བྱེ་ཐང་གི་མིག་ཆུ།
『རྩོམ་མཁན་ཕུ་ལོ་ཁོ་ལོ། སྒྱུར་མཁན་ན་བུན།』
གྲོགས་པོ་ཞིག་མོ་རོ་ཁོ་(Morocco)ནས་ཕྱིར་ཡུལ་བར་སླེབས། དེ་ཡང་ཁོ་པ་ཡིད་དབང་འཕྲོག་པའི་གཏམ་རྒྱུད་སྙིང་ཉེ་བ་ཞིག་དང་མཉམ་དུ་ཐོན་བྱུང་། དེ་ནི་ཆོས་དོན་མི་སྣ་ཞིག་གི་གཏམ་རྒྱུད་རེད། ཆོས་པ་དེ་ཡང་མ་ར་ཀི་ཤཱིར་(Marrakesh)སླེབས་ནས་མ་འགོར་བར། ཞོགས་པ་རྟག་པར་མཁར་གྲོང་ཕྱི་རོལ་གྱི་བྱེ་ཐང་དུ་འཆམ་འཆམ་བྱེད་རྒྱུར་སེམས་ཐག་བཅད།
ཐོག་མར་ཆོས་པས་འདི་ལྟར་མཐོང་འདུག ཁོ་བྱེ་ཐང་དུ་འགྲོ་དུས། དེ་གར་མི་ཞིག་ཁ་སྦུབ་ཏུ་ཉལ་ནས་རྣ་བ་བྱེ་གསེང་ལ་ཀེར་ཞིང་ལག་པས་བྱེ་ཐང་དུ་རྡེག་གིན་འདུག
སྣང་ཚུལ་དེ་མཐོང་ནས་ཆོས་པས། “མི་སྨྱོན་པ་ཞིག་ཡིན་ཁོ་ཐག་རེད།” ཅེས་ཁེར་བཤད་བྱེད་ཀྱིན་ཕྱིར་ལོགས།
ཡིན་ནའང་ཞོགས་པ་རྟག་པར་ཁོས་བྱེ་ཐང་དུ་མི་ཆ་མེད་དེའི་བསམ་སྦྱོར་མཚར་བོ་དེ་ག་རང་མཐོང་ཡོང་བས། དུས་ཡུན་ཟླ་གཅིག་གི་རྗེས་སུ། ཁོ་པ་མི་ཆ་མེད་དེའི་བྱ་བྱེད་ལ་མཚར་ནས། རྒྱུ་མཚན་ཞིག་ཅིས་ཀྱང་འདྲི་དགོས་སྙམ་མོ།།
ཆོས་པ་ཨ་རབ་ཀྱི་སྐད་ལ་བྱང་ཆ་ཆེར་མེད་པས་ཕན་ཚུན་གོ་བརྡ་འཕྲོད་དཀའ་མོད། ཕྱི་ཉིན་མི་དེའི་གམ་དུ་པུས་ཚིགས་ཀྱིས་ཙོག་ནས་སྨྲས་པ། “ཨ་རོགས། ཁྱོས་ཅི་བྱེད་ཀྱི་ཡོད།”
“ངས་བྱེ་ཐང་འདི་ལ་འདུག་རོགས་བྱས། འདིའི་མྱིག་ཆུ་ཕྱིས། འདི་ལ་སེམས་གསོ་གཏོང་གི་ཡོད།”
“ཅི་ཟེར། བྱེ་ཐང་ཡང་ངུ་ཤེས་སམ། ད་རེག་བར་གོ་ར་མ་མྱོང་།”
“བྱེ་ཐང་འདིས་ཉིན་རྒྱུན་ལ་རང་ཉིད་ཀྱང་རང་བྱུང་ཁམས་ཀྱི་ཐོན་ཁུངས་གཞན་དག་ནང་བཞིན། མིའི་རིགས་ཀྱི་སྤྱོད་སྒོ་ཆེ་ས་ཞིག་སྟེ། ཕྱུགས་ཟོག་འཚོ་ས། འབྲུ་རིགས་སྐྱེས་ས། མེ་ཏོག་གད་ས། མཐའ་ཡས་པའི་སྐྱེད་ཚལ་ཞིག་ཆགས་ན་བསམས་ནས་ངུས་ནི་རེད།”
“ཨེ་རེད། དེས་ན་ཁྱོས་བྱེ་ཐང་ལ་ཤོད་ལ། གལ་ཆེ་བའི་འགན་འཁྲི་ལག་ལེན་དངོས་ཡིན་ནི་རེད།” ཆོས་པས་བཤད་རྒྱུར། “ངས་འཇིག་རྟེན་གྱི་བྱེ་ཐང་ཉུལ་ཐེངས་རེར། མྱིའི་ཚེ་ཚད་ནི་གསལ་བོར་ཤེས། རྒྱུ་མཚན་གང་གིས་ཞེ་ན། འབྱམས་ཀླས་པའི་རང་བྱུང་ཁམས་ཆེན་མོ་འདིར། འཇིག་རྟེན་བཀོད་པ་པོར་བསྡུར་ན། མྱི་ནི་ཇི་འདྲའི་ཉམ་ཆུང་འཁོས་ཞན་ཞིག་རེད་ཨང་། ངས་བྱེ་ཐང་ལ་རྒྱང་ལྟ་བྱེད་དུས་ཀྱང་། འཇིག་རྟེན་སྟེང་གི་འགྲོ་བ་ས་ཡང་མང་པོ་སྐྱེས་དུས་འདྲ་མཉམ་ཡིན་ནའང་། འཚོ་དུས་དེ་འདྲའི་དོ་མཉམ་ཞིག་གདོད་ནས་མིན་པར་སྣང་། ངས་རི་གསེང་ནས་སྒོམ་སྒྲུབ་ཉམས་ལེན་ལ་འབད་དེ། ནངས་སྔ་མོའི་ཉི་གཞོན་ཤར་མཐའ་ནས་ག་ལེར་ཡར་འཕགས་དུས། ངའི་ལུས་སྲོག་གཉིས་ཀ་བདེ་སྣང་གིས་ཁྱབ་སྟེ། ང་ནི་འཇིག་རྟེན་བཀོད་པ་པོར་ཁད་ཇེ་ཉེར་ཕྱིན་པའི་སྣང་བ་འགོག་མེད་སྐྱེས་འོངས།”
དེ་ནས་ཆོས་པ་མི་ཆ་མེད་དེར་གྱེས་ནས་ཉིན་རེའི་ལས་འགན་ལ་གཞོལ་བར་ཕྱིར་ཕེབས་སོ།།
བསམ་ཡུལ་ལས་འདས་པ་ཞིག་ལ། ཕྱི་ཉིན་ཞོགས་པར། མི་ཆ་མེད་དེ་སྔ་མུར་བྱེ་ཐང་དུ་ཉལ་ནས་བྱེ་གསེང་ལ་ཉན། ལག་པས་བྱེ་ཐང་དུ་རྡེག་གིན་འདུག
“ཁ་སང་ངས་ཁྱོད་ལ་སྐད་ཅིག་བསྐུར་བ། ཁྱོས་བྱེ་ཐང་ལ་བཤད་དམ།”
མི་ཆ་མེད་དེས་བཤད་པའི་བརྡ་རུ་མགོ་བོ་ལྡེམ་ཙམ་བྱས།
“དེས་ན། ད་རུང་ངུ་གིན་འདུག་གམ།”
“ངས་བྱེ་ཐང་གི་ངུ་སྐད་རེ་རེ་གསལ་བོར་གོ་གི་འདུག ད་ལྟ་བྱེ་ཐང་ངུ་དོན་ཡང་། མི་ལོ་སྟོང་ཕྲག་གི་རིང་ལ་བྱེ་ཐང་འདི་བེད་མེད་མྱ་ངམ་ཐང་དུ་གྱུར་བས། དཀོན་མཆོག་གི་བཀའ་བཀོད་དང་རང་གི་ལས་དབང་ལ་གློ་བ་རིང་ཞིང་ངུས་པ་རེད།”
ཆོས་པས་འདང་ཞིག་བརྒྱབ་ནས། “དེ་འདྲ་རེད་དམ། དེས་ན་བྱེ་ཐང་ལ་འདི་སྐད་གློད་པས་འཐུས། ང་ཚོ་འགྲོ་བ་མིར་ཚེ་ཚད་རིང་པོ་མེད། འོན་ཀྱང་འཇིག་རྟེན་ཁམས་འདིར་ང་ཚོས་ཀྱང་རང་ཉིད་ནི་མྱི་བེད་མེད་འཁོས་ཆུང་འབའ་ཞིག་ཏུ་བསམ་བཞིན་མི་ཚེ་འཁྱོལ་ཐབས་བྱེད། ང་ཚོས་རང་ཉིད་ཀྱི་ལས་སྐལ་རྟོགས་པ་མི་སྲིད། དཀོན་མཆོག་ཀྱང་ཉེ་རིང་ཆགས་སྡང་གི་དབང་དུ་ཕྱིན་པར་འཕྲུལ། ཚེ་མཇུག་ལ་སླེབས་དུས། ད་གཟོད་རང་ཉིད་འཇིག་རྟེན་འདིར་སྐྱེས་ཤིང་འཚོ་བའི་སྙིང་པོ་རྟོགས་ཀྱང་། དེ་དུས་ཡོད་ཚད་ཕྱིས་ཚར་བས། མུ་མཐུད་དུ་ཞེན་ཆགས་འགྱོད་གདུང་གིས་འབྲེལ་རྒྱུ་ལས་དེ་ལྡོག་པའི་ཐབས་ནི་ཡེ་མི་འདུག དེ་བས། བྱེ་ཐང་འདི་དང་འདྲ་བར། ང་ཚོས་ཀྱང་བསྐལ་བཟང་གི་མི་ཚེ་དོན་མེད་ཆུད་འཛའ་བར་རང་གིས་རང་ལ་ལེ་དེད་ནས་དུས་འདའ་བར་བྱེད།”
“ངས་བྱེ་ཐང་ལ་བཤད་ཆོག་མོད། ལེ་བདའ་དང་འགྱོད་གདུང་གི་བག་ཆགས་འཐུག་ཅིང་བློ་མིག་ནི་རུབ་སྟེ་ཐར་ལམ་གཞན་ཡེ་མི་མཐོང་བས། བྱེ་ཐང་གིས་གོ་མིན་དཔག་བཀའ།”
“ནམ་ཞར་རེ་བ་བརླག་པའི་མི་ནི་དེ་འདྲ་རང་ཡིན་འདུག་པས། འུ་ཅག་གིས་ཚོད་ལྟ་ཞིག་བྱ་ཆོག་ལ་སྨོན་ལམ་ཡང་གདབ་པས་འོང་།”
དེ་ནས། ཁོང་གཉིས་ཀས་བྱེ་ཐང་དུ་པུས་བཙུགས་ནས་སྨོན་ལམ་བཏབ་བོ།།
གཅིག་ཁ་ཆེ་ཡིན་པས། གནས་ཆེན་མཱི་ཁར་(Mecca)ཕྱོགས་ནས། སྤར་ཁ་གནམ་ལ་གཟེད། གཅིག་ཡི་ཤུ་ཡིན་པས། སྤར་ཁ་སྦྱར་ནས། རང་རང་གི་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་མཆིས།
སྤྱིར་ན་ཁོང་གཉིས་ཀྱིས་ཞུ་བ་འབུལ་ཡུལ་ནི་གཅིག་སྟེ། དད་ལྡན་པས་ཨུ་ཚུགས་ཀྱིས་སྟོན་པར་མིང་ཡིག་སྣ་ཚོགས་བཏགས་ནས་གུས་ཤིང་འདུད་ཀྱང་། འཇིག་རྟེན་ན་སྟོན་པ་གཅིག་ལས་མི་འདུག
ཕྱི་ཉིན་ཞོགས་པར། ཆོས་པ་སྔར་བཞིན་བྱེ་ཐང་ནས་འཆམ་འཆམ་བྱེད་དུས། མི་ཆ་མེད་དེ་མཐོང་ཡུལ་དུ་མ་སྣང་། ཁོ་ཁ་སྦུབ་ཏུ་ཉལ་སའི་ཤུལ་གྱི་བྱེ་མར་བརླན་ཆགས་ནས། དཔྱིད་འགོ་འབུས་པའི་བཟོ་མངོན་ཞིང་། ཕྱིས་ཀྱི་ཟླ་བ་ཁ་ཤས་ནང་དཔྱིད་དཔལ་རྣམ་པར་བཞད་དེ། བྱེ་ཐང་གི་མཁར་གྲོང་བརྗིད་པར་ཆགས་འདུག
ཨ་རབ་ཀྱི་འབྲོགས་པས། འདི་ལ་ “བྱེ་ཐང་གི་མིག་ཆུའི་ཁྲོན་པ་” ཞེས་དང་། བྱེ་ཐང་དེའི་ཁྲོམ་ཆུ་འཐུང་མཁན་གང་གིས་ཚེ་རབས་འདིར་བདེ་སྡུག་རྐྱ་འཐབ་པའི་རྒྱུ་དང་འབྲས་བུ་རྟོགས་ཁར། རང་རང་གི་ལས་དང་དབང་ཡང་ལྡོག་སྲིད། ཅེས་ཀྱང་སྨྲའོ།།
ཟུར་མཆན། སྒྲུང་ཐུང་འདི་ཕུ་ལོ་ཁོ་ལོ་(Paulo Coelho 1947)ཡི་སྒྲུང་ཐུང་གཅེས་བཏུས་<<གཙང་བོའི་བཞུར་རྒྱུན་ནང་བཞིན།>>(Like the Flowing River)ལས་བསྒྱུར།
No comments:
Post a Comment