ཁ་སང་དེ་རིང་གི་ནང་སྙིང་མཚོན་པའི་སྙན་ཚོམ།
ལུག་རྫི།
རེ་བ་ཁག་པོ་ཁག་པོ་ཞིག
ན་ནིང་རྩམ་པས་བཤལ་བ་དག
ད་ལོ་རྩམ་པར་དགའ་བར་གྱུར།
ནམ་རྒྱུན་གྲོང་ཁྱེར་ལ་ཤོར་འགྲོ་བ་དག
ད་རེས་གྲོང་གསེབ་ལ་འབྲོས་ནས་འགྲོ།
རྩམ་དྲི་བྲོ་བའི་སློབ་མ་ཚོས།
རྔུལ་ཆུའི་བདག་པོ་མ་བརྗེད་ན་དགའ་བ་ལ།
ས་རྡོར་འཐབ་པའི་གླ་པ་ཚོས།
ཕྱུགས་དང་ས་ཞིང་མ་བསྐྱུར་ན་སྐྱིད་པ་ལ།
རི་སྒང་ཁང་སྟོང་།
མེས་པོས་དཔུང་རྗེན་མར་ལོ་ནས་ལོར་བཞེངས་པའི།
ཚ་བོའི་དད་གཙང་གིས་ཡུན་ནས་ཡུན་དུ་སྐྱོར་བའི།
གཡོ་མེད་དུ་བཞུགས་པ་ཁྱོད།
གར་མཁན་སྨྱོ་འཁྲབ་བྱ་སའི་སྡིངས་ཆར་བསྒྱུར་རྗེས།
དཔྱིད་དབྱར་གྱི་བྲང་ཁ་ཕྱེས་པ་དང་།
ཁྱོད་ལ་བརྩེ་དུང་རྫུན་མ་སྟོན་མཁན་ཚོང་བ་དག
རྒྱང་རིང་ནས་བརྩེ་གདུང་ཆེ་མདོག་གིས་བཅར་ནས།
ཁྱོད་ཀྱི་མཛེས་སྡུག་གི་ཆ་ཤས་བསྡུ་གསོག་བརྒྱབ་ཚར་བ་དང་།
ཁྱོད་"མེད་པོར་"འགྱུར་བ་ལ་མཐུན་རྐྱེན་འདང་ངེས་བསྐྲུན་ཏེ་ཆས་འགྲོ།
སྨྲ་ལྕེ་མེད་པའི་སྡུག་བསྔལ།
ནད་པའི་གྲོང་ཁྱེར་གྱི་པང་དུ།
ཟླ་བརྒྱད་དགུའི་མི་རྣམས་ལྐུགས་པར་གྱུར།
ཨ་མ་མ། ས་འོག་གི་བཙོག་ཆུ་དེས།
མི་རོ་ཁྱུ་གཅིག་སྒལ་བར་ཁུར་ནས་སོང་། སྙིང་མ་རྗེ།
འོན་ཀྱང་། ངས་སུ་བཙལ་ནས། ག་འདྲ་ཞུ་དགོས།
རུས་ཉང་གི་མི་རུ་སྐྱེས། ལོ་ལྔ་ནས་ལུག་རྫི་དང་སློབ་མ། ཞབས་ཞུ་བ། བལ་འཚོང་བ། བཟོ་གྲྭའི་རྩིས་པ། མོ་ཊའི་ལྷུ་ལག་ཐོན་སྐྱེད་མཁན། དགེ་རྒན་དང་ཡིག་སྒྱུར་བ་སོགས་ལས་རིགས་སྣ་མང་ལ་འཇུས།
སྔ་ཕྱིར། <<གུར་ཀུམ་ཆུན་པོ་>>དང་། <<ཤྭ་སྐྱ།>> <<མཚོ་མཐའི་གླུ་སྐད།>> <<མཚོ་སྔོན་བོད་ཡིག་ཚགས་པར།>> <<མཚོ་སྔོན་ཁྲིམས་ལུགས་ཚགས་པར།>> <<ཁམས་པའི་ཚགས་པར།>> <<གཞིས་ཀ་རྩེའི་ཚགས་པར།>> <<རྔ་བའི་ཚགས་པར།>> <<ཀྲུང་གོ་བོད་ཀྱི་དྲ་བ་>> བཅས་པར་རྩོམ་ཡིག་སྤེལ་མྱོང་།
No comments:
Post a Comment