ང་འདི་ལྟར་ཤི་སོང་ན།
གཅན་མེ་སྟག (མགོ་ལོག)
གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ།
བཀྲུས་བཀྲུས་ནས་ཁ་དོག་ཀྱང་ཡལ་བའི།
བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ།
སྤོས་ཀྱིས་གདུག་ཅིང་ཆང་གིས་མཆོད་པའི།
མཆོད་སྒྲོམ་གྱི་དབྱངས་ཡིག་བཞི་བོ་ཇི་ལྟར་བྱ།
འདང་བརྩེ་ཡི་དབང་གིས།
ངའི་ཆེད་དུ་རང་སྲོག་བློས་བཏང་བའི།
སྙན་ངག་གི་དཔེ་དང་གཟུགས་རྒྱན།
རབ་བཏགས་དང་བསྡུས་བརྗོད་འདི་དག
ཇི་ལྟར་བྱ།
ང་འདི་ལྟར་ཤི་སོང་ན།
ངའི་ལུས་ལ་མེ་ཏོག་དང་དྲི་ངད་གཏོར་བའི།
མངོན་བརྗོད་དང་བརྡ་དག་ཚོགས་ཀྱིས།
ཅི་ཞིག་བྱ།
ང་འདི་ལྟར་ཤི་སོང་ན།
ངའི་མིག་དང་སེམས་ལ་འབྱར་བའི།
བོད་ཀྱི་ཡི་གེ་འདི་དག
དྭ་ཕྲུག་ཏུ་འགྱུར་ངེས།
ཡུན་རིང་གི་ལོ་ཟླའི་ནང་།
ང་དང་གྲིབ་མ་ལྟར་འགྲོགས་པའི།
ཚེག་དང་ཤད་འདི་དག
སྐྱོ་གདུང་གིས་ཤི་ངེས།
ད་ཅི་བྱེད་དམ།
ང་ནི་ཤི་རན་སོང་།
མྱུར་བ་མྱུར་བར་མ་ཤི་ན།
ངས་བྲིས་ཤིང་འབྲི་འགྱུར་གྱི།
སྙན་ངག་འདི་དག་ཀྱང་།
དུས་རབས་ཀྱིས་བསྣུབས་ཤིང་།
མི་རྟག་པས་ཟོས་ཏེ།
མི་རབས་ཕྱི་མར་སླེབས་དུས།
ལྷག་བསམ་འདིའི་རུས་པ་སྤར་མོ་གང་ཡང་།
ལྷག་རྒྱུ་མ་རེད།
ཉི་ཟླ་རི་བོའི་སྙན་ཚིག
གཅན་མེ་སྟག (མགོ་ལོག)
ཁྱོད་ཀྱི་མིང་ལ་ཉི་ཟླ་ཐོགས་པ་ནས་བཟུང་།
ངས་རྒྱུན་དུ་རྟ་ཁ་གློད་ནས་སྨོན་ལམ་བཏབ་མྱོང་།
དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་ནས།
ཟླ་འོད་ཀྱིས་ང་རང་ཕ་མཐར་སྐྱེལ་བའི་དུས་སུའང་།
ཁྲུང་ཁྲུང་སྐེ་རིང་དང་མཚུངས་པའི་རི་སྒང་དེའི་ཞོལ་དུ།
སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་པོ་ཡང་དྲན་པས་མནར།
__ སྒམ་ལ་དཀྱེལ་ཆེ་བའི་བཙན་པོ་དང་གཡེར་བག་ལྡན་པའི་རྒྱ་བཟའ་ཡང་ས་འདི་ནས་ཕྲད་པ་སྟེས་དབང་ཡིན།
མེ་ལོང་བོར་ས་ནས་ཁུ་སིམ་མེར་སྨོན་ལམ་བཏབ་མྱོང་ཕྱིར།
ངས་རྒྱུན་དུ་ཉི་ཟླ་རི་བོའི་མཚམས་སྤྲིན་བརྗེད་ག་ལ་ནུས།
གླང་རྫི་དང་འཐག་མཁན་བུ་མོ།
ཟླ་བའི་ཀློང་ན་དྲན་གདུང་གི་གླིང་བུ་དལ་གྱིས་འབུད།
དེ་དག་གི་དུས་ན།
ངས་ཀྱང་ཉི་ཟླའི་གོང་ཁ་རུ་རེ་སྒུག་གི་ཤུགས་གླུ་བླངས་མྱོང་ཨང་།
ཡིན་ནའང་ད་ལྟ་ཉི་ཟླ་གཉིས་ལྷན་འཛོམས་གྱི་སྐལ་བ་ཧ་ཅང་ཕྲ་བས།
__ངས་སྨོན་ལམ་འདེབས་པ་ནི་རི་བོ་ཁྱོད་ཁོ་ན་མིན།
(ཕྲན་དཔྱད།/ བདུད་ལྷ་རྒྱལ ལན་གྲུ) དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མགོར་བོད་ལ་སྙན་ངག་གསར་བ་དར་ནས་བཟུང་། སྙན་ངག་གི་བརྗོད་བྱའི་ཁྱབ་ཁོངས་ཡངས་པར་གྱུར་བ་དང་། སྒྱུ་རྩལ་མཚོན་ཐབས་སྣ་མང་ཅན་དུ་གྱུར་ཏེ། བོད་ཀྱི་སྙན་ངག་དེ་ལོ་རྒྱུས་གསར་བ་ཞིག་གི་དུས་སྐབས་སུ་བསླེབས། དེ་ནས་བཟུང་<<ལང་ཚོའི་རྦབ་ཆུ་>>དང་<<གནའ་བོའི་ཅོང་རྙིང་>>ལྟ་བུའི་མཚོན་དོན་ཧྲིལ་པོ་ཅན་གྱི་སྒོ་ནས་འབྲི་བ་ཅན་ཡོད་ལ། <<གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་>>ལྟ་བུའི་དུངས་བརྗོད་སྙན་ངག་གི་ཚུལ་གྱིས་བྲིས་བ་ཅན་ཡང་ཡོད། གཅན་མེ་སྟག་གིས་བརྩམས་པའི་<<ཉི་ཟླ་རི་བོའི་སྙན་ཚིག་>>ནི་བོད་ཀྱི་ཡིད་བརྙན་སྙན་ངག་གི་འཐུས་ཚབ་ཏུ་བྱེད་ཆོག་པ་ཞིག་ཡིན། འབྲི་ཐབས་གསར་བ་དེ་དག་གིས་བོད་ཀྱི་སྙན་ངག་ལ་སྔར་མེད་ཀྱི་སྒྱུ་རྩལ་གྱི་མཛེས་པ་ལྷག་པོ་ཞིག་སྦྱིན་ཞིང་། བོད་ཀྱི་སྙན་ངག་གི་ངོ་བོ་ལའང་འགྱུར་བ་ཆེན་པོ་བཟོས་ཏེ། སྔར་གྱི་ཀློག་འདོན་དང་མྱོང་རོལ་གྱི་གོམས་གཤིས་ལའང་དོ་ཆེན་པོ་བཟློས་ཏེ་བྱུང་།
སྤྱིར་ཡིད་བརྙན་ལ་སྙན་གཞུང་གསར་བར་འགྲེལ་སྟངས་མང་དུ་ཡོད་ལ། ཡིད་བརྙན་རང་གི་ངོ་བོའི་ཆ་ནས་ཀྱང་མང་དུ་བཤད་དུ་ཡོད་ཀྱང་། སྐབས་དོན་དང་འབྲེལ་ཏེ་སྙན་ངག་གི་སྒྲིག་གཞིའི་ཆ་ནས་བཤད་ན། ཡིད་བརྙན་ནི་སྙན་ངག་གི་ཐ་ཆུང་སྡེ་ཚན་ཡིན་ཞིང་། དེ་སྙན་རྩོམ་དུ་བརྗོད་བྱའི་དོན་དང་ཐད་ཀར་འབྲེལ་བའི་ཚུལ་དུ་གནས་པ་ཞིག་མིན་པར། དོན་དེ་མཚོན་པར་ཕན་ནུས་ཡོད་པའི་ཕྱི་རོལ་གཟུགས་སྣང་གི་ཚུལ་དུ་གནས་པ་ཞིག་ཡིན། ཡིན་བརྙན་སྙན་ངག་ནི་དེ་ལྟའི་གཟུགས་སྣང་གི་ཕུང་པོས་གྲུབ་པ་ཞིག་ཡིན།
<<ཉི་ཟླ་རི་བོའི་སྙན་ཚིག་>>ལ་སྤྱིར་བཏང་གི་བསྟན་དོན་ཐད་ཀར་དུ་མི་སྟོན་པར་བསྟན་དོན་མཚོན་བྱེད་ཀྱི་ཆོས་གཞན་པ་རི་བོ་ཉི་ཟླ་བཀོད་འབྲི་མེད་པས། ང་ཚོའི་ཡིད་ངོར་ཡང་རི་བོ་ཉི་ཟླའི་གཟུགས་སྣང་དེ་རྦབ་ཆུ་ལྟ་བུའི་གསལ་བོ་ཞིག་མི་འཆར། སྙན་རྩོམ་ཧྲིལ་པོ་རི་བོ་ཉི་ཟླ་ལས་གཞན་དུ་གྱུར་པའི་ཆོས་ཏེ་ཡིད་བརྙན་གཞན་མང་པོ་ཞིག་གིས་ཁེངས་ནས་ཡོད་དེ། སྙན་ངག་གི་ཐ་ཆུང་སྡེ་ཚན་གྱི་ཆ་ནས་བཤད་ན། སྙན་རྩོམ་གྱི་མགོའི་“ཁྱོད་ཀྱི་མིང་ལ་ཉི་ཟླ་རི་བོ་ཐོགས་པ་”ཟེར་བ་དང་། “རྟ་ཁ་གློད་ནས་སྨོན་ལམ་བཏབ་མྱོང་”ཟེར་བ་ནས། མཇུག་གི་“ངས་སྨོན་ལམ་འདེབས་ན་ནི་རི་བོ་ཁྱོད་ཁོ་ན་མིན་”སོགས་ཀྱིས་གྲུབ་པར་བརྩམས་ཡོད། དེ་དག་ལ་ཡིད་བརྙན་གྱི་ཚོགས་པ་ཞེས་བརྗོད་པ་ལ། འདི་དག་གིས་སྙན་ངག་འདི་གྲུབ་ཡོད། རི་བོ་སྙན་ངག་འདི་གྲུབ་ཡོད། རི་བོ་ཉི་ཟླ་ནི་གནས་ཆ་ནས་སྙན་རྩོམ་ཡོངས་ཀྱི་སྒྲོམ་མམ་དཀྱུ་ས་ལྟ་བུ་ཞིག་ལས་མ་འདས།
ཡིད་བརྙན་སྙན་ངག་གིས་ཆོས་དངོས་གང་ཞིག་གི་ཕྱོགས་དང་ངོས་མང་པོ་ནས་ཆོས་དེ་ཉིད་བཀོད་འབྲི་བྱ་བ་མིན་པར། ཆོས་དངོས་སོ་སོ་བ་མང་པོ་ཞིག་སྙན་རྩོམ་དུ་ཐོར་བུའི་ཚུལ་གྱིས་འདུ་བར་བྱ་བ་ཡིན་པས། ཀློག་འདོན་དང་མྱོང་རོལ་ལ་མཚོན་ན། ཐོག་མ་ནས་ཁ་ཕྱོགས་མི་རྙེད་པའི་མགོ་འཕྲུལ་སྟེར་འོངས། ཀློག་པ་པོ་མང་པོ་ཞིག་གིས་སྙན་ངག་གསར་བར་བལྟས་ན་ཅི་བཤད་ཧ་མི་གོ་ཟེར་བའང་འདིའི་རྐྱེན་གྱིས་ཡིན། ཡིན་ན་ཡང་། ཞིབ་ཏུ་དང་སྒྱུ་རྩལ་གྱི་ཚོར་བས་ཉམས་སུ་མྱངས་ཚེ། བལྟས་ན་ཟངས་ཐལ་དུ་ཡོད་པའི་ཡིད་བརྙན་དེ་དག་ལ་གཞི་མཐུན་གྱི་ཆ་ཞིག་གམ། གཅིག་ཏུ་འབབ་ས་ཞིག་ཅིས་ཀྱང་ཡོད་པ་ཡིན། ཡང་ན་ཚིག་ཟུར་གང་རུང་ཞིག་ན་དཀྱུ་ས་ཞིག་བསྟན་ནས་ཡོད་པ་ཡིན། དེ་ནི་ཡིད་བརྙན་སྙན་ངག་གི་འཇུག་ངོགས་ཡིན།
<<ཉི་ཟླ་རི་བོའི་སྙན་ཚིག་>>ཀློག་པར་དེའི་ནང་ཡིད་བརྙན་ཐོར་བུ་མང་པོ་ཞིག་ཡོད་ཀྱང་། ཕལ་ཆེ་བ་ཞིག་“གྱེས་པ་”ལ་མངོན་པར་ཕྱོགས་ཡོད་པ་མཐོང་ཐུབ། “དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་”ཞེས་པ་དང་། “སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་པོ་ཡང་དྲན་པས་མནར་པ་”ཞེས་པ་དང་། “གླང་རྫི་དང་འཐག་མཁན་བུ་མོས་དྲན་གདུང་གི་གླིང་བུ་འབུད་པ་”སོགས་“གྱེས་པ་” དང་“དྲན་པ་”ལ་གཞོལ་ལ། ཚིག་ཟུར་ནའང་“དྲན་པས་མནར་” དང་ "གདུང་”ཞེས་ཀྱང་ཐོན་ཡོད་པས། གྱེས་བྲལ་དང་དེ་ལས་བྱུང་བའི་གྱེས་གདུང་ནི་སྙན་ངག་འདིའི་འབབ་ས་ཡིན་ལ། དོན་(གྱེས་གདུང་)འདི་སྙན་ངག་འདིའི་འཇུག་ངོགས་ཀྱང་ཡིན། འདི་ཡོད་པས་སྙན་ངག་ལ་བསྐྱར་དུ་བལྟས་ཚེ། སྔོན་འབྲེལ་མེད་དུ་གནས་པའི་ཡིད་བརྙན་གཞན་སྐོར་ཞིག་འདི་དང་བརྒྱུད་ནས་འབྲེལ་ཡོད་པ་ང་ཚོས་མཐོང་ཐུབ། “མེ་ལོང་བོར་ས་ནས་ཁུ་སིམ་མེར་སྨོན་ལམ་བཏབ་མྱོང་ཕྱིར་”ཞེས་པས་རྒྱ་བཟའི་མེ་ལོང་བསྟན་པ་གོ་ཐུབ་ལ། དེའི་སྒོ་ནས་བློན་པོ་མགར་གྱིས་རྒྱ་བཟའི་མེ་ལོང་ཐབས་ཀྱིས་བཅག་པ་དེ། རྒྱ་བཟའ་ལ་མཚོན་ན་ཕ་ཡུལ་གྱི་སྦྲེལ་ཐག་རྩད་ནས་བཅད་པ་མཚོན་པས། ཡིད་བརྙན་འདི་ཉིད་ཀྱང་གྱེས་གདུང་ལ་འབྲེལ་ནས་ཡོད་པ་ཤེས་ཐུབ་པ་ལྟ་བུ། དེ་བས་སྙན་ངག་གི་བསྟན་དོན་ཇེ་གསལ་དུ་གྱུར་ཏེ་བརྗོད་བྱའི་སྙིང་པོ་ཙམ་ང་ཚོས་རྙེད་སོང་བ་ཡིན།
གྱེས་གདུང་ངམ་དྲན་གདུང་ལའང་དོན་གྱིས་རིགས་མང་དུ་ཡོད་དེ། ཡུལ་དུས་ཀྱི་ཁྱད་པར་ལས་བརྩམས་པའི་མཛའ་ཉེ་དང་རེ་ཞིག་གྱེས་གདུང་ཡོད་ལ། ཚེ་ཡི་འདུ་བྱེད་བཏང་བ་ལྟ་བུའི་གཏན་ནས་གྱེས་པའི་གྱེས་པ་དང་གྱེས་གདུང་ཡང་ཡོད། དེས་ན་སྙན་རྩོམ་འདིའི་གྱེས་པ་སྤྱིའི་གྱེས་པ་ཞིག་གམ་བྱེ་བྲག་གི་གྱེས་པ་ཞིག་ཡིན། མདོར་ན་ཅི་འདྲའི་གྱེས་པ་ཞིག་ཡིན་པའི་ཁྱད་པར་ང་ཚོས་་ཤེས་ཐུབ་བམ་ཞེ་ན། ཤེས་པར་འགྱུར་ཏེ། སྙན་རྩོམ་གྱི་ཡིད་བརྙན་གྱི་སྒོ་ནས་ཤེས་ཐུབ། མཛའ་ཉེ་དང་རེ་ཞིག་གྱེས་པ་ལྟ་བུ་ལ་མཚོན་ན། གོང་གི་ཡིད་བརྙན་དེ་དག་ཆེ་ཐལ་བའམ་ལྗིད་དྲགས་པས་དེ་འདྲའི་འཚམས་པོ་ཞིག་མིན་ལ། གཏན་དུ་གྱེས་པ་མཚོན་ན་དེ་དག་ཅུང་ཟད་ཆུང་ཐལ་བའམ་ཡང་དྲགས་པའི་སྣང་བ་སྟེར་བ་ཡིན། རེ་ཞིག་གྱེས་པ་ལ་དགུ་ཚིག་ཀྱི་གཙང་པོས་བར་དུ་བཅད་པ་ཞེ་ན་མིའི་རིགས་པ་སྨོས་མ་དགོས། གླང་རྫི་དང་འཐག་མཁན་བུ་མོ་ཡིན་ནའང་འདྲ། རྒྱ་བཟའ་ཡིན་ནའང་འདྲ། ལྷན་འཛོམས་ཀྱི་སྐལ་བ་ཆེས་ཕྲ་ཡང་གཏན་བྲལ་ལྟར་ཐུག་འཕྲད་ཀྱི་སྐལ་བ་གཏན་ནས་མེད་པ་མིན། དེ་བས་ན་འདིའི་གྱེས་པ་ནི་བར་གྱི་གྱེས་པ་ཞིག་སྟེ། ལྷན་འཛོམས་ཀྱི་སྐལ་བ་མེད་པ་མིན་ཡང་འཛོམས་པ་ཆེས་ཆེར་དཀའ་བས་གདུང་བ་ལྕི་མོ་དང་ལྡན་པའི་གཞིས་བྱེས་ཀྱི་གྱེས་པ་དང་ཤིན་ཏུ་འཚམས་པ་ཡིན།
མི་རིགས་གང་ཡིན་ཡང་ལོ་རྒྱུས་ཀྱི་དབང་གིས་ཕ་ཡུལ་དང་རིང་དུ་གྱེས་པ་མ་ཟད། ཡུལ་དུས་ཀྱི་དབང་གིས་ཕྱིར་འོང་དཀའ་བའི་གནས་ཚུལ་ཡོད་སྲིད་ལ། དེའི་སྟབས་ཀྱིས་མི་ཚེ་དང་དྲན་པ་མཉམ་པའི་སྐྱོ་བ་ཡོད་པ་ཡིན། དེ་ལྟའི་ཡིད་འགྱུར་དྲག་པོ་ནི་སྙན་ངག་གི་བརྗོད་བྱ་རྨ་མེད་ཞིག་ཡིན་པ་སྨོས་མ་དགོས། ཀྲུང་གོའི་རྒྱལ་ཁབ་ལ་མཚོན་ནའང་མཚོ་ཆེན་པོའི་ངོགས་གཉིས་ཀྱི་གྱེས་པ་དང་དྲན་གདུང་གིས་མི་སེམས་སྒུལ་བའི་སྙན་ངག་རབ་དང་རིམ་པ་བརྩམས་ཡོད། ང་ཚོ་བོད་ལ་མཚོན་ནའང་དེ་ལྟར་དུ། ད་ལྟ་བོད་མི་མང་པོ་ཞིག་ཕྱི་ཕྱོགས་ན་ཡོད་པ་ལས་གཞིས་སེམས་བྱེས་ལ་ཤོར་བ་དང་། བྱེས་སེམས་གཞིས་ལ་ཤོར་བའི་སེམས་གདུང་ཡོད་པ་མགོ་ནག་མི་ཡི་སེམས་ཀྱི་ཆོས་ཉིད་ཅིག་ཡིན་ལ། སྙན་ངག་འདིས་དེ་ལྟའི་བསྟན་དོན་གསར་བ་སྔར་བཏོན་མྱོང་བ་ཞིག་སྙན་ངག་ཡིན་ལ། སྙན་ངག་འདིས་དེ་ལྟའི་བསྟན་དོན་གསར་བ་སྔར་བཏོན་མ་མྱོང་བ་ཞིག་སྙན་ངག་འདིར་བཏོན་ནས་བསྟན་དོན་ལའང་གསར་བའི་ཁྱད་ཆོས་མངའ་བར་བྱས་ཡོད། ཆེས་གལ་ཆེ་བ་ནི། རྩོམ་ནང་གཞིས་པ་དང་བྱེས་པའི་མིང་དོན་གྱི་ཟུར་ཙམ་མ་བསྟན་པར་གཞིས་བྱེས་ཀྱི་དྲན་གདུང་ཡིན་པ་ང་ཚོས་ངེས་ཐུབ་ཅིང་། རྩོམ་ནང་མངོན་ནས་ང་ཚོས་ཉམས་སུ་མྱོང་ཐུབ་པ་འདི་སྒྱུ་རྩལ་གྱི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་གི་བྱེད་ལས་ཀྱི་རྐྱེན་པས་ཡིན་པ་དེའོ།།འདི་འདྲ་ལ་ཡང་དག་དོན་གྱི་སྙན་ངག་ཅེས་བོས་ཆོག
གཞིས་བྱེས་ཀྱི་དྲན་གདུང་ནི་སྙན་ངག་འདིའི་བསྟན་དོན་གཙོ་བོ་ཡིན་་པར་ངེས་ཚེ། ང་ཚོས་སྙན་རྩོམ་ཁྲོད་ཀྱི་ཡིད་གཟུགས་གཞན་པ་ཐོག་མར་ཅི་ཡིན་ཧ་མི་གོ་བ་འབྲེལ་མེད་འགལ་ལའང་། གོ་བ་ཡོད་པར་གྱུར་ཏེ། སྙན་ངག་གི་དཀྱིལ་འཁོར་དུ་འཇུག་ཐུབ་པར་འགྱུར། མགོའི་“ངས་རྒྱུན་དུ་རྟ་ཁ་གློད་ནས་སྨོན་ལམ་བཏབ་མྱོང་”ཞེས་པ་དང་། མཇུག་གི་རེ་སྒུག་གི་ཤུགས་གླུ་དང་སྨོན་ལམ་སོགས་ཀྱང་དོན་གྱིས་གཞིས་བྱས་ལྷན་འཛོམས་ཀྱི་ཆེད་དུ་བཏབ་པའི་སྨོན་ལམ་དང་དེ་ལ་རེ་སྒུག་གི་ཤུགས་གླུ་དང་དེ་ལ་རེ་སྒུག་བྱེད་པ་ཞིག་ཡིན་པ་ཤེས་ཐུབ། འདིའི་སྒོ་ནས་བསམས་ན་རྟ་ཁ་གློད་ནས་སྨོན་ལམ་བཏབ་ཞེས་པ་དེ་ལ་ལྷག་པར་ཚིག་ཤུགས་ཆེན་པོ་ཞིག་ཡོད་དེ། གྱེས་གདུང་ལས་བྱུང་བའི་སྨོན་འདུན་དྲག་པོས་སེམས་པ་ཡོངས་སུ་བཟུང་བས་ན། རྟ་ཁ་བསམ་གྱིས་གློད་པ་མ་ཡིན་པར་ངང་གིས་ལྷོད་པར་གྱུར་བ་ཡིན་པ་འདིས་སྙན་ངག་པའམ་རྩོམ་གྱི་མི་སྣའི་སེམས་གདུང་མཚོན་མ་ནུས་པ་མཚར་བོ་ཞིག་ཐོན་ཡོད།
དེ་ལྟར་སྙན་རྩོམ་འདི་ཐེངས་རེ་རེར་བཀླགས་པས་གོ་བ་ཇེ་གསལ་དང་“ལག་ཡོང་”ཇེ་མང་དུ་འགྲོ་བ་འདིས་སྙན་ངག་གི་གབ་སྦེད་རང་བཞིན་ཞེས་པའི་དོན་རྟོགས་པར་འགྱུར་བ། གབ་སྦེད་རང་བཞིན་ཞེས་པའི་དོན་རྟོགས་པར་འགྱུར་ལ། གབ་སྦེད་ཅན་ལ་ཀློག་པ་པོའི་ཀུན་རྟོག་འགྱུ་སའི་ཡུལ་ཡངས་པོར་ཡོད་པས་སྙན་ངག་གི་བར་གླགས་སམ་བར་གསེང་གི་གོ་དོན་དང་དེའི་དགེ་མཚན་ཡང་རྟོགས་པར་འགྱུར་བ་ཡིན། ཡིན་ན་ཡང་། ཡིད་བརྙན་ཐབས་ཅད་པོའི་སངས་རྒྱས་བསྟན་དོན་གྱི་སྒོ་ནས་གྲོལ་དགོས་པ་ཞིག་མིན་ཏེ། ཡིད་བརྙན་ལ་ལ་ནི་ནམ་ཡང་ཁ་གསལ་དུ་དགྲོལ་དུ་མེད་པའི་“གཉན་པོ་གསང་བའི་”ཚུལ་དུ་བཞག་ཆོག་པ་དང་འཇོག་དགོས་པ་ཡིན། དེ་དག་གིས་སྙན་ངག་གི་ཁམས་སམ་ཉམས་ཤིག་གྲུབ་པར་རྒྱང་རིང་གི་ལྗོངས་ལྟ་བུ་ཞིག་གི་ཚུལ་གྱིས་རྒྱང་ནས་ནུས་པ་འདོན་པ་ཡིན། ཡང་ན་དེ་དག་བསྟན་དོན་ལ་གཟས་པ་མིན་པར་ཡིད་བརྙན་རང་ཉིད་གཟུགས་སྣང་ཞིག་ཡིན་པའི་གཟུགས་ཀྱི་སྣང་བ་ཇེ་གསལ་ལམ་གསོན་ཉམས་ཅན་དུ་བགྱི་བྱེད་ཅིག་ཡིན། ཡིད་བརྙན་ཐམས་ཅད་པོ་རེ་རེ་ནས་བསྟན་དོན་ལ་སྦྱོར་བ་འདི་དཔེ་དཔེ་ཅན་དང་བསྡུས་བརྗོད་ཀྱི་བསམ་གཞིག་བྱེད་སྟངས་ཤིག་གི་བསམ་པའི་འཁྱེར་སོ་ཡིན།
<<ཉི་ཟླ་རི་བོའི་སྙན་ཚིག་>>གི་“ཁྱོད་ཀྱི་མིང་ལ་ཉི་ཟླ་ཐོགས་པ་ནས་བཟུང་”ཞེས་པ་དང་། “ཟླ་འོད་ཀྱིས་ང་རང་ཕ་མཐར་སྐྱེལ་བའི་དུས་སུའང་”ཞེས་པ་དང་། “བཙན་པོ་དང་རྒྱ་བཟའ་ས་འདི་ནས་ཕྲད་པ་”ཞེས་པ་སོགས་ནི་དེ་ལྟའི་རྒྱང་རིང་གི་ལྗོངས་ཤིག་གོ །སྙན་ངག་གི་བསྟན་དོན་དང་འབྲེལ་ཏེ་ཚིག་དོན་དེ་དག་གི་དོན་གསལ་ཐག་ཆོད་པ་ཞིག་སུས་ཀྱང་བཤད་དཀའ་ལ། ཐ་ན་ཚིག་དེ་དག་གི་དོན་ལ་གཏན་ཚིགས་ཀྱི་འགལ་བ་ཡང་ཡོད་ཀྱང་། སྙན་རྩོམ་རང་ནས་དེ་ཉིད་སྐྱོན་དུ་འགྱུར་བ་ལྟ་ཞོག སྙན་ངག་གི་ནམ་མཁའ་བསྐྱེད་བྱེད་ཀྱི་ནུས་པ་ལེགས་པོ་ཞིག་ཏུ་གྱུར་ནས་ཡོད། ས་པཎ་གྱིས་“ལུང་དང་རིགས་པའི་བསྟན་བཅོད་འགའ་ཞིག་ཏུ་དཔེ་མི་མཛེ་ས་པ་དང་། སྒྲ་ཚོགས་པར་དབྱུང་དུ་མི་རུང་བ་བྱུང་ཡང་དོན་ལ་རྟོན་པས་སྐྱོན་མེད་དོ། །སྙན་ངག་ནི་སྒྲ་གཙོ་བོ་ཡིན་པས་ཐམས་ཅད་དུ་སྐྱོན་མེད་པར་སྦྱར་བར་བྱོའོ། །” ཞེས་གསུང་པ་ལ་རིགས་འགྲེ་ནས་སྙན་ངག་གསར་བའི་ཁྲོད་དུ་གཏན་ཚིགས་ལ་རེ་ཞིག་སྐྱོན་བྱུང་ཡང་མི་སྐྱོན་ནོ་ཞེས་བཤད་ཆོག
སྙན་ངག་འདིའི་སྒྲིག་གཞི་ཀློག་འགྲེལ་གྱི་གོ་རིམ་ནི་མདོར་ན་ནང་ནས་ཕྱི་རུ་མཆེད་པའི་གོ་རིམ་ཞིག་སྟེ། ཐོག་མར་དྲན་གདུང་གི་ལྟེ་བ་ནས་“དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་”ཞེས་པ་དང་། “གླང་རྫི་དང་འཐག་མཁན་བུ་མོ་”གཉིས་ཀྱི་ཡིད་བརྙན་གྱི་ནང་གི་དཀྱིལ་འཁོར་ཞིག་གྲུབ་པ་དང་། དེ་ནས་གྲུབ་ཟིན་གྱི་དཀྱིལ་འཁོར་དེ་ཉིད་ལྟེ་བ་བྱས་ཏེ་རྒྱ་བཟའི་མེ་ལོང་དང། རྟ་ཁ་གློད་ནས་སྨོན་ལམ་བཏབ་པ་དང་། རེ་སྒུག་གི་ཤུགས་གླུ་ལེན་པའི་ཡིད་བརྙན་གྱི་ཚོགས་ཀྱིས་བར་གྱི་དཀྱིལ་འཁོར་ཞིག་གྲུབ་པ་དང་། དེ་ནས་གསལ་བོར་འགྲེལ་དུ་མེད་པའི་ཡིད་བརྙན་གཞན་དེ་དག་རྒྱང་རིང་གི་ལྗོངས་ལྟ་བུ་ཞིག་གི་ཚུལ་གྱིས་མཐའ་དང་ཚད་གཞལ་དུ་མེད་པའི་ཕྱིའི་དཀྱིལ་འཁོར་ཞིག་གྲུབ་པའི་སྒོ་ནས། སྙན་རྩོམ་རང་ཉིད་ལྟེ་བའམ་དཀྱུས་ཡོད་ལ་མཐའ་དང་ཚད་གསུང་དུ་མེད་པའི་སྙན་ངག་གི་ཀློང་ཡངས་པོ་ཞིག་ཏུ་གྲུབ་པར་བྱས་ནས་ཡོད།
དེ་ལྟར་གཞིས་བྱེས་ཀྱི་དྲན་གདུང་གི་ཚིག་ཟུར་ཙམ་མ་ཐོན་པར། ཡིད་བརྙན་གྱི་ཚོགས་པ་བརྒྱུད་ནས་བསྟན་དོན་དེ་ཉིད་རིམ་གྱིས་ཉམས་སུ་མྱོང་ཐུབ་པ་དང་། ཡིད་བརྙན་གྱི་ཚོགས་པ་དེ་དག་བསྟན་དོན་དང་འབྲེལ་བ་“ཡོད་མིན་མེད་མིན་”ཞིག་གི་ཚུལ་དུ་གནས་ཡོད་པ་སྙན་རྩོམ་འདི་དང་བཅས་པའི་སྙན་ངག་གསར་བའི་སྒྱུ་རྩལ་གྱི་རང་མདངས་ངོ་མཚར་བ་ཞིག་ཡིན།
གཅན་མེ་སྟག ༡༩༧༠ ལོར་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་རུ་སྐྱེས། ༡༩༨༩ ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ཁོང་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་བསྣོལ་མཚམས་སུ་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྙན་ངག་༣༠༠ ལྷག་དང་ལྷུག་རྩོམ་༥༠ ལྷག གླུ་ཚིག་༢༠ལྷག་རྩོམ་སྤེལ་མཛད།
སྔ་ཕྱིར་མགོ་ལོག་དང་ཟི་ལིང་སོགས་སུ་བྱ་བ་བསྒྲུབས། སྙན་དེབ་<<ལྷོ་བཞུད་ཀྱི་ཆུ་འཛིན་>>སོགས་དང་། ལྷུག་རྩོམ་དེབ་<<བུ་མོ་གཡུ་ཆུང་ཟླ་བ་>>སོགས་དེབ་འགའ་རེ་དཔར་ཞིང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་རེ་གཉིས་ཀྱང་ཐོབ་མྱོང་། སྙན་རྩོམ་སྟོང་ཕྲག་ལྷག་བྲིས་ཡོད་པ་ལས་འགའ་ཞིག་དབྱིན་ཇི་དང་ཧྥ་རན་སེ། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད།
༢༠༢༢ལོའི་ཟླ་༩ པའི་ཚེས་༢༠ ཉིན་ཟི་ལིང་ནས་སྐུ་གཤེགས།
No comments:
Post a Comment