།
༩ ཤ་སྒྲོ། ༼རི་དྭགས་ཤ་བའི་པགས་པས་བཟོས་པའི་སྣོད།
༡༠ འབིག ༼བུ་ག་འབིགས་བྱེད་ཀྱི་ཡོད་བྱད།
No comments:
Post a Comment