བཅོས་བསྒྱུར་ཞེས་པའི་ཐ་སྙད་འདི་ཉིད་རུལ།
ང་ཚོས་ནམ་རྒྱུན་འཚོ་བའི་ཁྲོད་ནས་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་ཕལ་ཆེ་བ་རུལ་སུངས་སུ་གྱུར་འདུག ཐ་ན་ང་ཚོས་ནམ་རྒྱུན་དུ་བཤད་ཀྱིན་པའི་བཅོས་བསྒྱུར་བྱས་པའི་ཐ་སྙད་འདི་ཉིད་ཀྱང་རུལ་སུངས་སུ་གྱུར། སྲིད་གཞུང་གི་ལས་ཁུངས་རེ་འགས་བཤད་གྱིན་པ་བཅོས་བསྒྱུར་ཡིན་མོད། དོན་གྱི་ལས་ཀ་ནི་བཅོས་བསྒྱུར་ལ་རྒོལ་བའི་བྱ་བའོ།།
རུལ་སུངས་ཞེས་པའི་ཐ་སྙད་འདི་ང་ཚོར་རྒྱུས་མངའ་ཆེ། དེ་ལྟ་ནའང་ང་ཚོས་ནམ་རྒྱུན་དུ་བཤད་ཀྱིན་པ་ནི་དཔོན་པོའི་རུལ་སུངས་དང་ཆབ་སྲིད་རུལ་སུངས་ལྟ་བུ་རེད། ངས་བསམ་ན་སྔར་ལས་ཁྱབ་ཆེ་ཞིང་ཚབས་ཆེ་བའི་རུལ་སུངས་ཤིག་ཡོད་པ་ནི་སྐད་ཡིག་རུལ་སུངས་ཏེ། སྐད་ཡིག་རུལ་སུངས་ཟེར་བ་ནི་མི་རྣམས་ཀྱིས་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་ཀྱི་དམིགས་ཡུལ་འགྲུབ་པའི་ཆེད་དུ། སྐད་ཡིག་གི་ཐ་སྙད་སྐོར་ཞིག་གྲུབ་པའམ་གོ་དོན་མི་གཅིག་པ་སྦྱར། ཐ་ན་ཐ་སྙད་སྐོར་ཞིག་གི་ནང་དོན་ལྡོག་ནས་འགྲེལ། ཉན་མཁན་ལ་མགོ་གཡོག་བཏང་སྟེ་དམིགས་ཡུལ་འགྲུབ་པར་བྱེད་པ་སྟེ། དགེ་བའི་ལས་ལ་སྡིག་པའི་མིང་བཏགས་པར་གོའོ།།
དཔེ་བདེ་མོ་ཞིག་དྲངས་ན་ད་ལྟ་ང་ཚོས་ཤེས་པའི་ནག་འཇོམས་ཟེར་བ་ལྟ་བུ། སྤྱིར་བཏང་གི་ནག་པོའི་ནང་དོན་ནི་རྩ་འཛུགས་ཡོད་པའི་ནག་ཉེས་ཀྱི་དོན་རེད། ནག་འཇོམས་ལ་ང་ཚོས་བརྩི་བཀུར་ལོས་བྱེད་དེ་ངོ་རྒོལ་བྱེད་མཁན་ཀྱང་མེད། འོན་ཏེ་སྐད་ཡིག་རུལ་སུངས་སུ་གྱུར་བས་ན། ཐ་སྙད་འདི་བྱུང་རྗེས་གོ་དོན་མི་འདྲ་བ་སྦྱར་མཐར། ང་ཚོས་ཤེས་པའི་ནག་འཇོམས་ནི་རང་དང་མི་འདྲ་བ་མེད་པར་བཟོ་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཏེ། རང་བློར་མི་མཐུན་པའི་མི་ལ་རྡུང་རྡེག་བྱེད་ཆོག་གོ།
སྐད་ཡིག་རུལ་སུངས་ནི་སྣང་ཚུལ་གསར་བ་ཞིག་ཀྱང་མ་ཡིན་ཏེ་གནའ་དེང་ཕྱི་ནང་ཀུན་ཏུ་གནས། ང་ཚོའི་ལོ་རྒྱུས་སྟེང་གི་སྐད་ཆར་ལྟོས་དང་། དོན་དུ་རུའུ་ལུགས་ཞེས་པའི་གོ་དོན་འདི་ལའང་སྲོལ་རྒྱུན་སྤྱི་ཚོགས་སུ་རུལ་སུངས་ངེས་ཅན་ཡོད་དེ། གང་ནས་རུལ་སུངས་རེད་ཟེར་ན། རྒྱལ་བོའི་ལུགས་ལ་བཙན་པོའི་བཀའ་འཇུག་པ་ཇི་བཞིན་རུའུ་ལུགས་པའི་གོ་དོན་ནང་དུ་ཧྥ་ལུགས་པའི་ནང་དོན་མང་པོ་བཅུག་ཡོད།
དོན་ལྡན་གྱི་དཔེ་བརྗོད་ཅིག་ལ། ཧན་རྒྱལ་རབས་སྐབས་ཀྱི་གོང་མ་ཧན་ཞིན་ལ་གདུག་རྩུབ་ཆེ། ཁོའི་བུ་ཡི་མིག་ལ་མ་རན་པས་རྒྱལ་བོ་ལ། ཉེས་ཁྲིམས་ལྗིད་དྲག་པས་རུའུ་ལུགས་པའི་ཐབས་ཤེས་རེ་སྤྱད་ན་འོས་སོ་ཞེས་ཞུས། རུའུ་ལུགས་པའི་ཐབས་ཤེས་ཞེས་པའང་ཅུང་ཡུལ་དུས་ལ་མཐུན་པའི་ཐབས་ཤེས་ཤིག་ཡིན། གོང་མ་ཧན་ཞིན་གྱིས་ཧན་རྒྱལ་རབས་རང་ལ་ལམ་ལུགས་ཡོད་དེ། རྒྱལ་བོའི་བཀའ་དང་བཙན་པོའི་ཁྲིམས་མཉམ་སྤྱོད་བྱེད་པ་ལགས་ན། ཀྲུག་རྒྱལ་རབས་ཇི་བཞིན་གུས་ལུགས་རྐྱང་བ་བསླབས་ན་གང་ནས་འགྲིག་ཨང་གསུངས་ཤིང་། ཁོ་རང་ཧ་ཅང་བེད་སྤྱོད་རིང་ལུགས་པ་ཡིན་ནོ།།
ངས་བསམ་ན་སྔོན་གྱི་དུས་སུ་སྐད་ཡིག་རུལ་སུངས་དེ་འདྲའི་ཚབས་ཆེན་པོ་ཞིག་མིད་མོད་དུས་རབས་ཉི་ཤུའི་རྗེས་སུ་ཚབས་ཆེན་དུ་གྱུར། དེའི་རྒྱུ་མཚན་ཀྱང་དུས་རབས་ཉི་ཤུའི་ནང་འཛམ་གླིང་ཁྱོན་ཀུན་ནས་དབང་ཆ་གཅིག་བསྡུས་ཀྱི་རྒྱལ་ཁབ་སྐོར་ཞིག་བྱུང་བ་དང་། རྒྱལ་ཁབ་དེ་དག་འཁོར་རྒྱུག་བྱེད་པ་ལ་ངེས་པར་སྐད་ཡིག་རུལ་སུངས་ཀྱི་བྱེད་ཐབས་སྤྱོད་དགོས། དཔེར་ན་ཨ་ཏོ་ཧྥུ་ཧི་ཐུ་ལེར་(Adolf Hitler)ལྟ་བུ། ང་ཚོས་ཨ་ཏོ་ཧྥུ་ཧི་ཐུ་ལེར་གྱི་ན་ཛི་ཏང་ཁག་ཤེས། ན་ཛི་ཞེས་པ་ནི་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་ཀྱི་དོན་རེད། མི་རྣམས་ཀྱི་སེམས་སུ་སྤྱི་ཚོགས་རིང་ལུགས་ཞེས་པ་ཐ་སྙད་བཟང་བོ་ཞིག་ཡིན་པས་ན། ཧི་ཐུ་ལེར་གྱིས་ཀྱང་ཐ་སྙད་དེ་བེད་སྤྱད་ནས་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་སུ་གྱུར། དེ་ལྟ་ནའང་དོན་དུ་ཧི་ཐུ་ལེར་གྱིས་ཅི་བྱས་པ་ང་ཚོ་ཚང་མར་གསལ། ད་དུང་སོ་ཝེ་ཏ་རུ་སི་ཏ་ལེན་གྱི་དབང་ཆ་གཅིག་བསྡུས་ལམ་ལུགས་ཁྲོད་ནས་ཀྱང་སྐད་ཡིག་རུལ་སུངས་ཧ་ཅང་ཚབས་ཆེན་ཡིན་ནོ།།
སྐད་ཡིག་རུལ་སུངས་ཞེས་པའི་ཐ་སྙད་འདི་ངས་བཏོན་པ་ཞིག་མིན། དེ་ནི་༡༩༤༦ ལོར་དབྱིན་ཇིའི་རྩོམ་པ་པོ་ལྗོར་ཀྲེ་ཨོར་ཝེལ་གྱིས་བཏོན་པ་དང་། ཁོ་ལ་བརྩམས་ཆོས་གྲགས་ཅན་ཞིག་ཡོད་པ་དེའི་མིང་ལ་༼གཅིག་དགུ་གྱ་བཞི༽ཟེར། དེབ་འདིའི་ནང་དུ་སྐད་ཡིག་རུལ་སུངས་ཀྱི་དངོས་དཔེ་ཧ་ཅང་མང་། དཔེར་ན་སྤྱི་ཚོགས་སྲིད་གཞུང་འདིས་ཆེད་དུ་གསར་འགྱུར་རྫུན་བཟོ་ལ་འགན་ཁུར་བ་དང་ལས་ཁུངས་འདིའི་མིང་ལ་དྲང་བདེན་ལས་ཁུངས་ཟེར། ཆེད་དུ་གསང་བའི་ཉེན་རྟོག་པ་དང་མི་འཛིན་པ། བསམ་བློ་མི་གཅིག་པར་གནོད་བྱེད་པར་འགན་ཁུར་བའི་ལས་ཁུངས་ལ་མཛའ་མཐུན་ལས་ཁུངས་ཟེར། ཆེད་དུ་དམག་འཁྲུག་སྐུལ་སློང་ལ་འགན་ཁུར་བའི་ལས་ཁུངས་ལ་ཞི་བདེ་ལས་ཁུངས་ཟེར། དེ་བས་ན་ཐ་སྙད་འདིའི་གོ་དོན་དངོས་དང་དོན་གྱི་ལས་ཀ་གཉིས་རྩ་བ་ནས་འདྲ་ཡི་མེད།
སྣང་ཚུལ་འདི་འདྲ་དངོས་ཡོད་ནང་ཧ་ཅང་མང་། སྔོན་གྱི་འཇར་མན་ཀྱང་སྒེར་གཅོད་རྒྱལ་ཁབ་ཅིག་ཡིན་ཞིང་། དེའི་མིང་ལ་འཇར་མན་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཟེར། ན་ནིང་སྲིད་སྟེགས་ལས་བབ་པའི་ཐུ་ཉི་སི་རྒྱལ་ཁབ་ཀྱི་སྲིད་འཛིན་ཨ་ལིའི་སྲིད་སྐྱོང་ཏང་ལ་ཁྲིམས་སྲིད་དམངས་གཙོ་ཏང་ཟེར། ཨེ་ཅིབ་རྒྱལ་ཁབ་ཀྱི་མུ་བྷ་ར་ཁུའི་ཏང་ལ་མི་རིགས་དམངས་གཙོ་ཏང་ཟེར། དེ་བས་ང་ཚོས་མཐོང་བའི་རྒྱལ་ཁབ་ཀྱི་མིང་དང་དོན་དངོས་གཉིས་རྩ་བ་ནས་མི་འདྲ་བ་མ་ཟད། འཛམ་གླིང་སྟེང་སྒེར་གཅོད་ཆེ་བའི་རྩ་འཛུགས་ཕལ་ཆེ་བ་དམངས་གཙོ་ཞེས་པའི་མིང་བརྡ་འདི་སྤྱོད་པར་ཧ་ཅང་དགའ།
ངས་བསམ་ན་ང་ཚོ་ཀྲུང་གོ་རུ་སྐད་ཡིག་རུལ་སུངས་ཀྱི་ཚད་རིམ་རྩེ་ལ་སོན་འདུག ང་ཚོས་ཉིན་རྒྱུན་འཚོ་བའི་ཁྲོད་སྤྱོད་ཀྱིན་པའི་ཐ་སྙད་མང་པོ་ཞིག་རུལ་སུངས་སུ་གྱུར། ཐ་ན་ང་ཚོས་ནམ་རྒྱུན་དུ་བཤད་ཀྱིན་པའི་བཅོས་བསྒྱུར་བྱས་པའི་ཐ་སྙད་འདི་ཉིད་ཀྱང་རུལ་སུངས་སུ་གྱུར། སྲིད་གཞུང་གི་ལས་ཁུངས་རེ་འགས་བཤད་གྱིན་པ་བཅོས་བསྒྱུར་ཡིན་མོད། དོན་གྱི་ལས་ཀ་ནི་བཅོས་བསྒྱུར་ལ་རྒོལ་བའི་བྱ་བ་ཡིན་པ་དཔེ་གསོན་པོ་ཞིག་གོ།
སྐད་ཡིག་རུལ་སུངས་བྱུང་དོན།
སྐད་ཡིག་རུལ་སུངས་ཀྱི་ངོ་བོ་དངོས་ནི་དོན་གྱིས་སྲུང་ཐབས་མེད་པའི་བྱ་བ་དེ་དག་སྲུང་བའམ་མ་གཞི་སྒྲུབ་འདོད་མེད་པའི་བྱ་བ་དེ་དག་སྒྲུབ་ཁུལ་བྱེད་པའོ།། སྐད་ཡིག་རུལ་སུངས་ལ་དཔེ་རྣམ་གསོན་པོ་ཞིག་ཡོད་པ་ནི་དགེ་བའི་ལས་ལ་སྡིག་པའི་མིག་བཏགས་པ་སྟེ། མིང་ཡག་པོ་ཡོད་མོད་དོན་རྩ་བ་ནས་མི་འདྲ།
འདིས་རུལ་སུངས་ཀྱི་སྐད་ཡིག་སྤྱོད་པའི་མི་དག་དང་སྤྱིར་བཏང་གི་མང་ཚོགས་དབར་དུ་འགལ་བ་ཡོད་པ་མཚོན། དོན་དུ་སྐད་ཡིག་རེ་རེའི་ནང་དུ་རིན་ཐང་འགྲིག་མིན་དང་ཀུན་སྤྱོད་ཀྱི་ནང་དོན་ཡོད་ལ། མི་རྣམས་ཀྱི་སེམས་སུ་ཡུན་རིང་བོར་ལོ་རྒྱུས་ཀྱི་ཁྲོད་ནས་བྱུང་བའི་སྐད་ཡིག་དེར་གོ་དོན་དམིགས་བསལ་བ་ལྡན། གལ་སྲིད་ཁྱོད་ཀྱིས་སྒྲུབ་དགོས་པའི་བྱ་བ་གང་དེ་མི་རྣམས་ཀྱི་ཡིན་མིན་བདེན་རྫུན་དང་རིན་ཐང་ཐག་གཅོད་ལ་ལྡོག་ནས་ཡོད་ཚེ། མི་རྣམས་ལ་ཐད་ཀར་འབོད་སྐུལ་བྱ་ཐབས་བྲལ། དེར་བརྟེན། ཁྱོད་ཀྱིས་ཅིས་ཀྱང་མི་རྣམས་ལ་མཐུན་བའི་སྐད་ཡིག་དག་གཡར་ནས་ཁྱོད་ཀྱིས་སྒྲུབ་པར་འདོད་ལ་སྡིག་ཀྱང་སྲིད་པའི་བྱ་དངོས་དེ་བརྗོད་དགོས།
སྐད་ཡིག་རུལ་སུངས་ཀྱི་རྣམ་པ་མཚོན་རི་བ་ཞིག་ནི་དགེ་བའི་ལས་ལ་སྡུག་པའི་མིང་བཏགས་པའོ།། མིང་ཡག་པོ་ཡོད་མོད་དོན་རྩ་བ་ནས་འདྲ་ཡི་མེད། ངས་ད་ཅི་བཤད་པའི་དམངས་གཙོ་ལྟ་བུ་སྟེ། འགྲོ་བ་མིའི་རིགས་ཀྱི་ཐུན་མོང་རིན་ཐང་ལགས་ན། ང་ཚོས་ཐད་ཀར་དུ་དགག་ཐབས་མེད་པས་ཅི་བྱེད་ཨང་། ང་ཚོས་མུ་མཐུད་དུ་དེའི་གོ་དོན་བརྗེ་དགོས་པ་རེད། རིག་གསར་སྐབས་སུའམ་དེའི་ཡར་སྔོན་དུ་གནས་ཚུལ་འདི་འདྲ་ཡོད་པ་ང་ཚོར་གསལ། དམངས་གཙོ་བཤད་དུས་ཀྱང་འབྱོར་ལྡན་གྲལ་རིམ་དམངས་གཙོ་དང་འབྱོར་མེད་གྲལ་རིམ་དམངས་གཙོ་ཞེས་ཏེ་ལབ། ཐོག་མར་དམངས་གཙོའི་གོ་དོན་བཅོས། འབྱོར་མེད་གྲལ་རིམ་དམངས་གཙོ་ཟེར་བ་ནི་དམངས་ལ་དམངས་གཙོ་དང་དགྲ་ལ་སྒེར་གཅོད། དེས་ཁྱོད་ལ་སྒེར་གཅོད་མ་བྱས་ཚེ་ཁྱོད་མི་དམངས་ཡིན་པ་དང་། མི་དམངས་དང་དགྲ་བོ་ཡི་གོ་དོན་ཀྱང་རྩ་བ་ཉིད་ནས་འགྱུར་སོང་ངོ།།
ཡང་དཔེར་ན་རིག་གསར་ལྟ་བུ་རེད། ང་ཚོས་ཡུན་རིང་བོར་གསར་བརྗེ་རྩད་པའི་གོ་རིམ་ཁྲོད་དུ་གསར་བརྗེ་ཞེས་པ་བསྟོད་ཚིག་ཅིག་ཏུ་གྱུར། བསྟོད་ཚིག་ཅིག་ཏུ་གྱུར་བས་རིག་གསར་སྐབས་སུའམ་ཐ་ན་དེའི་ཡར་སྔོན་དུ་གནས་ཚུལ་འདི་ལྟ་ཡང་བྱུང་མྱོང་སྟེ། ང་ཚོ་མི་དགའ་བའི་བྱ་དངོས་ཤིག་ཡིན་ཚེ། མི་དང་བྱ་སྤྱོད་ཅི་ཡིན་རུང་ང་ཚོས་དེ་གསར་བརྗེ་ལ་རྒོལ་བ་རེད་ཟེར། དོན་དུ་དེ་འདྲ་ཞིག་རྩ་བ་ནས་མིན་ཀྱང་སྲིད། ང་ཚོས་བརྗོད་པའི་གསར་བརྗེ་ཞེས་པའི་དོན་ནི་སྲིད་དབང་རྙིང་བ་ཞིག་རྩ་རྫོགས་བྱས་ཏེ་གསར་བ་གཟུག་པ་ནི་གསར་བརྗེ་རེད། སྤྱིར་ན་དེའི་བྱ་སྤྱོད་གསར་བརྗེ་ཡིན་མོད། ང་ཚོའི་ངོས་ནས་གསར་བརྗེ་ཞེས་པའི་ཐ་སྙད་འདིར་གོ་དོན་དམིགས་བསལ་བ་ཡོད་པས་དོན་དེའང་གསར་བརྗེ་ལ་རྒོར་བར་གྱུར། དེ་བས་ན་དོན་གང་དེའི་ངོ་བོའི་ནང་དོན་བཅོ་བ་ནི་ལེགས་པའི་ལམ་མོ།།
ད་དུང་བཤད་རྒྱུ་ཞིག་ལ། ང་ཚོ་མིའི་རིགས་ཀྱིས་བྱ་དངོས་མང་པོར་ཐག་གཅོད་བྱ་དུས་བྱ་དངོས་མང་པོ་ཞིག་ཐད་ཀར་ང་ཚོས་དངོས་སུ་མྱོང་ཐབས་མེད་ཕྱིར། སྐད་ཡིག་གི་བརྒྱུད་སྤྲོད་ལ་བསྟེན་དགོས། དཔེར་ན་དེ་རིང་གི་གསར་འགྱུར་དང་ཚགས་པར། ཨ་རི་ནས་ཅི་བྱུང་བ་དང་ཡོ་རོབ་ནས་ཅི་བྱུང་བ་ཚང་མ་སྐད་ཡིག་གིས་བརྒྱུད་སྤྲོད་བྱས་པའི་བརྡ་འཕྲིན་ལ་བསྟེན་མོད། དོན་དངོས་སུ་གནས་ཚུལ་ཅི་བྱུང་བ་ང་ཚོས་ཤེས་ཐབས་བྲལ་བས། སྐད་ཡིག་རུལ་སུངས་ལ་བར་སྟོང་ཆེན་པོ་ཞིག་སྤྲད་ཡོད། སྐད་ཡིག་གིས་བརྒྱུད་སྤྲོད་བྱས་པའི་ནང་དོན་ཁྱོད་ཀྱིས་དང་ལེན་བྱས་ནའང་དོན་དངོས་སྣང་ཚུལ་མཐོང་ཐབས་མེད། དེར་བརྟེན། ཁྱོད་ཀྱིས་གནས་ཚུལ་འདི་དག་ལ་ཡིད་ཆེས་འཕེར་བའམ་སྐད་ཡིག་རུལ་སུངས་བྱུང་ཤས་ཆེ། རིག་གཞུང་ངོས་ནས་བཤད་ན་འདི་ལ་བརྡ་འཕྲིན་ཆ་མི་འགྲིག་པ་དང་དོ་མི་མཉམ་པ་བྱུང་བ་རེད། དོན་འདི་ཁོ་ཚོས་ཤེས་པའི་འདོད་ཚུལ་བརྗོད་པ་ལ། སྤྱིར་བཏང་དུ་ང་ཚོས་ཤེས་ཐབས་མེད། ཤེས་ཐབས་མེད་པས་ཁོས་ང་ཚོར་མགོ་སྐོར་གཏོང་རྒྱུའང་ཧ་ཅང་སླའོ།།
ངས་ད་དུང་ནན་བཤད་དགོས་པ་ཞིག་ལ་སྐད་ཡིག་རུལ་སུངས་བྱུང་དོན་ནི་སྐད་ཡིག་གི་ནང་དུ་རིན་ཐང་ཐག་གཅོད་དང་ཀུན་སྤྱོད་ཐག་གཅོད་འདུ་བས་ན། མངོན་གསལ་འཛེམ་མེད་ཀྱིས་བཟང་བོའི་སྤྱོད་པ་དེ་དག་ལ་བཀག་འགོག་བྱེད་མཁན་མེད། ཁོས་རྣམ་པ་གཞན་ཞིག་གི་སྒོ་ནས་སྐད་ཡིག་རུལ་སུངས་སྤྱད་དེ་བཀག་འགོག་བྱས་པ་རེད།
སྐད་ཡིག་རུལ་སུངས་ཀྱིས་སྐད་ཡིག་གི་འབྲེལ་འདྲིས་ནུས་པ་ཤོར་དུ་བཅུག
སྐད་ཡིག་རུལ་སུངས་ཀྱིས་མི་རྣམས་ཀྱི་བསམ་གཞིགས་ནུས་པའམ་གནད་དོན་ལ་བསམ་གཞིགས་བྱེད་པའི་དཔྱོད་ཤེས་ནུས་པ་ཇེ་སྡུག་ཏུ་ཕྱིན། བགྲོ་བྱའི་གནད་དོན་མང་པོ་ཞིག་གི་རིག་སྒྲུབ་དང་དབྱེ་ཞིབ་ཀྱི་ཚབ་ཏུ་འབོད་ཚིག་སྤྱད། ངས་དེ་ལས་ཀྱང་སེམས་ཁུར་བྱ་སའི་གནད་དོན་ནི་སྐད་ཡིག་རུལ་སུངས་ལས་བྱུང་བའི་མཇུག་འབྲས་ཡིན། མཇུག་འབྲས་རེ་འགའ་ཞིག་དེ་འདྲའི་ཚབས་ཆེན་མིན་མོད། སྤྱི་ཚོགས་ཆབ་སྲིད་ཕྱོགས་ནས་སྐད་ཡིག་རུལ་སུངས་ཀྱི་མཇུག་འབྲས་ཧ་ཅང་ཚབས་ཆེ་ཞིང་། བསྡོར་བསྡུས་ན་སྤྱི་ཆ་ནས་སྐད་ཡིག་རུལ་སུངས་ལ་མཇུག་འབྲས་ཚབས་ཆེན་གསུམ་ཡོད།
མཇུག་འབྲས་དང་པོར་དེས་སྐད་ཡིག་གི་འབྲེལ་འདྲིས་ནུས་པ་ཤོར་དུ་བཅུག །མིའི་རིགས་ལ་སྐད་ཡིག་དགོས་དོན་ནི་འབྲེལ་འདྲིས་བྱེད་དགོས་པས་ན། ང་ཚོས་ཐ་སྙད་སྐོར་ཞིག་བསྒྲིགས་ཡོད་ལ། འདི་རྟ་དང་གན་ནོར། འདི་ལུག་དང་གན་ཁྱི་སོགས་ང་ཚོས་བྱ་དངོས་རེ་རེར་སྟོན་དུས་དེར་དམིགས་བསམ་གྱི་གོ་དོན་ཡོད། ངས་ལུག་གཉིས་ཉོས་ཡོད་ཟེར་དུས་ཁྱོད་ཀྱིས་ངའི་བྱ་བ་ཤེས་པ་རེད་མོད། སྐད་ཡིག་རུལ་སུངས་བྱུང་རྗེས་སྐད་ཡིག་གི་འབྲེལ་འདྲིས་ནུས་པ་ཇེ་སྡུག་ཏུ་གྱུར་ཡོད་དོ།།
ད་ལྟའི་ཡིག་ཆ་ཇེ་མཐུག་ཇེ་མང་དང་ནང་གི་བརྡ་འཕྲིན་ཇེ་ཉུང་ཇེ་སྡུག་ཏུ་གྱུར། འུ་ཚོས་ནམ་རྒྱུན་ཚོགས་འདུ་ཞིག་གྲོལ་རྗེས་ཡིག་ཆ་ཞིག་འགྲེམ་པ་བཀྲམ་པ་དང་། མི་མང་པོ་རྩ་འཛུགས་བྱས་ནས་ཟུར་ཁྲིད་བྱེད་དུ་འཇུག །གནས་ལུགས་ལྟར་ན་ཡིག་ཆོད་ཅུང་ཙམ་ཡོད་པའམ་ཤེས་བྱ་ཅུང་ཙམ་ལྡན་པའི་མི་ཞིག་ཡིན་ན་ཧ་གོ་མོད་ཀྱང། དོན་དུ་ཧ་གོ་ཐབས་མེད་པ་སྟེ། ཡིག་ཆའི་ནང་གི་ཐ་སྙད་མང་པོ་ཞིག་ཐ་སྙད་རང་སྟེང་གི་གོ་དོན་དང་འདྲ་ཡི་མེད།
དེ་དང་འབྲེལ་ནས་སྐད་ཡིག་རུལ་སུངས་ཀྱིས་མི་རྣམས་ཀྱི་བསམ་གཞིགས་ནུས་པའམ་གནད་དོན་ལ་བསམ་གཞིགས་བྱེད་པའི་དཔྱོད་ཤེས་ནུས་པ་ཇེ་སྡུག་ཏུ་ཕྱིན། བགྲོ་བྱའི་གནད་དོན་མང་པོ་ཞིག་གི་རིག་སྒྲུབ་དང་དབྱེ་ཞིབ་ཀྱི་ཚབ་ཏུ་འབོད་ཚིག་སྤྱད། ད་ལྟ་ང་ཚོའི་ཡིག་ཆ་དང་ཐ་ན་རིག་གཞུང་གི་ཁྲོད་དུའང་སྐད་ཡིག་རུལ་སུངས་བྱུང་བའི་རྐྱེན་གྱིས་སྐད་ཡིག་གི་འབྲེལ་འདྲིས་ནུས་པ་ཤོར་ཞིང་། ཀུན་པོས་འབོད་ཚིག་སྒྲོག་པ་ལས་གཏན་ཚིག་གི་རིག་སྒྲུབ་བྱེད་མཁན་ཉུང་ངོ་།།
འདི་ལྟར་སོང་ན་རྒྱལ་ཁབ་འདི་དང་སྤྱི་ཚོགས་འདིའི་ཚན་རིག་འཕེལ་རྒྱས་ལ་གནོད་པ་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ལ་དེ་བས་ཀྱང་གནོད། ང་ཚོར་དཔྱོད་ཤེས་མེད་ལ་གཏན་ཚིག་གི་དབྱེ་ཞིབ་ནུས་པ་མེད་པའི་སྐབས་སུ་ཚན་རིག་ལ་ཡར་རྒྱས་ཀྱང་མེད། འོན་ཏེ་སྐད་ཡིག་རུལ་སུངས་འདི་ལྟར་ཚབས་ཆེ་བའི་སྐབས་སུ་ནུས་པ་དེའང་མེད་པར་འགྱུར་རོ།།
སྐད་ཡིག་རུལ་སུངས་ཀྱིས་ཀུན་སྤྱོད་ངན་པ་བསྐྱེད།
སྐད་ཡིག་རུལ་སུངས་ནི་ཆེས་ཆེ་བའི་ཀུན་སྤྱོད་ངན་པ་ཡིན་ཀྱང་ངེས་ཏེ། མི་སུས་ཀྱང་ཡུལ་དུས་ངེས་མེད་དུ་རྫུན་བཤད་པའི་དུས་དེར། ཁོ་རང་དོན་ངན་གྱི་ལས་ལ་གཞོལ་ནའང་སེམས་སུ་བཀག་རྒྱ་ཆེན་པོ་ཡོད་མི་སྲིད། འུ་ཅག་གི་རྒྱལ་ཁབ་ཏུ་སྣང་ཚུལ་འདི་ལྟ་བུ་ཡོངས་ཁྱབ་ཏུ་གནས་ཤིང་། སྲིད་གཞུང་དཔོན་པོ་རྐྱང་བ་ཙམ་མིན་པར། རིག་གཞུང་པའི་སྡེ་འདུ་བའི་མི་རེ་རེ་དེ་འདྲ་ཡིན་ནོ།།
ཁོ་བོས་བསམ་ན་ཕྱོགས་གཉིས་པ་སྔར་ལས་ཀྱང་ཚབས་ཆེན་ཡིན་པ་ནི་སྐད་ཡིག་རུལ་སུངས་ཀྱིས་ཀུན་སྤྱོད་ངན་པ་བསྐྱེད། ཀུན་སྤྱོད་ཟེར་བ་ནི་དོན་དུ་མིའི་སྤྱོད་ལམ་གྱི་ཚད་གཞི་ཞིག་ལགས་ན། ཀུན་སྤྱོད་ཀྱི་མ་མཐའ་ཡང་ནི་གཞུང་དྲང་དང་དྲང་བོའི་གཏམ་སྨྲ་བ་སྟེ། འདི་ནི་ང་ཚོའི་ཀུན་སྤྱོད་ཀྱི་རྩ་བའི་ཆ་རྐྱེན་ཀྱང་ཡིན། སྐད་ཡིག་རུལ་སུངས་ཟེར་བའང་གཞུང་མི་དྲང་བ་དང་རྫུན་གཏམ་སྨྲ་བར་གོའོ།།
མི་རྣམས་རྫུན་སྨྲ་བར་གོམས་རྗེས། མི་རྣམས་ལ་ཀུན་སྤྱོད་ཀྱི་མ་མཐའ་མེད། འདི་ལྟར་བཤད་དོན་ལ་སེམས་ཁམས་རིག་པའི་རྒྱུ་རྐྱེན་རེ་འགའ་ཡོད་པ་ལས། དོགས་པ་འདི་སེལ་བའི་ནུས་པ་ཁོ་བོར་མེད་མོད། ངས་གནད་དོན་འདི་ལ་བསམ་གཞིགས་བཏང་བ་ཡིན། མི་རྣམས་ཀྱིས་རྫུན་སྨྲ་བའི་སྐབས་ཀྱི་སེམས་ཁམས་བཀག་རྒྱ་དེ་མི་རྣམས་ཀྱིས་དོན་ངན་སྒྲུབ་པ་ལས་ཀྱང་ཆེན་པོ་ཡོད་ཤས་ཆེ། འདི་ལྟར་བཤད་དོན་ཀྱང་ང་ཚོས་ཁྲིམས་ཁང་དུ་ཉེས་ཅན་ཆེ་གེ་མོས་ཉེས་པ་ཡོངས་སུ་ངོས་ལེན་བྱས་པ་མཐོང་རྒྱུ་ཡོད་པས་ཡིན། དེའང་མི་འདི་ལ་དོན་ངན་སྒྲུབ་པའི་དཔའ་ཡོད་མོད། དོན་ངན་སྒྲུབ་པ་ཁས་མི་ལེན་པའི་སྙིང་མེད་དེ། ང་ཚོ་སྔར་བཞིན་ཁོས་བཤད་པའི་སྐད་ཆ་བདེན་པ་ཡིན་པར་ཡིད་ཆེས།
ནུབ་ཕྱོགས་ཁྲིམས་ལུགས་སུ་མི་ཞིག་གིས་ཁྲིམས་ར་རུ་བདེན་དཔང་བྱས་ཚེ། ཁོས་ཕལ་ཆེར་དོགས་ཡོད་ཉེས་ཅན་གྱི་བྱ་བ་གང་ཞིག་ཞུ་གཏུག་བྱས་པ་ཡིན་མོད། གལ་སྲིད་ཕ་རོལ་བའི་ཁྲིམས་རྩོད་པས་དཔང་མི་འདིས་ནམ་རྒྱུན་རྫུན་སྨྲ་བ་བདེན་དཔང་བྱས་ཚེ། ཁོའི་དཔང་ཚིག་ལའང་ནུས་པ་མེད་པའི་སྒྲིག་སྲོལ་འདི་ལྟ་བུ་ཞིག་གནས། གལ་ཏེ་ང་ཚོའི་རྒྱལ་ཁབ་ཚད་གཞི་འདི་ལྟར་སོང་བ་ཡིན་ན། ང་ཚོས་དཔང་མི་ཞིག་ཕལ་ཆེར་རྙེད་མི་སྲིད་དེ། འདས་པའི་དུས་སུ་ཁོས་རྫུན་བཤད་མྱོང་བ་མི་སུས་ཀྱང་བདེན་དཔང་ཐུབ་བོ།།
རྫུན་སྨྲ་བའམ་སྐད་ཡིག་རུལ་སུངས་གང་ཡིན་ཡང་དེས་མིའི་ཀུན་སྤྱོད་ཀྱི་ཚད་ཐིག་མེད་པར་བཟོས་པ་ཡིན། ཨ་རིའི་གསར་བརྗེའི་དམག་འཁྲུག་དུས་ཀྱི་བསམ་བློ་བ་ཐའོ་མ་སི་ཕཱ་ཨན(Thomas Paine)གྱིས་མིའི་རིགས་ཀྱི་བདེ་སྐྱིད་ཆེད་དུ་མི་ཞིག་བསམ་བློའི་ཕྱོགས་ནས་ངེས་པར་རང་ཉིད་ལ་བློ་སེམས་དཀར་དགོས། བློ་སེམས་མ་དཀར་ཟེར་བའང་ཡིད་ཆེས་དང་མ་ཆེས་མིན་པར། ཁ་ནས་ཡིད་ཆེས་ཟེར་ཡང་དོན་གྱིས་ཡིད་ཆེས་མི་བྱེད་པ་ལ་ཟེར། ཁོས་ད་དུང་བསམ་བློའི་སྟེང་གི་རྫུན་གཏམ་གྱིས་སྤྱི་ཚོགས་ལ་བྱུང་བའི་ཀུན་སྤྱོད་ཀྱི་གནོད་པ་རྩིས་ལེན་བྱེད་ཐབས་མེད་ཅེས་གསུངས། མི་ཞིག་ངན་རུལ་དུ་གྱུར་ནས་ཁོའི་ལྷད་མེད་པའི་བསམ་བློ་ལའང་འཕྱ་སྨོད་བྱས་ཤིང་ཁོ་རང་རྩ་བ་ནས་ཡིད་ཆེས་མེད་པའི་དོན་དག་ཅིག་སྒྲོག་དུས་སུ། ཁོས་དོན་ངན་ཐམས་ཅད་སྒྲུབ་པའི་གྲ་སྒྲིག་བྱས་ཚར་རོ།།
དེར་བརྟེན། སྐད་ཡིག་རུལ་སུངས་ནི་ཆེས་ཆེ་བའི་ཀུན་སྤྱོད་ངན་པ་ཡིན་ཀྱང་ངེས་ཏེ། མི་སུས་ཀྱང་ཡུལ་དུས་ངེས་མེད་དུ་རྫུན་བཤད་པའི་དུས་དེར། ཁོ་རང་དོན་ངན་གྱི་ལས་ལ་གཞོལ་ནའང་སེམས་སུ་བཀག་རྒྱ་ཆེན་པོ་ཡོད་མི་སྲིད། འུ་ཅག་གི་རྒྱལ་ཁབ་ཏུ་སྣང་ཚུལ་འདི་ལྟ་བུ་ཡོངས་ཁྱབ་ཏུ་གནས་ཤིང་། སྲིད་གཞུང་དཔོན་པོ་རྐྱང་བ་ཙམ་མིན་པར། རིག་གཞུང་པའི་སྡེ་འདུ་བའི་མི་རེ་རེ་དེ་འདྲ་ཡིན་ནོ།།
ངས་དཔེ་ཞིག་འདྲེན། ང་ཚོའི་སློབ་མ་མང་པོས་ཕྱི་རྒྱལ་གྱི་སློབ་གྲྭར་རེ་ཞུ་བྱེད་དུས་དགེ་རྒན་ལ་ངོ་སྤྲོད་འཕྲིན་ཡིག་འབྲི་རུ་འཇུག སྤྱིར་ན་ངོ་སྤྲོད་འཕྲིན་ཡིག་གང་ཡིན་ཡང་སློབ་མ་དེར་རྒྱུས་ཡོད་པའི་དགེ་རྒན་ཞིག་གིས་བྲིས་འཚམ། བཟང་ངན་གང་ཡིན་ཡང་བདེན་གཏམ་བཤད་དགོས། འོན་ཏེ་ང་ཚོའི་ཀྲུང་གོའི་ངོ་སྤྲོད་འཕྲིན་ཡིག་ལ་ལྟོས་དང་། ངོ་ཤེས་མིན་ནའང་འབྲེལ་བ་བརྒྱུད་ནས་སུ་ཚང་གི་བྱིས་པ་ཕྱི་རྒྱལ་དུ་འགྲོ་བར་ངོ་སྤྲོད་འཕྲིན་ཡིག་ཅིག་འབྲི་བར་སྐུལ། དགེ་རྒན་མང་པོ་ཞིག་གིས་བྲིས་ཤིང་ང་ཚོས་དེ་ལ་ཀུན་སྤྱོད་ཀྱི་གནད་དོན་ཞིག་ཡོད་པའང་མ་ཤེས།
དོན་དུ་འདི་ནི་ཀུན་སྤྱོད་ཀྱི་གནད་དོན་ཆེན་པོ་ཞིག་རེད། ང་ཚོས་རྒྱུན་དུ་རྫུན་གཏམ་བཤད། ནམ་རྒྱུན་དགེ་རྒན་ཚོས་ཀྱང་རྫུན་གཏམ་བཤད་དུས་ང་ཚོས་སློབ་མ་ཚོ་ཟོལ་མེད་གཞུང་དྲང་དང་ཁ་དན་ཚིག་གནས་ཀྱི་རེ་བ་འདོན་པའམ་སློབ་གསོ་གཏོང་བའི་ཐོབ་ཐང་གང་ན་ཡོད་ཨང་། སློབ་མ་འདི་ལྟ་བུ་ཞིག་གིས་དགེ་རྒན་དེ་ལྟ་བུ་ཞིག་བཙལ་བ་དང་། དགེ་རྒན་གྱིས་ཀྱང་སློབ་མའི་ཕྱོགས་སུ་དོན་དངོས་མི་མཐུན་པའི་གཏམ་བཟང་མང་པོ་བཤད་ཡོད་པ་ཁོ་ལ་གསལ། ངས་བསམ་ན་ཁོའི་ནང་སེམས་སུ་དགེ་རྒན་ལ་བརྩི་བཀུར་ཡོད་རྒྱུ་མ་རེད། ཕྱི་ཚུལ་ནས་བཀའ་དྲིན་ཞུ་ནའང་སེམས་སུ་བརྩི་བཀུར་ཅི་ཡང་མེད།
དཔེར་ན་ང་ཚོའི་ངོ་ཤེས་ཤིག་རུལ་སུངས་པ་རུ་གྱུར་ནས་བཀག་ཉར་བྱས་ཚེ། ཁོ་ལ་གདུང་སེམས་མཉམ་བསྐྱེད་བྱ་མཁན་མང་པོ་ཡོད་རྒྱུ་རེད། ཁོ་རང་སྟབས་མ་ལེགས་པ་མ་གཏོགས་ཁོའི་གྲོགས་པོ་ཚོའི་ཁྲོད་དུ་ཁོ་རང་ངོ་ཚ་དགོས་དོན་ཅི་ཡང་མེད་ལ། ཚང་མས་ཀྱང་ཁོ་སྟབས་མ་ལེགས་པར་བཀག་ཉར་བྱས་པར་བལྟ་བས་ན་ཀུན་སྤྱོད་ཀྱི་ལེ་བདའ་མེད། ད་དུང་མང་ཚོགས་ཕལ་བ་ཚོ། ལོ་འགའི་སྔོན་བྱུང་བའི་ཡེ་ཡེ་གནད་དོན་དེ་ཀོང་ཀྲུག་ནས་བྱུང་བ་རེད། ལམ་བར་དུ་མི་མང་པོས་དངོས་སུ་མཐོང་ནའང་ཁ་ཡ་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། སྤྱི་ཚོགས་འདིར་སྐད་ཡིག་རུལ་སུངས་ཀྱིས་བསྐྱེད་པའི་ཀུན་སྤྱོད་ངན་པ་མང་པོ་ཧ་ཅང་ཚབས་ཆེའོ།།
ཀྲུང་གོས་ངེས་པ་དོན་གྱིས་ཀུན་སྤྱོད་ངན་པའི་གནད་དོན་སེལ་དགོས་ན་སྐད་ཡིག་རུལ་སུངས་འགོག་པ་ནི་ཕྱོགས་གལ་ཆེན་ཞིག་རེད། ཚང་མས་རྫུན་གཏམ་མི་བཤད་བའི་དུས་དེ་ནི་ང་ཚོར་ཀུན་སྤྱོད་ཀྱི་ཚད་ཐིག་ཡོད་སོང་བ་ཡིན་ལ། དེའི་རྗེས་སུ་ང་ཚོས་ད་གཟོད་སྤྱི་ཚོགས་བཅོས་སྐྱོང་གི་བྱ་བ་གཞན་པ་དག་སྒྲུབ་ཆོག་གོ།
ང་ཚོར་ད་དུང་ཡང་སྲོལ་ངན་རྒྱུགས་ཆེ་བའི་གནད་དོན་ཞིག་ཡོད་དེ། སྲོལ་ངན་རྒྱུགས་ཆེ་དོན་ནི་ཁྱོད་ཀྱི་སྐད་ཡིག་རུལ་སུངས་ཚབས་ཆེ་བའི་དུས་དེར། མཐོང་ཆས་སུ་གྱུར་བའི་སྒྲིལ་སྲོལ་ཐམས་ཅད་གཞན་ལ་སྟོན་ཆེད་དུ་ཡིན་པས་ན། དོན་གྱི་ལག་ལེན་མཐའ་དག་སྲོལ་ངན་ལྟར་དུ་ཡོང་དགོས་པས་སྒྲིག་སྲོལ་དེ་དག་ཀྱང་གད་སྙིགས་ལྟ་བུ་ཡིན་པ་ཀུན་ལ་གསལ། ཤོག་ངོས་སུ་བྲིས་པ་དེ་དག་དོན་དངོས་སུ་སྒྲུབ་པ་མི་མཚོན་ལ། དོན་དངོས་སུ་སྒྲུབ་དགོས་པ་ཤོག་ངོས་སུ་བྲིས་ཀྱང་མེད་པ་ང་ཚོར་གསལ། དེ་བས་ན་སྲོལ་ངན་དར་ཞིང་རྒྱུགས་ཆེ་བར་གྱུར་ཞིང་། མ་གཞི་ནས་སྲོལ་ངན་ནི་སྤྱི་ཚོགས་ཀུན་སྤྱོད་ངན་རུལ་གྱི་ཕྱོགས་གལ་ཆེན་ཞིག་ཡིན་ནོ།།
སྐད་ཡིག་རུལ་སུངས་ཀྱིས་ལམ་ལུགས་ཀྱང་ངེས་གཏན་མེད་པར་གྱུར།
སྐད་ཡིག་རུལ་སུངས་ཀྱིས་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་འགལ་ཟླར་འགྱུར་དུ་བཅུག ང་ཚོས་ཐེངས་མང་མཐོང་ཡང་སྣང་མེད་དུ་སྐྱུར་བའི་གནད་དོན་དེ་དག་ཕྱི་རུ་མངོན་པ་ནས་ང་ཚོར་བྱེད་ཐབས་ཅི་ཡང་མེད། མ་གཞི་ནས་འགལ་ཟླ་མང་པོ་ཡོད་མོད་ང་ཚོས་ད་དུང་ཡང་དགའ་དགའ་སྐྱིད་སྐྱིད་བྱེད།
གསུམ་ནས་ཚབ་ཆེ་བའི་སྐད་ཡིག་རུལ་སུངས་ཀྱི་མཇུག་འབྲས་ཅི་རེད་ཟེར་ན། ལམ་ལུགས་ངེས་གཏན་མེད་པར་གྱུར་བའོ།། སྐད་ཡིག་ལ་མ་གཞི་ནས་བརྡ་རྟགས་ཀྱི་ནུས་པ་ལྡན་པས་ན། ཁྱོད་ལ་ནད་གཞི་བྱུང་ཚེ་ཁྱོད་ཀྱི་ལུས་པོར་རྙོག་དྲ་དང་གནད་དོན་བྱུང་སོང་བས། ཁྱོད་ཀྱིས་གསོ་བཅོས་བྱེད་དགོས། གལ་སྲིད་ནད་གཞི་ཅེས་པའི་ཐ་སྙད་འདི་ཉིད་རུལ་སུངས་སུ་གྱུར་རྗེས། ང་ཚོར་ནད་གཞི་བྱུང་ནའང་ཁྱོད་ཀྱིས་རང་གི་ལུས་པོར་ནད་བྱུང་བར་མི་འདོད་དེ། དཔེར་ན་སྐད་ཡིག་རུལ་སུངས་ནི་ང་ཚོ་མི་ཞིག་གི་དབང་བོ་མི་ཚང་བར་གྱུར་བའམ་ནད་བྱུང་རྗེས་མགོ་ན་བ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་གཅིག་ཀྱང་ཁྱོད་ལ་མེད་པར་བདེ་ཐང་ཞན་པའི་གནས་བབ་ཅིག་ཆགས་སོང་བ་ལྟ་བུ་རེད། གནས་ཚུལ་འདི་ལྟ་བུའི་སྐབས་སུ་མི་འདི་ལ་མ་གཞི་ནས་ནད་ཡོད་ཀྱང་ང་ཚོས་སུ་གཅིག་གིས་ཀྱང་ཤེས་མེད་པས་གློ་བུར་དུ་ཤི་འགྲོའང་སྲིད་དོ།།
ལམ་ལུགས་ཀྱང་འདི་འདྲ་རེད། སྐད་ཡིག་རུལ་སུངས་ཀྱིས་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་འགལ་ཟླར་འགྱུར་དུ་བཅུག ང་ཚོས་ཐེངས་མང་མཐོང་ཡང་སྣང་མེད་དུ་སྐྱུར་བའི་གནད་དོན་དེ་དག་ཕྱི་རུ་མངོན་པ་ནས་ང་ཚོར་བྱེད་ཐབས་ཅི་ཡང་མེད། མ་གཞི་ནས་འགལ་ཟླ་མང་པོ་ཡོད་མོད་ང་ཚོས་ད་དུང་ཡང་དགའ་དགའ་སྐྱིད་སྐྱིད་བྱེད།
འདི་ལྟ་བུའི་དཔེ་མང་པོ་ཡོད་དེ། ཁྱོད་ཀྱིས་ཐུ་ནི་ཞི་ཡ་རྒྱལ་ཁབ་ལ་ལྟོས་དང་། ཚོང་བ་ཆུང་ཆུང་ཞིག་གི་རྐྱེན་གྱིས་སྲིད་དབང་ཡོངས་ཐོར་ཞིག་ཏུ་གྱུར། དེ་ནས་བགྲང་བྱ་ཉི་ཤུའི་སྔོན་གྱི་རོལ་ཉི་ཡ་རྒྱལ་ཁབ་ཏུ་བྱུང་བའི་དོན་དག་ནི་ཁེ་ཨུ་སེ་ཟུ་ཁུ་(Ceausescu)ལ་ཀུན་གྱིས་ཁྲི་ལོ་བརྟན་པར་ཤོག་སྒྲོག་པ་ནས་ཁོའི་སྲིད་དབང་རྫོགས་པའི་བར་དུ་སྐར་ཆ་རེ་འགའ་མ་གཏོགས་འགོར་མེད། དེ་བས་ངས་བསམ་ན་ལམ་ལུགས་ངེས་གཏན་མེད་པར་གྱུར་བ་ནི་ཉེན་ཁ་ཆེན་པོ་ཞིག་རེད། གལ་སྲིད་ངེས་གཏན་མེད་པར་གྱུར་ཚེ་དོན་དག་ཅི་ཡིན་ཡང་དེས་ལམ་ལུགས་ཆ་ཚང་ཐོར་ཞིག་ཏུ་གཏོང་སྲིད་དོ།།
ངས་བསམ་ན་སྐད་ཡིག་རུལ་སུངས་ཀྱི་མཇུག་འབྲས་གསུམ་ང་ཚོས་ངེས་པར་རྟོགས་དགོས་ཏེ། ཀྲུང་གོའི་མ་འོངས་ལ་ཧ་ཅང་གལ་ཆེའོ།། ཡིན་ཡང་སྐད་ཡིག་རུལ་སུངས་ལ་ནུས་པ་བཟང་བོ་གཅིག་ཀྱང་མེད་དམ་ཟེར་ན། གཏན་འཁེལ་གྱི་གནས་ཚུལ་འོག་ཏུ་མི་རྣམས་མདུན་ཕྱོགས་སུ་བསྐྱོད་པའི་ཆེད་དུ་སྐབས་ལ་ལར་སྐད་ཡིག་རུལ་སུངས་ཅུང་ཙམ་སྤྱོད་དགོས་སོ།།
དཔེ་ཞིག་དྲངས་ན། ལོ་རབས་བརྒྱད་ཅུ་བའི་སྐབས་སུ་ང་ཚོས་ཤེས་ཡོན་པ་ནི་བཟོ་བ་གྲལ་རིམ་གྱི་ཆ་ཤས་ཤིག་ཡིན་པར་བཏོན་པ་རེད། ཤེས་ཡོན་པ་ནི་ཤེས་ཡོན་པ་དང་བཟོ་བ་གྲལ་རིམ་ནི་བཟོ་བ་གྲལ་རིམ་རེད། ཡིན་ཡང་ང་ཚོས་དེ་ལྟར་བཤད་དགོས་དོན་ནི་ལོ་བཅུའི་རིག་གསར་བརྒྱུད་རྗེས་མི་རྣམས་ཀྱི་སེམས་སུ་བཟོ་བ་གྲལ་རིམ་ནི་འགོ་ཁྲིད་གྲལ་རིམ་དང་ཤེས་ཡོན་པ་ནི་ངན་པ་དགུ་འཛོམས་ཤིག་ཏུ་བལྟའོ།། སྲིད་གཞུང་གིས་ཀྱང་ཤེས་ཡོན་པར་བཟུང་བའི་ལྟ་ཚུལ་ལེགས་བཅོས་བཏང་ནས་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་ཕྱོགས་ལ་བྱེད་ཐབས་མང་པོ་བཏོན་མོད་བར་ཆད་མང་པོ་བྱུང་སོང་། དེ་བས་གོ་དོན་ལ་བཟོ་བཅོས་བརྒྱབས་ནས་ཤེས་ཡོན་པ་བཟོ་བ་གྲལ་རིམ་གྱི་ཆ་ཤེས་སུ་བརྩིས། ཤེས་ཡོན་པ་བཟོ་བ་གྲལ་རིམ་གྱི་ཆ་ཤས་ཡིན་ཚེ་ངན་པ་དགུ་འཛོམས་ཤིག་ཡིན་མི་སྲིད་པར་འགོ་ཁྲིད་གྲལ་རིམ་དུ་གྱུར། དེའི་རྒྱུ་མཚན་ཀྱང་ང་ཚོའི་རྒྱལ་ཁབ་ཏུ་བཟོ་བ་གྲལ་རིམ་འགོ་ཁྲིད་གྲལ་རིམ་ཡིན་པས་ན། སྐད་ཡིག་རུལ་སུངས་ལའང་ནུས་པ་ངེས་ཅན་ཞིག་ཡོད།
ཡིན་ཡང་། ཕུགས་རིང་བོར་བཤད་ན། སྐད་ཡིག་རུལ་སུངས་གང་ཡིན་ཡང་དེས་བསྐྱེད་པའི་མཇུག་འབྲས་ཡོད་དོ་ཅོག་ངན་པ་ཡིན་པས། མཐའ་མཇུག་ང་ཚོར་འགྲེལ་བཤད་བྱེད་ཐབས་ཅི་ཡང་མེད་དོ།།
སྐད་ཡིག་རུལ་སུངས་ཕྱེད་ཀ་མེད་པར་བཏང་ཚེ་དཔོན་པོ་རུལ་སུངས་80% མེད་པར་གྱུར་ཡོད།
གལ་སྲིད་སྐད་ཡིག་རུལ་སུངས་ཕྱེད་ཀ་མེད་པར་བཏང་བ་དང་ཕྱེད་ཀ་དེའང་གལ་ཆེ་བའི་སྐད་ཡིག་རུལ་སུངས་ཡིན་ཚེ། ང་ཚོས་བཤད་ཀྱིན་པའི་དཔོན་པོ་རུལ་སུངས་ཀྱང་80% ཕལ་ཆེར་མེད་པར་གྱུར་ཡོད་རྒྱུ་རེད།
སྐད་ཡིག་རུལ་སུངས་ཡོངས་སུ་ཡལ་ཐབས་མེད་དེ་འཛམ་གླིང་གི་ས་ཆ་ཀུན་པོར་སྐད་ཡིག་རུལ་སུངས་ཡོད། ནང་སྒོས་སུ་བཤད་དགོས་པ་ཞིག་ལ་ཨ་རིའི་སྲིད་གཞུང་ལྟ་བུར་མཚོན་ན་ན་ནིང་འཛིན་(发票)མང་པོ་མཁོ་དུས། ཁོས་འཛིན་མང་པོ་མཁོ་བར་མི་བཤད་པར་༼གྲངས་འབེབས་ལྷོད་པའི་སྲིད་ཇུས་༽ཟེར་བ་ནི་སྐད་ཡིག་རུལ་སུངས་རེད། དོན་དུ་སྲིད་ཇུས་དེ་ནི་འཛིན་མང་པོ་དཔར་རྒྱུ་རེད།
མཇུག་མཐར་ངས་བཤད་འདོད་པ་ནི་ང་ཚོས་སྐད་ཡིག་རུལ་སུངས་ཅི་ལྟར་ཡོ་བསྲང་བྱེད་པ་སྟེ། ཁུང་ཙིས་༼ལུགས་མཐུན་མིན་པའི་བྱ་བ་གང་། བདེན་པའི་ལམ་དུ་འགྲོ་ཐབས་མེད།༽ཅེས་གསུངས་ཡོད། ང་ཚོས་སྐད་ཡིག་རུལ་སུངས་ཀྱི་གནད་དོན་སེལ་ཐུབ་མིན་དེ་འུ་བུ་ཅག་ཀྲུང་ཧྭ་མི་རིགས་ལ་ཕན་པའི་ལམ་བུ་ཡང་དག་ཅིག་ཏུ་འགྲོ་ཐུབ་མིན་ལ་རག་ལས་ཡོད། སྐད་ཡིག་རུལ་སུངས་ཀྱི་གནད་དོན་སེལ་བ་ལ་བསམ་བློའི་ཞིང་ས་ཆེན་པོ་ཞིག་མཁོ། སྔོན་འགྲོ་འདི་ཡིན་པའི་སྐད་ཡིག་རུལ་སུངས་མང་པོ་ཞིག་ཡོ་བསྲང་བྱེད་ཐུབ་བོ།།
གལ་སྲིད་སྐད་ཡིག་རུལ་སུངས་ཕྱེད་ཀ་མེད་པར་བཏང་བ་དང་ཕྱེད་ཀ་དེའང་གལ་ཆེ་བའི་སྐད་ཡིག་རུལ་སུངས་ཡིན་ཚེ། ང་ཚོས་བཤད་ཀྱིན་པའི་དཔོན་པོ་རུལ་སུངས་ཀྱང་80% ཕལ་ཆེར་མེད་པར་གྱུར་ཡོད་རྒྱུ་རེད། དེ་ནས་ང་ཚོའི་ཀུན་སྤྱོད་འཛུགས་སྐྲུན་ཇེ་ལེགས་སུ་འགྲོ་བ་དང་། ང་ཚོ་ཚང་མས་རང་རང་གཞུང་དྲང་ཡིན་པ་ཤེས་དུས་དང་། ང་ཚོའི་དཔོན་པོ་ཚོས་ཀྱང་ཉོག་གཏམ་མི་བཤད་པའི་དུས་སུ། ང་ཚོའི་ཚོང་ལས་ཀྱི་སྡེ་ཡི་བྱ་སྤྱོད་ལའང་འགྱུར་ལྡོག་ཡོད་པར་ང་ལ་ཡིད་ཆེས་ཡོད།
ད་ལྟ་ང་ཚོ་དེ་ལྟ་བུའི་གནད་འགག་ཅིག་ལ་ཐོན་ཡོད་པས་ན། ང་ཚོ་ཚང་མས་སྐད་ཡིག་རུལ་སུངས་ལ་ངོ་རྒོད་བྱས་ན་འོས་ཤིང་འཚམ་མོ།།
༢༠༢༢ ལོའི་སྤྱི་ཟླ་དང་པོའི་ཚེས་བཅུ་ཉིན་ཟི་ན་ལུང་པ་རུ་བསྒྱུར།
མ་ཡིག་གི་འབྲེལ་ཐག་གཤམ་གསལ།
语言腐败导致道德堕落/张维迎
https://news.boxun.com/news/gb/pubvp/2012/06/201206121904.shtml
No comments:
Post a Comment