བསམ་གཞིག+ཧུར་བརྩོན+འཇོན་ནུས=ལེགས་འགྲུབ། I གསར།


བསམ་གཞིག+ཧུར་བརྩོན+འཇོན་ནུས=ལེགས་འགྲུབ།

『རྩོམ་མཁན་ཁཙུ་ཨོ་ཨེ་ན་མོ་རེ། སྒྱུར་མཁན་ན་བུན།』


_____མི་ཚེ་ལེགས་འགྲུབ་ཆ་རྐྱེན་སུམ་འཛོམས་ཏེ། བསམ་གཞིག་ཧུར་བརྩོན་འཇོན་ནུས་སོ།།


འོ་ཅག་ཚོ་གཞོན་དུས་ནམ་ཞར་འདི་ལྟ་སྙམ། འབྱུང་འགྱུར་གྱི་མི་ཚེ་བྱ་གཞག་གི་གྲུབ་འབྲས་ནི་རང་སོ་སོར་ལྷན་སྐྱེས་ཀྱི་འཇོན་ནུས་ལ་རག་ལས་སོ།།  

མི་ཚེ་བྱ་གཞག་ལ་ཧུར་གྱིས་ཞུགས་ཤིང་གཞོལ་ནས་འོང་དུས། ད་གཟོད་རང་ནུས་ཀྱིས་མི་འདང་ས་ཅིས་ཀྱང་སྐོང་དགོས། དེ་ནི་བྱ་གཞག་ལེགས་གྲུབ་ཀྱི་གནད་དུ་འཁེལ་བ་རྟོགས།

འུ་ཚོར་གསལ་ཏེ། ཧུར་བརྩོན་གྱི་ནུས་པ་ལྷན་སྐྱེས་ཀྱི་ནུས་པ་ལས་བླ་རུ་ལྷག་ཅིང་། དེ་ནི་རང་རང་གི་རང་དབང་ལའང་ཡོང་བ་ཞིག་གོ །

དེ་ལྟ་མོད་གྲུབ་འབྲས་གཡུར་དུ་ཟ་བའི་བརྟེན་གཤའ་མ་བོ་བསམ་གཞིག་གི་ནུས་པའོ། །དེས་ན་མི་ཚེ་བྱ་གཞག་ལེགས་འགྲུབ་ཀྱི་ཆ་རྐྱེན་གསུམ་ག་ལས། ཆེས་འབྲས་ལྡན་ཟིལ་ཤུགས་ཆེ་བའང་བསམ་གཞིག་གི་ནུས་པའོ།།

ལྡོག་སྟེ། བློ་ཁ་ཕྱིན་ཅི་ལོག་ཏུ་བཀྲིས། སྐད་ཅིག་ཙམ་ལའང་རང་གི་བསམ་ཕྱོགས་དྲན་སྟངས་གཡོ་ཞིང་འཆལ་ན། དེའི་མཇུག་འབྲས་ནི་བློ་ཡུལ་ལས་འགོངས་པའི་གོད་ཆག་བྱུར་ཉེས་འབའ་ཞིག་ལས་མི་འོང་།

དེ་ལས་སྟབས་འགྲིག་ན། རང་བློ་དྲང་ཕྱོགས་སུ་སྐོར། མ་མཐར་ཡང་ཕན་ཚུན་རོགས་རིས་དཀྱེལ་ཡངས་དང་། རེ་འདུན་ཧུར་བརྩོན་ལ་གཞོལ་རྒྱུ་ནི་ཉི་མ་རེ་རེར་འཇུག་ནུས་པ་ཞིག་དང་སྒྲུབ་རུང་བ་ཞིག་གོ །

དེ་ལྟ་དེ་ལྟར་དུ་འགྲོ་བ་བདག་གཞན་སུ་དང་མི་ཚེ་བྱ་གཞག་གང་ལའང་། དྲང་གཞག་གི་བསམ་གཞིག་ལ་ནི་དྲང་གཞག་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐེ་མི་ཚོམ་མོ།།


ངོ་སྤྲོད་སྙིང་བསྡུས། 

ཁ་ཙུ་ཨོ.ཨེ་ན་མོ་རེ་(Kazuo Inamori 1932 - 2022) ཉི་ཧོང་རྒྱལ་ཁབ་ཀྱི་ཕྱུག་བདག རྒྱལ་སྤྱིའི་ཁེ་ལས་སྤྱི་གཉེར་ཁང་(Kyocera) དང་(KDDI)གསར་འཛུགས་གནང་མཁན། བསམ་བློ་བ། འགྲོ་མིའི་བྱམས་བརྩེ་དོན་གཉེར་དར་སྤེལ་གཏོང་མཁན་ནང་བསྟན་གྱི་རྗེས་འཇུག་པ་གྲགས་ཅན་ཞིག་རེད། བརྩམས་ཆོས་གཙོ་བོར། <<འདོད་འཇོའི་ལམ་སྟོན་>> (A Compass to Fulfillment)སོགས་འབོལ་རྩོམ་དང་དཔྱད་རྩོམ་འབོར་ཆེན་འདུག



དུས་ནམ་ཡང་གཞན་ནི་མཆོག་དང་རང་ནི་དམན་པར་ལྟ་མི་རུང་། 


『རྩོམ་མཁན་ཕུ་ལོ་ཁོ་ལོ། སྒྱུར་མཁན་ན་བུན།』


སྔོན་གྱི་དུས་ན་བཟའ་ཚོ་གཉིས་འཚོ་ཞིང་གཞེས་པར། ཁོང་གཉིས་ཀས་ཇི་ལྟར་དཔྱད་ཅིང་གཞིག་ནའང་། མྱི་དང་སྤྱི་ཚོགས་ནི་ཉོག་རྗོབ་ཀྱིས་ཁེངས་ནས་འཐོར་ལ་ཁད་དུ་འདུག་ཅིང་། དེ་འདུམ་པའི་འདུན་མ་བཅངས་མོད། སྐྱོ་བ་ཞིག་ལ། ལྟ་ཚུལ་དེར་འཐད་ཅིང་གཞོལ་མཁན་འགའ་ཡང་མེད་པར་གྱུར་རོ།།

སྨྲས་པ། “ཉོན་ཅིག ང་ཚོས་རྒན་པའི་ངག་ལ་གསན་ནས་འབད་ན་འོང་གི། ཁྱོད་ལྟ་བུས་འཇིག་རྟེན་ཆོས་ཉིད་གཞལ་མི་ཤེས་སོ།།”

ལོས་ཡིན། རྒན་པོའི་བློ་ནི་སྒམ། མྱོང་བ་འཛོམས། དེ་དག་ཚང་མ་མྱི་ཚེའི་དཀའ་སྡུག་གི་གཡུལ་ནས་བསགས་པའི་མྱོང་བྱང་རེད། འོན་ཀྱང་སྤྱི་མི་གང་གི་དཀའ་རྙོག་འདུམ་པའི་ཐབས་ཤེས་རེ་ཞུ་དུས། དེ་ལ་འཇུག་པའི་སྒམ་པོ་ནི་ཉིན་མོའི་སྐར་མར་གྱུར་རོ།།

ཡང་སྨྲས་པ། “འཇིག་རྟེན་ཁམས་མ་གཞི་ནས་འགྱུར་ལྡོག་གིས་གྲུབ་པས། གཞོན་པའི་ངག་ལ་ཉན་ཞིང་རྟགས་པས་འཐུས་སོ།།”

དེ་ལྟ་ནའང་། དོན་དངོས་ལ་གཡོལ་ཆེད་དུ་མཆོག་དམན་དགར་བ་ནི། གཟས་ནས་མྱིའི་རྣམ་དཔྱོད་ཀྱི་ཤེས་རབ་རྨེག་མེད་བཅོམ་པ་ཡིན་གྱི།  རྒན་པོའི་ངག་ལ་མ་གསན་མྱོང་བར་མ་གཞིག་པ་མིན་ཏེ། དེ་ལ་འདི་ལྟ་སྨྲ། “ཁྱོད་ཅི་ཡང་མ་རེད། ཁྱོད་ཀྱི་ངག་ལ་གསན་མཁན་ཞིག་གླིང་ན་མེད། ཁྱོད་ལྟ་བུ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་ངོ་།།” 

དེས་ན། རང་རང་གི་རྣམ་དཔྱོད་རྩལ་དུ་དཀྲུག་རྒྱུ་གཙོ་སྟེ། ཧོལ་རྒྱུག་གམ་སྒྱིད་ལུག་གི་དབང་དུ་མ་ཚུད་པར། གོམ་སྟབས་རིམ་འཛེག་གིས་བགྲོད་ན་འགྲིག་སྙམ། 

སྐབས་རེར་འཐབ་རྩོད་ཀྱི་གཡུལ་ངོར་ཞུགས་པས། གཞི་ནས་ལོ་རྒྱུས་ཀྱི་འགག་འཕྲེང་བརྒལ་ཐུབ་ཅིང་། ལན་རེར་བྲོད་པའི་འཛུམ་གྱིས་ཀྱང་འཁྲུག་ལོང་རྨང་ནས་ལྡོག་ནུས་ཏེ། དེ་ནི་སྟེས་དབང་གིས་ལམ་དུ་གྲོགས་ལ་འཕྲད་པ་ནང་བཞིན། བྲོད་འཛུམ་དེས་ནི། རེ་ཐག་ཆད་དེ་རང་སྲོག་གཅོད་ལ་ཁད་ཀྱི་མྱི་རྒྱུས་མེད་ཅིག་ལ་རེ་འབྲས་གསར་བ་དང་སྙིང་རུས་སྲ་མོ་བསྩལ་ཞིང་བསྐྱབས་པ་དང་འདྲའོ།།


ངོ་སྤྲོད་སྙིང་བསྡུས། 

རྩོམ་པ་པོ་ཕུ་ལོ་ཁོ་ལོ་(Paulo Coelho - 1947)བྷར་རྫེལ་མི་རིགས་(Brazilian)ཀྱི་གནའ་དེང་གི་གླུ་ཚིག་རྩོམ་པ་པོ་དང་། བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ཞིག་རེད། སྔ་ཕྱིར་གསར་འགོད་ལས་རིགས་དང་སྲིད་དོན་ལས་འགུལ། འཛིན་བཟུང་བཙོན་འཇུག་གི་མྱོང་བ་སྣ་ཚོགས་བརྒྱུད། ཆུང་དུས་ནས་རྩོམ་རིག་གསར་རྩོམ་གྱི་ལས་སུ་རབ་ཏུ་མོས་ཤིང་། ལོ་རབས་བརྒྱད་བཅུ་ནས་བཟུང་ཐོག་མར་སྒྲུང་ཐུང་དང་དེ་ནས་བརྩམས་སྒྲུང་འབྲི་འགོ་བཙུགས། ད་བར་སྒྲུང་ཐུང་གཅེས་བཏུས་དང་བརྩམས་སྒྲུང་གྲགས་ཅན་༢༨ ལྷག་བརྩམས་ཤིང་། མང་ཤོས་ནུབ་གླིང་གི་སྐད་ཡིག་༨༠ ལྷག་ནང་བསྒྱུར་བསྐྲུན་བྱས། ཁོང་གི་བརྩམས་སྒྲུང་<<གསེར་འགྱུར་རྩི་པ་>>(The Alchemist) དང་། <<སྐར་མ་བཅུ་གཉིས།>>(Eleven Minutes) <<གནས་སྐོར་>>(The Pilgrimage)སོགས་བརྩམས་སྒྲུང་མང་ཤོས་རྒྱལ་སྤྱིའི་དཔེ་བྲིན་ཆེ་ཤོས་ཆགས། མི་ཚེ་འཚོལ་སྙེག་དང་། མདུན་སྐྱོད། རྟོགས་སད་སོགས་བརྩམས་སྒྲུང་གི་བརྗོད་སྙིང་གཙོ་བོར་འཛིན་ཞིང་། དེ་ལ་སེམས་གཙོ་སྨྲ་བའི་ཤུགས་རྐྱེན་ཟབ་པར་བཞེད།



No comments:

Post a Comment

Adbox