『རྩོམ་མཁན་ཕཱ་ཙི། སྒྱུར་མཁན་ན་བུན།』
༡ )
ཁྱོས་ང་བརྒལ་ནས་འགྲོ་དུས།
ཉིན་མོ་གཅིག་གི་ཤོག་ལྡེབས་ཕར་སློག་སྟེ། ཁྱོད་ཀྱི་སྨིན་མ་གཡོ་འགུལ་གྱི་གསང་བརྡ་རེ་རེ།
ངས་ཡི་གེར་བཏབ་ཅིང་།
ང་སྨག་གི་ནང་རོལ་དུ་འཛུལ་ནས། དེ་ཡི་ཤིན་པགས་རྗེན་པར་བཤུ་སྙམ།
ངས་ནི་རྒུན་ཆང་ནག་པོ་བཏུངས་ནས། དཔྲལ་བའི་མིག་ཟུང་སྨག་ལ་འདྲེས་ཤིང་།
ཁྱོད་ཀྱི་མཐོང་ཀར། སྨག་གི་ཡོལ་བ་ཕབ་སོང་།
དེ་ནི། ལི་ཤི་མེ་ཏོག་གི་གསང་བ་ཡིན།
ང་ཡི་མིག་བཙུམ་ནས། ཁྱོད་ཀྱི་མིག་ནང་དུ་འབྱེད་ན་སྙམ།
དམར་སྨིག་གི་མལ་ཁྲིའི་སྟེང་དུ། ཚེ་གང་བོར་གཉིད་ཡེར་ནས།
ཁྱོད་ཀྱི་སྨྲ་ལྕེ་བརླན་སོང་།
ཁྱོད་ཀྱི་རྩྭ་རྒྱུས་ཀྱི་སྐྱེད་མོས་ཚལ་དུ། ཟུངས་ཁྲག་གི་ཆུ་མིག་བརྡོལ་བྱུང་།
ཟུངས་ཁྲག་གི་གདོང་འབག་གྱོན་ནས། ངས་ཁྱོད་ཀྱི་བསམ་གཞིག་གི་ཐང་སྟོང་ཉུལ་དུས།
ང་ནི། སྐྱེ་བ་སྔ་མ་སྔ་མའི་དྲན་པས་ཁྲིད་ནས། སྐྱེ་བ་ཕྱི་མ་ཕྱི་མའི་གནས་ལ་ཆས་འགྲོ།
༢)
བུ་དང་བུ་མོ།___གཞས་ཚིག
བུ་ཞིག བུ་མོ་ཞིག
སྤང་ཁུག་ནས་ནག་རྐྱལ་དུ་ཉལ་ཏེ།
ལུམ་སིལ་མཆོད་ཀྱིན། སྒྲོས་དམར་ལྡག་གིན།
རླབས་རྒྱུན་དང་དབུ་བ་སྡེབ་པ་ནང་བཞིན།
བུ་ཞིག བུ་མོ་ཞིག
བྱེ་གསེང་ནས་གན་རྐྱལ་དུ་ཉལ་ཏེ།
སྐྱུར་སིལ་མཆོད་ཀྱིན། སྒྲོས་དམར་འཇིབ་ཀིན།
ཆུ་འཛིན་དང་ཆུ་བུར་སྡེབ་པ་ནང་བཞིན།
བུ་ཞིག བུ་མོ་ཞིག
ས་འོག་ནས་གན་རྐྱལ་དུ་ཉལ་ཏེ།
གསང་གཏམ་གློད་མ་སོང་། སྒྲོས་དམར་གླན་མ་སོང་།
ཁུ་སིམ་དང་ལྷིང་འཇགས་འདྲེས་ནས།
༣)
སྐྱེད་མོས་ཚལ་གྱི་རོལ་དབྱངས།
ཆར་བབས་སོང་།
དུས་ཚོད། ཕ་མཐའ་བྲལ་བའི་མིག་ཀོང་ཞིག་རེད།
དེ་ཡི་ནང་དུ། ང་ཚོ་གཟུགས་བརྙན་ནང་བཞིན། ཤར་ནས་ནུབ་འགྲོ་ཡི་འདུག
རོལ་དབྱངས་ཀྱི་གཙང་བོ། ང་ཡི་ཁྲག་ལ་འདྲེས།
གལ་ཏེ་བདག་གིས། “ཕུང་བོ།” ཞེས་དྲིས་ཚེ། དེ་ཡིས། “དྲག་རླུང་།” ཞེས་སྨྲ།
གལ་ཏེ་བདག་གིས། “ས་ཆེན།” ཞེས་དྲིས་ཚེ། དེ་ཡིས། “གང་ན།” ཞེས་སྨྲ།
འཇིག་རྟེན། འབྲས་ལྡན་མེ་ཏོག་ནང་བཞིན། བཞད་ཁ་ཕྱེས་ཏེ།
འདི་གར། དགའ་སྐྱོ་ཟུང་དུ་འབྲེལ་ཅིང་།
ངས་མི་ཡུལ་དུ་འཆམ་འཆམ་བྱེད་ཀྱིན། རེ་ཐག་ཆད་སོང་།
༤)
ཟམ་པ།
ད་ལྟ་དང་ད་ལྟའི་དབར་དུ། ཁྱོད་དང་བདག་གི་དབར་དུ།
ཐ་སྙད་ཀྱི་ཟམ་པ་སྦྲེལ།
ཁྱོད་ཟམ་འོག་ཏུ་འཛུལ་བ། ཁྱོད་རང་ཉིད་ཀྱི་ནང་སེམས་སུ་ཞུགས་པའོ།།
འཇིག་རྟེན་ཡུག་གཅིག་ཏུ་འབྲེལ་ནས། མཛུབ་དཀྲིས་ནང་བཞིན།
སྒོར་དབྱིབས་སུ་སྒྲོག་ཅིང་།
ཆུ་ངོགས་གཅིག་ནས་གཞན་ཞིག་ཏུ།
ནམ་ཞར། བྱ་རྨང་བྱེད་པའི་ཕུང་པོ་དེའང་།
འཇའ་རིས་ནང་བཞིན།
བདག་གཞུ་དབྱིབས་དེའི་ཁུགས་སོར་གཉིད་ཀྱང་སྲིད།
【རྩོམ་པ་པོ།】
སྙན་ངག་པ་ཕཱ་ཙི་(Octavio Paz 1914 -1998)ནི་མེ་སེ་ཁན་མི་རིགས་ཀྱི་རླབས་ཆེ་བའི་སྙན་ངག་མཁན་དང་དཔྱད་བརྗོད་པ། སྲིད་དོན་བསམ་བློ་བ་ཡིན། ཁོང་གི་སྤོ་བོ་ནི་རང་དབང་རིང་ལུགས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ཞིང་། ཨན་ཌི་ཡན་(Indian)མི་རིགས་བརྗོད་གཞིར་བཟུང་སྟེ་བརྩམས་སྒྲུང་འབྲི་མཁན་མི་རབས་ཐོག་མའི་གྲས་ཡིན། སྤོ་བོའི་རྒྱ་ཆེའི་དཔེ་མཛོད་ཁང་གི་མཐུན་འགྱུར་འོག་ཏུ་ཕཱ་ཙི་ལོ་ན་ཆུང་དུས་ནས་མི་རིགས་རྩོམ་རིག་ལ་འབྲེལ་འདྲིས་ཟབ་མོ་བྱུང་། སྤོ་བོ་དང་འདྲ་བར་ཕཱ་ཙིའི་ཕ་རྒན་ཡང་མེ་སེ་ཁན་མི་རིགས་ཀྱི་སྲིད་དོན་པ་དང་གསར་འགོད་པ་ཡིན་ཞིང་། སྐབས་དེའི་ཤེས་ཡོན་བསམ་བློ་བ་གཞན་དག་དང་ལྷན་དུ་གསར་བརྗེ་བ་ཙི་ཕ་ཊ་(Emiliano Zapata)ཡི་སྣེ་ཁྲིད་འོག་ཏུ་ཞིང་པའི་འོས་ལངས་ནང་ཞུགས།
སྙན་ངག་པ་ཕཱ་ཙི་ལོ་ན་ཆུང་དུས་ནས་སྙན་རྩོམ་འབྲི་མགོ་བརྩམས་ཤིང་། སྤྱི་ལོ་༡༩༣༧ ནང་ཁོང་སི་ཕན་རྒྱལ་ཁབ་ཀྱི་ཝ་ལིན་སེ་ཡ་(Valencia)གྲོང་ཁྱེར་དུ་བསྐྱོད་དེ། སྐབས་དེའི་ཧྥ་ཤི་སི་རིང་ལུགས་པར་འགོག་རྒོལ་གནང་མཁན་སྐབས་གཉིས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ནང་ཞུགས། སྤྱི་ལོ་༡༩༣༨ ལོར་མེ་ཁུ་སི་ཁོ་གྲོང་ཁྱེར་དུ་ཕྱིར་སླེབས་པ་དང་། གསོ་སྦྱོང་(Workshop)བདུན་དེབ་འདོན་སྤེལ་གནང་བར། མེ་སེ་ཁན་མི་རིགས་ཀྱི་མི་རབས་གསར་བའི་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་ཐད་ལ་ནུས་པ་མངོན་གསལ་ཐོན།
གྷུ་གྷིན་ཧེམ་(Guggenheim)གཙུག་ལག་སློབ་ཡོན་གྱི་མཐུན་འགྱུར་ལ་བརྟེན་ནས། སྤྱི་ལོ་༡༩༤༣ ལོར་ཕཱ་ཙི་ཨ་རིར་སློབ་གཉེར་ལ་ཕྱིན་པ་དང། དེ་གར་ཁོང་གིས་ཨ་རིའི་དེང་རབས་རྩོམ་རིག་ལ་སློབ་གཉེར་གནང་། ལོ་གཉིས་ཀྱི་རྗེས་སུ་མེ་ཁུ་སི་ཁོ་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་གནས་སུ་བསྐོ་བཞག་གིས་ཧྥ་རན་སིར་ལས་བགོས་བྱས། དེ་གར་ཁོང་གིས་<<ཁེར་ཧྲང་གི་འགྲོ་ལམ་ཀྱ་ཀྱུ་>>( Labyrinth of Solitude)ཞེས་པའི་མེ་སེ་ཁན་མི་རིགས་ཀྱི་ལོ་རྒྱུས་ཉམས་ཞིབ་ཀྱི་རྨང་གཞི་བཏང་བ་དང་། ཡུལ་དེའི་བག་ཉལ་མངོན་འགྱུར་རིང་ལུགས་(Surrealism)༼དུས་རབས་ཉི་ཤུ་བའི་རྩོམ་རིག་དང་སྒྱུ་རྩལ་གསར་བརྗེ་རིང་ལུགས་ཞེས་ཀྱང་སྨྲ།༽པའི་རྩོམ་རིག་མཐུན་ཚོགས་ནང་ཞུགས་ཏེ་རྩོམ་རིག་གསར་རྩོམ་དང་བརྩམས་ཆོས་པར་སྐྲུན་གྱི་བྱ་འགུལ་སྣ་ཚོགས་སྤེལ།
སྤྱི་ལོ་༡༩༦༢ ལོར་ཕཱ་ཙི་རྒྱ་གར་གཞུང་ཚབ་པར་བསྐོས་ཤིང་། རྒྱ་གར་དུ་བསྡད་ཡུན་རིང་ཁོང་གི་རྩོམ་རིག་དང་མི་ཚེའི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང། དམིགས་བསལ་<<སྤྲེའུ་བརྡ་སྤྲོད་མཁན་པོ་དང་ཤར་གྱི་གཡང་གཟར་>>(The Grammarian Monkey and East Slope)སོགས་བརྩམས་ཆོས་སྣ་ཚོགས་འགྲེམ་སྤེལ་བྱས། སྤྱི་ལོ་༡༩༦༨ ལོར་མེ་ཁུ་སི་ཁོ་གྲོང་ཁྱེར་ནང་ཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་སུ། སློབ་ཕྲུག་དང་ཡུལ་མིའི་རྔམ་སྟོན་ཁྲོམ་སྐོར་ལ་སྲིད་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་ཡ་ང་བ་བྱས་རྐྱེན། ཁོང་གཞུང་ཚབ་ལས་གནས་ནས་རྩ་དགོངས་ཞུས། ཕྱིས་སུ་སྐབས་དེའི་དོན་རྐྱེན་ལ་༼ཊ་ལཱ་ཊི་ལོད་ཁོ་དམར་གསོད་ཆེན་མོ་༽(Tlatelolco massacre)ཞེས་གྲགས།
སྤྱི་ལོ་༡༩༨༠ ལོར་ཧར་ཝར་ཌི་(Harvard)གཙུག་ལག་སློབ་ཆེན་ནས་ཁོང་ལ་རིགས་གཅིག་མཁས་པའི་མཚན་གནས་བསྩལ། སྤྱི་ལོ་༡༩༨༡ ལོར་སི་ཕན་སྐད་ཡིག་གི་རྩོམ་རིག་གཟེངས་རྟགས་སར་ཝན་ཌེ་(Cervantes award)ཞེས་པ་བཞེས། སྤྱི་ལོ་༡༩༨༢ ལོར་ཨ་རིའི་ནུའུ་ས་ཊ་ཌ་ཊི་རྩོམ་རིག་གཟེགས་རྟགས་(Neustadt Prize)བསྩལ། སྤྱི་ལོ་༡༩༩༠ ལོར་ནོ་བྷིལ་རྩོམ་རིག་གཟེངས་རྟགས་བཞེས།
ཁོང་གི་རྩོམ་རིག་ལ་མ་ཁེ་སི་རིང་ལུགས་(Marxism)དང་། དུས་རབས་ཉི་ཤུ་བའི་བག་ཉལ་མངོན་འགྱུར་རིང་ལུགས་(surrealism)། ཨ་ཟི་ཊེ་ཁིའི་ལྷ་སྒྲུང་རིག་པ་(Aztec mythology)སོགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པར་སྨྲ།
བརྩམས་ཆོས་གཙོ་བོར་<<ཕཱ་ཙིའི་སྙན་ངག་གཅེས་བསྡུས་>>(Selected poems - Octavio Paz)སོགས་སྙན་ངག་དང་འབོལ་རྩོམ། རྩོམ་རིག་དཔྱད་རྩོམ། གླུ་ཚིག ལོ་རྒྱུས་ཞིབ་འཇུག་སོགས་རྩོམ་དེབ་༤༠ ལྷག་བཞུགས།
No comments:
Post a Comment