____མཐའ་བ་བཀྲ་ཤིས་དོན་འགྲུབ།
ནང་དོན་གནད་བསྡུས། འདིར་མགར་ཁྲི་འབྲིང་བཙན་བྲོད་བཙན་པོའི་བློན་ཆེན་པོར་གྱུར་པ་ནས་བཙན་པོ་ཁྲི་འདུས་སྲོང་གིས་བཀྱོན་ཕབ་པའི་བར་གྱི་ལོ་རྒྱུས་རགས་རིམ་དང༌། ཁོང་གིས་བཙན་པོའི་རྒྱལ་ཁབ་ལ་བཞག་པའི་མཛད་རྗེས་རྣམས་བསྡུས་ཏེ་བཀོད་ཡོད།
གནད་ཚིག མགར་ཁྲི་འབྲིང་བཙན་བྲོད། མི་ཚེའི་བགྲོད་ལམ། མི་ཚེའི་རིན་ཐང་།
དང་པོ། མགར་ཁྲི་འབྲིང་བཙན་བྲོད་ཀྱི་མི་ཚེའི་བགྲོད་ལམ།
མགར་ཁྲི་འབྲིང་བཙན་བྲོད་ནི་མགར་སྟོང་བཙན་ཡུལ་བཟུང་གི་བུ་གཉིས་པ་ཡིན་ལ། ཁོང་གིས་དཔའ་ཞིང་མཛངས་པའི་འཇོན་ཐང་གིས་བོད་པ་མ་ཟད། ཐང་དང་གྲུ་གུ་སོགས་ཁྱིམ་མཚེས་མི་རིགས་རྣམས་ཀྱང་ཟིལ་གྱིས་མནན་པས་ཐང་ཡིག་སོགས་གནའ་རབས་ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། མགར་གྱི་རུས་རྒྱུད་ལས་བློན་ཆེན་པོའི་འགན་འཁུར་མཁན་རབས་ལྔ་པ་ཡིན་ལ་ཆེས་མཐའ་མའང་ཡིན།
མགར་ཁྲི་འབྲིང་བཙན་བྲོད་ཀྱིས་དང་པོ་ཉིད་ནས་དྲག་པོའི་དཔུང་གི་ལས་གཉེར་ནས་བློན་དང་བློན་ཆེན་པོར་ཚུད་པ་ཡིན་ཏེ། མགར་སྟོང་བཙན་སྐུ་བཞུགས་པའི་དུས་ནས་དམག་དཔོན་གྱི་གོ་གནས་བཟུང་སྟེ་ཤར་མཐའ་དང་བྱང་མཚམས་སྲུང་བ་དང་། ཐང་ལ་དམག་འཐབ་པའི་ལས་འགན་གཉེར་བ་ཡིན། <<སྲིད་དོན་མེ་ལོང་>>དུ། ཞན་ཆིན་ཁྲི་ལོ་ལྔ་བ། སྤྱི་ལོ་660 ཟླ་བརྒྱད་པར། བོད་ཀྱི་མགར་སྟོང་བཙན་གྱིས་ཁོའི་བུ་ཁྲི་འབྲིང་འ་ཞར་དཔུང་སྣེ་ཁྲིད་དུ་བཏང་། རྒྱུ་མཚན་ནི་འ་ཞས་རྒྱལ་ནང་ དུ་མགོ་བཏགས་པས་རེད། 1)ཅེས་གསུངས་པ་ལྟར་དང་། ཁྱད་པར་དུ་སྤྱི་ལོ་670 ལོར་ཇི་མ་ཁོལ་དུ་ཐང་གི་དམག་དཔོན་ཆེན་པོ་ཞོས་རིན་ཀོས་(薛仁贵)ཕམ་པ་ཡིས་ཐང་གི་རྒྱལ་ཁབ་ལ་འཇིགས་སྣང་བསྐུལ་ཞིང་ཁོང་གི་དཔའ་བོའི་མཚན་སྙན་དགུང་དུ་གྲགས་པར་མ་ཟད། ཁོང་གི་ཆབ་སྲིད་ཀྱི་དབང་ཐང་དང་གོ་གནས་ཀྱང་གཏན་འཁེལ་བྱས་པ་ཡིན་ཏེ། སྤྱི་ལོ་ 673 ལོ་དང་680 ལོར་བློན་ཆེན་པོའི་འགན་འཛིན་པ་བཙན་སྙ་ལྡོམ་བུ་ལ་འདུན་མ་བསྡུ་གྲོགས་བྱས་པ་དང་། “བྱ་གགྀ་ལོ་ལ་བབ་སྟེ། (སྤྱི་ལོ་685)། …བློན་ཆེན་ཕོ་བཙན་སྙ་གུམ། བང་མོ་བང་ཀར་དུ་བློན་ཁྲྀ་འབྲྀང་བཙན་བྲོད་བློན། ཆེན་ཕོར་བཚུག”2) ཅེས་བཀོད་པ་ལྟར་བཙན་སྙ་གུམ་པ་ནས་བློན་ཆེན་པོར་བཅག་པ་ཡིན་ལ། དེ་ནས་བཟུང་སྤྱི་ལོ་698 ལོའི་བར་མི་ལོ་བཅུ་བཞིར་བློན་ཆེན་པོའི་འགན་དབང་བཟུང་ནས། ལི་ཡུལ་སྡེ་བཞི་དང་གྲུ་གུའི་ས་ཁོངསམང་པོ་ཚུར་བླངས་པ་དང་། དམག་གི་རྩ་འཛུགས་ཀྱི་སྒྲིག་གཞི་གསར་དུ་བཅོས་ཏེ་ལྔ་བརྒྱ་ཆེན་མོ་བསྐོས་པ། འ་ཞ་ལ་མུ་མཐུད་དུ་མཁོས་བགྱིས་པ། ཐང་གི་དམག་དཔོན་འུང་ཞང་ཤོ་(王孝杰)བཏུལ་ཞིང་དམག་དཔོན་ཆེན་པོ་ཐུག་པུ་ཤི་བཟུང་བ་སོགས་དམག་སྲིད་ཀྱི་ལས་དོན་མང་པོ་བསྒྲུབས་པས་བཙན་པོ་ཁྲི་འདུས་སྲོང་གིས་དོགས་ཟོན་གྱི་རྒྱུ་རུ་གྱུར་པ་དང་། རྒྱུ་དེ་ལ་ཕྲ་མས་ཆུ་ལུད་བཏང་བས་བཙན་པོས་གློ་བ་རིངས་པར་སྙམ་ནས་མགར་རྒྱུད་ཚར་བཅད་པའི་སྐྱོ་འབྲས་དེ་བྱུང་བ་རེད། ཏུན་ཧོང་ཡིག་ཚགས་ཨང་ PT1288 དུ། ཁྱི་ལོ་ལ་བབ་སྟེ། (སྤྱི་ལོ་698)། བཙན་པོ་དབྱརད་བྱང་རོལདུ་གཤེགས། དགུན་བློན་ཆེན་ཕོ་ཁྲྀ་འབྲིང་གྱྀས། ཙོང་ཀ་ཆེ་ཆུང་དུ་དྲང་སྟེ། རྒྱའྀ་དམག་པོན་ཆེན་པོ་ཐུག་པུ་ཤི་བཟུང་། དེའི་དགུན་མགར་ལ་བཀྱོན་ཕབ་སྟེ་བཙན་པོ་ཕར་དུ་གཤེགས་པར་ལོ་ཆིག་3)ཅེས་པ་ཙམ་ལས་བཀྱོན་ཕབ་པའི་གནས་ཚུལ་གསལ་བོར་མ་བཀོད་ཀྱང་། <<ཐང་ཡིག་རྙིང་མ་>>རུ། ཧྲིན་ལོ་ཡི་ཁྲི་ལོ་གཉིས་པར་ (སྤྱི་ལོ་ 699)། བཙན་པོ་ཁྲི་འདུས་སྲོང་སྐུ་ནར་སོན་པ་དང་བསྟུན། བློན་ལོན་ཡན་དང་ལྐོག་ཏུ་བློ་བསྡུར། དེ་དུས་ཁྲི་འབྲིང་ཕྱི་རོལ་ཏུ་མཆིས་པས། བཙན་པོས་རི་དྭགས་རྔོན་པར་ལྗགས་གཡར་ཏེ་དམག་བསྡུས་ཤིང་། ཁྲི་འབྲིང་ལ་གློ་བ་ཉེ་བ་ཉིས་སྟོང་ལྷག་བཟུང་ནས་བསད། ཕོ་ཉ་བ་མངགས་ཏེ་ཁྲི་འབྲིང་དང་རྩང་སྟོན་སོགས་བཀུག་ཀྱང་། ཁྲི་འབྲིང་གིས་དམག་ཤུགས་ལ་བརྟེན་ནས་བཀའ་མ་བརྩིས། དེར་བཙན་པོས་རུ་སྣ་དྲངས་ཏེ་རྒོལ་དུ་ཕྱིན་པ་ལ། གཡུལ་མ་སྤྲད་པར་ཁྲི་འབྲིང་གི་དཔུང་ཐོར། དེ་ནས་ཁྲི་འབྲིང་ཉིད་ནས་རང་སྲོག་བཅད། ཉིན་དེར་ཁོ་བོའི་བློ་ཐུབ་སྙིང་ཉེ་བ་བརྒྱ་ལྷག་གིས་ཀྱང་རང་སྲོག་བཅད་དེ་ཤི་4)ཞེས་བཀོད་པ་ལྟར་གློ་བ་ཉེ་བ་ཉིས་སྟོང་ལྷག་ཉིན་གཅིག་ལ་བསད་པའི་སྐྱོ་འབྲས་ལས་བློན་འདི་ཉིད་ཀྱི་མི་ཚེའི་མཐའ་བསྡུས་པ་ཡིན།
གཉིས་པ། མགར་ཁྲི་འབྲིང་བཙན་བྲོད་ཀྱི་མི་ཚེའི་རིན་ཐང༌།
མགར་ཁྲི་འབྲིང་བཙན་བྲོད་ཀྱི་མི་ཚེའི་རིན་ཐང་ནི་མདོར་ན་དམག་འཁྲུག་གཉིས་དང་འཕྲོག་རྩོད་གཅིག བཅོས་བསྒྱུར་གཅིག་བཅས་ཀྱིས་མཚོན་པ་ཡིན་ཏེ།
གཅིག ཇི་མ་ཁོལ་གྱི་དམག་འཁྲུག་གིས་འ་ཞའི་སྲིད་དབང་སླར་འཛུགས་ཀྱི་མེ་རོ་བསད་ཅིང་ཐང་ལ་འཇིགས་སྣང་བསྐུལ། ཇི་མ་ཁོལ་གྱི་དམག་འཁྲུག་ལ་རྒྱ་ནག་ཡིག་ཚང་དུ་ཏཱ་ཧྥེ་ཁྲོན་(大非川)དམག་འཁྲུག་ཅེས་ཟེར་ལ། དེ་ནི་བོད་ཐང་བར་གྱི་ཕན་ཚུན་སྟོབས་ཤུགས་ངོམ་རེས་ཀྱི་དམག་འཁྲུག་གལ་ཆེན་ཞིག་ཡིན།
དམག་འཁྲུག་གི་འབྱུང་རྐྱེན། སྤྱི་ལོ་663 ལོར་བོད་བཙན་པོས་འ་ཞ་འབངས་རྣལ་མར་འགུག་དུས། འ་ཞའི་རྗེ་བོ་མོའི་རུང་ནོ་ཧི་པའོ་(慕容诺曷钵)དང་ཧུང་ཧྭ་ཀོང་ཇོ་གཉིས་ཀྱིས་གཉེན་གྱི་ལྷག་མ་རྣམས་ཁྲིད་དེ་ལེང་ཀྲིག་(凉州)ཏུ་བྲོས་ནས་ཐང་གི་གོང་མ་ལ་སྐྱབས་བཅོལ། ཐང་གོང་མས་ཀྱང་འ་ཞའི་སྐྱབས་བཅོལ་རྐྱེན་དང་འ་ཞའི་ས་ཁོངས་བོད་ལ་ཤོར་བས་བོད་ཐང་མཚམས་སུ་བར་ཆོད་མེད་པར་ཐད་ཀར་ཐང་ལ་འདྲེས་ཏེ། ཐང་གི་མཐའ་བོད་ཀྱིས་གཏོར་འགྲོ་བ་སྔོན་འགོག་བྱེད་རྒྱུ་དམིགས་བྱར་བཅངས་པ་དང་། སྤྱི་ལོ་670 ལོའི་ལོ་སྟོད་དུ་ཐང་གི་ནུབ་ནས་ལི་ཡུལ་སྡེ་བཞི་བོད་ལ་ཤོར་བར་ལ་རྒྱ་རྩོད་ཆེད། སྤྱི་ལོ་670 ལོའི་ཟླ་བརྒྱད་པར་ཐང་གིས་བོད་ལ་བསླངས་པའི་དམག་འཁྲུག་ཅིག་ཡིན།
དམག་འཁྲུག་གི་བརྒྱུད་རིམ། ཐང་གིས་དམག་འཁྲུག་འདི་ཡི་སྣེ་ལྷ་སར་བསྲིངས་ནས་བོད་བཙན་པོའི་རྒྱལ་སྲིད་བརླག་རྒྱུའི་འཆར་འགོད་འཐེན་ཏེ། གོང་མའི་ལུང་གིས་སྐབས་དེར་དམག་དཔོན་རྣམས་ལས་ཆེས་དཔའ་ཞིང་མཛངས་ལ་ཕམ་ཁ་ཁུར་མ་མྱོང་བར་གྲགས་པའི་ཡུག་ཝེ་ཝེ་(右威卫)དམག་དཔོན་ཆེན་མོ་ཞོས་རིན་ཀོས་བྱ་བ་སྐྱིད་ཤོད་ཏའོ་ཡི་གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་ཆེན་མོར་བསྐོས་པ་དང་། ཙོ་ཝེ་ཡོན་ཝེ་(左卫员外)དམག་དཔོན་ཆེན་མོ་ཨ་ཧྲི་ན་ཏོ་ཀྲིན་(阿史那道 真)བྱ་བ་དང་། ཡུག་ཝེ་དམག་དཔོན་ཀོ་ཏེ་ཧྥིན་(右卫将军郭待封)བྱ་བ་གཉིས་དམག་དཔོན་གཞོན་པར་བཀའ་བསྩལ། དམག་དཔོན་དེ་དག་གིས་དམག་འབུམ་སྡེའི་དཔུང་སྣེ་དྲངས་ནས་ཇི་མ་ཁོལ་ལ་ཐོན་དུས། མགར་ཁྲི་འབྲིང་བཙན་བྲོད་ཀྱིས་སྔ་ཕམ་མཐར་རྒྱལ་གྱི་གཡུལ་ཐབས་སྒྱུ་རྩལ་ལ་བརྟེན་ནས། ཐོག་མར་ཕམ་ཁ་ཉོས་པའི་ཚུལ་གྱིས་ཐང་གི་དཔུང་སྡེ་དུམ་བུ་གཉིས་སུ་བཅད་པ་དང་། དེ་ནས་དུམ་བུ་རེ་རེ་བཞིན་ཕམ་པར་བྱས་མཐར། ཐང་གི་དམག་དཔོན་རྣམས་མ་བསད་པར་ཕྱིར་བཏང་ཡང་། དམག་དཔོན་ཞོས་རིན་ཀོས་ལ་ཉེས་ཆད་བཅད་དེ་གོ་གནས་ལས་ཕབ་པས། “ད་ལོ་ནི་ལྕགས་པོ་རྟ་ཡིན་པས། དཔུང་འདྲེན་པ་གནམ་ལོ་དང་འགལ། ཏུན་ཨེ་5) (邓艾)ནི་དེ་བཞིན་ཧྲུའུ་(蜀)ནས་གཤེགས་པ་ཡིན་པས། ཁོ་བོའང་དེ་བཞིན་ཕམ་པ་ཤེས་6)” ཞེས་བཤད་པ་སོགས་ཐང་ཡིག་རྙིང་མར་གསལ།
དམག་འཁྲུག་གི་མཇུག་འབྲས། ལྷ་སའི་བར་དུ་རྒྱང་སྐྱོད་བྱེད་འདོད་ཀྱི་འཆར་གཞི་དེ་ནི་མདོ་སྨད་ཇི་མ་ཁོལ་ནས་ཕམ་ཁའི་ངང་མཇུག་སྒྲིལ་བ་ཡིན་ལ། དེ་ཡིས་འ་ཞས་ཐང་གི་རྒྱབ་སྐྱོར་ལ་བརྟེན་ནས་སྲིད་དབང་སླར་འཛུགས་ཀྱི་རེ་བ་ཡོངས་སུ་ཆད་པར་མ་ཟད། ཐང་གིས་བོད་ཀྱི་དམག་དཔུང་གི་སྟོབས་ཤུགས་དང་བྱེད་ཐབས་མངོན་སུམ་དུ་མཐོང་བས་དམག་དཔོན་འདེམས་བསྐོ་དང་དམག་མི་བསྡུ་སྒྲིག་གི་ལས་གཉེར་ཏེ་རྒོལ་བ་ནས་འགོག་པའི་ཐབས་ལ་འབད་པ་དང་། བོད་ཀྱིས་ཀྱང་དམག་འཁྲུག་འདི་བརྒྱུད་ནས་ང་རྒྱལ་དང་སྤོབས་པ་ཇེ་ཆེར་ཕྱིན་པས། ཧྲན་ཀྲིག་(鄯州)དང་ཁོ་ཀྲིག་(廓州)སོགས་བཅོམ་པ་རེད། “སྐབས་དེར་བྷོད་དམག་གིས་ཞང་ཞུང་དང་། ཏང་ཞང་། འཇང་གི་ས་ཆ་ཁག་རྣམས་དབང་དུ་བསྡུས། བྷོད་ཀྱི་ཤར་ཕྱོགས་སུ་ལེང་ཀྲིག་(凉州)དང་། སུང་ཀྲིག(松州) མའོ་ཀྲིག(茂州) སོས་ཀྲིག་(崔州)བཅས་དང་འབྲེལ་ཞིང་། ལྷོ་བལ་པོ་དང་འབྲེལ། ནུབ་ཏུ་ཐང་གི་ཆིག་ཚི་(龟兹)དང་། ཧྲུའུ་ལི་(疏勒) སོགས་སྡེ་བཞི་བཅོམས་ཏེ་བཟུང་། བྱང་ཕྱོགས་སུ་གྲུ་གུ་དང་འབྲེལ་ཡོད་པས། མངའ་རིས་ལེ་དབར་ཁྲི་ཕྲག་ལྷག་མཆིས། ཧན་(汉)རྒྱལ་རབས་དང་ཝེ་(魏)རྒྱལ་རབས་ཀྱི་དུས་ནས་བཟུང་། ནུབ་ཕྱོགས་ཀྱི་མི་རིགས་རྣམས་ཀྱི་ཁྲོད་དུ་སྟོབས་འདི་ལྟར་ཆེ་བ་ནི་བྱུང་མ་མྱོང་7)” ཞེས་གསུངས་པ་བཞིན་ནོ༎
གཉིས། སྟག་ལ་རྒྱ་དུར་གྱི་དམག་འཁྲུག་ནི་སྔ་ལོར་བྱང་ཕྱོགས་སུ་ཕམ་པའི་ཞེ་ནད་བརྩད་པའི་དམག་འཁྲུག་ཡིན་པར་མ་ཟད། མང་སྣ་ཉུང་གིས་བླངས་པའི་དམག་འཁྲུག་གི་མིག་དཔེ་ལྟ་བུ་ཡིན།
དམག་འཁྲུག་གི་འབྱུང་རྐྱེན། དམག་འཁྲུག་འདི་ནི་“ལུགྀ་ལོ་ལ་(སྤྱི་ལོ་695)། བཙན་པོ་དབྱརད་བལ་པོ་ན་བཞུགས་ཤྀང་། ……བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཅྀས་ཤིང་། སྟག་ལ་རྒྱ་དུར་དུ་རྒྱའྀ་དམག་པོན་འང་ཞང་ཤོ་(王尚书)དང་གཡུལ་སྤྲད་དེ་རྒྱ་མང་པོ་བཀུཾ་བར་ལོ་ཆིག” 8) ཅེས་གསུངས་པ་ལྟར། སྤྱི་ལོ་695 ལོར་འ་ཞའི་ཡུལ་དེ་སྐབས་དེར་བོད་ཀྱི་ཆར་གཏོགས་པའི་སྟག་ལ་ཞེས་པའི་ས་ཆ་ནས་བྱུང་བའི་དམག་འཁྲུག་ཡིན་པར་གཞིགས་ན་ཐང་གིས་བོད་ལ་བསླངས་པའི་དམག་འཁྲུག་ཡིན་པར་སྙམ། དམག་དཔོན་འང་ཞང་ཤོ་ཞེས་པའི་མིང་ངོ་མར་ཝང་ཞའོ་ཅེ་(王孝杰)ཞེས་འབོད་ལ་ཐོག་མར་བོད་ཀྱིས་བཟུང་ཞིང་ཕྱིས་སུ་ཕྱིར་ཐང་ལ་བཏང་བ་ཡིན་གཤིས། བོད་ལ་ཆ་རྒྱུས་ཡོད་པས་བོད་དམག་བསྟུད་མར་བཅོམ་པའི་ཐང་གི་དམག་དཔོན་ཆེན་པོ་ཞིག་ཡིན་ཏེ། ཁྲང་ཧྲིག་ཁྲི་ལོ་དང་པོས་སྟེ་སྤྱི་ལོ་692 ལོར་ཁོས་དཔུང་སྣེ་དྲངས་ཏེ་བོད་དམག་བཅོམ་ནས་ཆིག་ཚི་སོགས་སྡེ་བཞི་དབང་དུ་བསྡུས་པ་དང་། ཡན་ཙེ་ཁྲི་ལོ་དང་པོ་སྟེ་སྤྱི་ལོ་694 ལོར་མགར་བཙན་ཉེན་གུང་རྟོན་སོགས་ལས་རྒྱལ་བ། ཐེན་ཚེ་ཝན་སོས་ཁྲི་ལོ་དང་པོར་(སྤྱི་ལོ་695)། བོད་ཀྱིས་ལིན་ཐོ་(临洮)བཅོམ་པ་བཀག་པ་བཅས་བསྟུད་མར་རྒྱལ་བས་མུ་མཐུད་དུ་བྱས་རྗེས་རྒྱ་བསྐྱེད་པར་འདོད་པ་ཞིག་ཡིན། བོད་ནས་ཀྱང་བྱང་ཕྱོགས་སུ་བསྟུད་མར་ཝང་ཞའོ་ཅེ་ཡིས་བཅོམ་པར་ཞེ་ནད་རྩོད་ཆེད་དམག་འཁྲུག་གི་ཁ་ཕྱོགས་ཤར་མཐར་བསྒྱུར་བ་དང་། སྐབས་དེར་བློན་ཆེན་པོའི་འགན་བཞེས་པའི་མགར་ཁྲི་འབྲིང་བཙན་བྲོད་སྐུ་ཉིད་ཀྱིས་དཔུང་སྣེ་དྲངས་ནས་ཆེད་དུ་ཝང་ཞའོ་ཅེ་ཡི་ངོ་ལེན་པར་ཡོང་བ་ཡིན།
དམག་འཁྲུག་གི་བརྒྱུད་རིམ། དམག་འཁྲུག་འདིའི་བརྒྱུད་རིམ་ནི་ཏུན་ཧོང་ཡིག་ཚགས་སུ་<<བོད་བློན་མགར་ཁྲི་འབྲིང་བཙན་བྲོད་དང་རྒྱ་བློན་འོང་ཀེར་ཞང་ཤེ་གཉིས་ཀྱིས་ཤགས་བཀྱེས་པའི་ཚིག་>>9) ཅེས་པའི་ཤོག་དྲིལ་དུ་གསལ་པོར་ཡོད་དེ། མགར་དང་ཝང་གཉིས་ཀྱི་དཔུང་སྡེ་སྟག་ལ་ནས་འཕྲད་དུས། མགར་གྱི་དཔུང་སྣ་ཉུང་ཞིང་ཝང་གི་དཔུང་སྣ་མང་པས། ཝང་གིས་མགར་ལ། “བོད་ཀྱི་དམག ། སྟག་འཕྲང་གཡག་འཕྲང་དུ་བགྲངས་པ་འྀ་གྲངས་ཀྱང་ང་ལ་ཡོད་དོ། གླད་པ་ལ་ཚད་བླངས་སྟེ། ཞྭར་དྲུབས། རྐང་པ་ལ་ཚད་བླང་སྟེ་ལྷམ་དུ་དྲུབས། །བོད་ཀྱི་དམག་ཐུབ་པ་ཙམ་དུ་བཆབས་ནས། ང་འྀ་དམག་འདི་སྙེད་ཆིག་ཡོད་དོ།། མགྲྀམ་པྲ་མོར་ཤོང་ན། ལྟོ་ཆེད་པོར་ཞུགས་ཀྲང་། གྀས་གནམ་པྱགས་ཆེད་པོས་བཏབ་སྟེ། གཆིག་མྱྀ་དགྱེའོ༎”ཞེས་དཔུང་གི་གྲངས་མང་པོ་ཡོད་པས་འཇིགས་སྣང་བསྐུལ་བར། མགར་གྱིས། “མང་ཉུང་གྀ་ཁར་མྱི་དོར་རོ།། བྱེ་འུ་མང་མང་ཡང་ཁྱ་ཆིག་གྀ་ཉོད་པའ། ཉེ་འུ་མང་མང་ཡང་སྲམ་ཆྀག་གི་ཉོད་པ། ཤ་བ་རྭ་མང་སྟེ་འགྱེན་ཏམ། གཡག་རུ་ཐུངེ་སྟེ། འགྱེན་པ་བལྟསོ། །ཐང་ཤིང་ལོ་བརྒྱའ་སྐྱེས་པ་ཡང་། སྟ་རེ་གཅིག་གྀ་དགྲའོ༎ཆུ་གཞའ་གསང་དུ་སོང་བ་ཡང་། གྲུ་མདོམ་གང་གིས་སྐ་ཆིག་ཆོད་དོ།། ནས་འབྲས་ཐང་གང་སྐྱེས་པ་ཡང་། རང་ཏག་གཆྀག་གི་ནང་དུ་ཆྀབ་བོ། སྐར་མ་གནམ་གང་ཡོད་པ་ཡང་ཉི་མ་གཆྀག་གི་འོད་ལ་མྱེད་དོ།། ལུང་བ་གཆིག་གི་མདའ་ནས་མྱེ་པར་ཆིག་མཆེད་ན། རྀ་ལུང་གཉྀས་ཀྱི་ཤྀང་རྩི་ཀུན་ཚིག་པ་ཡང་ཡོད། ཆུ་མྱིག་གཆྀག་གི་དངོའ་ནས། དབའ་རྒལ་ཞིག་བྱུང་ནའ།། རི་ཐང་གྀ་ཤིང་རྩི་ཀུན་ཁྱེར་བ་ཡང་སྲྀད་དོ།། བོང་པ་ཐང་གང་གྀ་ནང་དུ།། རྡོ་བ་གཆིག་འདྲིལ་དུ་བཅུག་ན། རྡོ་ཆག་གམ། བོང་པ་ཆག་པ་བལྟའོ།། ཐང་ཆེད་པོ་གཆིག་ལ། རྩ་ཁུར་གཆིག་དང་། སྨྱུག་ཤད་ཀྱི་ལྕག་གཆིག་བཆྀང་སྟེ་བཞག་ན། རྩ་སྔར་འདྲུལ་ལམ་ལྕག་སྔུན་དུ་འདྲུལ་པ་བལྟ་འོ།། ཆུ་ཟངས་གང་གྀ་ནང་ན།། ལན་ཙ་ཁྱོར་གང་བཏབ་ན།། ཆུ་བྲོ་འམ། ལན་ཙ་བྲོ་བ་བལྟ་འོ།། འབྲུག་དང་ཀློག་བརྟེ་བུ་སྟེ་གྲངས་ཉུང་མོད་ཀྱོང༌། གནམ་མཐའ་བཞིར་གྲགས་ལ་བརྩན་ཞྀང་ཆེ་འོ།” ཞེས་གཡུལ་ལ་ཞུགས་པར་དམག་གི་གྲངས་མང་ཉུང་གི་ཆ་ཁོ་ན་གཙོ་བོ་མ་ཡིན་པར་གཡུལ་ལ་དཔའ་བ་གཙོ་བོ་ཡིན་པའི་རྒྱུ་མཚན་དཔེ་འཇོག་བཅུ་གསུམ་གྱི་སྒོ་ནས་གསལ་པོར་བསྟན་པ་ལས། མགར་ཁྲི་འབྲིང་ལ་དམག་གི་གྲངས་ཉུང་ཡང་དཔའ་མི་ཞུམ་པ་དང་རྒྱལ་ཁ་བརྩོན་ལེན་བྱེད་ཐུབ་པའི་སྤོབས་སེམས་ལྡན་པ་མངོན་པར་མཚོན་པ་བཅས་ཀྱིས་ཕྱོགས་གཉིས་སུ་དཔུང་གྲངསདོ་མི་མཉམ་པའི་ཁྱད་པར་མངོན་གསལ་གྱིས་ཆེ་བ་གསལ་པོར་བསྟན། དེ་ནས་ཤོག་དྲིལ་དེའི་མཇུག་ཏུ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དུས། “དེ་ནས་རྒྱ་འྀ་དམག འོང་ཀེར་ཞང་ཤེས་བདའསྟེ་བྱུང་བ་ལས། བོད་ཀྱི་དམག་པོན། བློན་ཁྲི་འང་གིས། དགྲ་ཐབས་དང་གཡག་ལྟར་བྱས་ནས། གོ་བར་དུ་གཡུལ་སྤྲད་དེ། རྒྱ་མང་པོ་བཐུངས་ནས། རྒྱ་འྀ་རོ་གཆིག་གནམ་དུ་འགྲེང་བ་འབུམ་བསད་པའྀ་མཚན་མ་ཞེས་བྱའོ།། སྟག་ལ་རྒྱ་དུར་དང་རྨ་རྒྱ་དུས་(དུར)ཀྱང་དེ་ནས་བཏགསོ།” ཞེས་བཀོད་པ་བཞིན་མགར་རྒྱལ་ཝང་ཕམ་གྱིས་མཇུག་སྒྲིལ་བ་ཡིན།
དམག་འཁྲུག་གི་མཇུག་འབྲས། ཐང་གི་དམག་དཔོན་ཝང་ཞའོ་ཅེ་ཕམ་པས་གོ་གནས་ལས་ཕྱུང་བ་ཡིས་ཐང་ནས་བོད་ལ་རྒོལ་ལན་སློག་ཐུབ་པའི་དམག་དཔོན་མ་བྱུང་ལ། མདོར་ན་མགར་ཁྲི་འབྲིང་བཙན་བྲོད་ཀྱི་དོ་ཟླར་འབུད་ཐུབ་པ་མ་བྱུང་བས། བོད་དམག་ལེང་ཀྲིག་མཁར་ལ་བླུགས་པ་དང་། མགར་གྱིས་ཐང་ལ་གྲུ་གུ་ཚོ་བཅུ་བགོ་བའི་རེ་བ་བཏོན་པས། ཐང་ལ་དམག་འཁྲུག་གི་ཐབས་ཟད་ནས་བྱེད་ཐབས་གཞན་ཞིག་ལ་བརྟེན་ནས་མགར་བུ་ཚར་གཅོད་རྒྱུའི་གྲོས་མགོ་བཏོན་པ་ཡིན། དེ་བས་དམག་འཁྲུག་འདི་ནི་མང་སྣ་ཉུང་གིས་བླངས་པའི་རྒྱལ་ཁ་ཞིག་ཡིན་མོད། འོན་ཀྱང་འདི་ནས་བཟུང་མགར་བུ་ལ་གཡུལ་ན་དོ་ཟླ་མེད་པས་ཐབས་ལམ་གཞན་ཞིག་ལ་བརྟེན་ཏེ་མགར་ཚང་ཕམ་པར་བྱེད་རྒྱུར་ཐང་གིས་བསམ་བློ་བཏང་བ་རེད།
གསུམ། བྱང་དུ་གྲུ་གུའི་ས་ཁོངས་འཕྲོག་རྩོད་ལས་དམག་སྲིད་ཀྱི་འཇོན་ཐང་ངོམས་ཀྱང་སྐྱོ་འབྲས་ཀྱི་མྱུ་གུ་འབུས། སྤྱི་ལོ་དུས་རབས་བདུན་པ་ནས་བྱང་རྒྱུད་གྲུ་གུའི་རྒྱལ་ཁབ་ཉམས་རྒུད་དུ་གྱུར་ལ། བོད་ཐང་གཉིས་ནས་གནས་བབ་ལེགས་པོ་དང་ས་ཁོངས་ཆེན་པོ་དེ་ཉིད་མངའ་ཁོངས་ལ་བསྡུ་རྒྱུའི་དམིགས་ཡུལ་བཅངས་པ་དང་། ཁྱད་པར་དུ་གྲུ་གུ་ཚོ་བཅུ་སྡེ་བཞིའི་ཐད་དུ་ཞི་དྲག་གཉིས་ཀྱི་ཐབས་རྩལ་ངོམ་རེས་བྱས་པ་ཡིས། གྲུ་གུ་ནང་ཁུལ་དུ་བོད་ཀྱི་སྟོབས་ཤུགས་ལ་བརྟེན་པའི་ཚོགས་ཁག་དང་ཐང་གི་སྟོབས་ཤུགས་ལ་བརྟེན་པའི་ཚོགས་ཁག་གཉིས་སུ་གྱུར་ཏེ། རང་རང་གི་སྟོབས་ཤུགས་ལ་རྗེ་བོ་རེ་བྱུང་བས་སྐབས་འགར་བོད་ལ་གཏོགས་ཤིང་སྐབས་འགར་ཐང་ལ་གཏོགས་པའི་རྣམ་པ་ཡུན་རིང་བོར་གནས་པ་ཡིན་ཏེ། ལི་ཡུལ་སྡེ་བཞིར་དཔེར་ན། སྤྱི་ལོ་670ལོའི་ཟླ་བཞི་བར། “ནུབ་ཕྱོགས་ཀྱི་ཁུལ་བཅོ་བརྒྱད་བོད་ལ་ཤོར་བ་དང་། ཡང་འུ་ཐེན་ནས་ཆིག་ཚུའི་པ་ཧན་མཁར་(拔换城)བཅོམ། དེ་ནས། ཆིག་ཚི་དང་། འུ་ཐེན་(于圓)། ཡན་ཆི་(焉耆)། ཧྲུའུ་ལི་བཅས་སྡེ་བཞི་བོད་ལ་ཤོར།10)” ཞེས་དང་། སྤྱི་ལོ་679 ལོར་ཐང་གི་དམག་དཔོན་ཕེ་ཞིན་ཅན་(裴行俭)གྱིས་སླར་དབང་དུ་བསྡུས། སྤྱི་ལོ་689 ལོར་བོད་ཀྱིས་ཡང་བསྐྱར་མངའ་འོག་ཏུ་བཅུག་ཀྱང་། སྤྱི་ལོ་692 ལོར་ཝུའུ་ཝེ་ཅུན་(武威军)གྱི་སྤྱི་ཁྱབ་དཔོན་པོའི་ཐབས་ཡོད་པ་ཝང་ཞའོ་ཅེ་བྱ་ བས་སླར་དབང་དུ་བསྡུས། དེ་ལྟར་གྲུ་གུ་འཕྲོག་རྩོད་ཀྱི་ལོ་རྒྱུས་དུས་རིམ་ཁྲོད་དུ་མགར་བུ་ཁྲི་འབྲིང་བཙན་བྲོད་ཀྱིས་བློན་ཆེན་པོའི་འགན་འཁུར་ནས་དམག་སྲིད་ཀྱི་དབང་ཆ་ཡོངས་སུ་བཟུང་བ་ཡིན་ལ། ཁོང་གིས་ཆབ་སྲིད་ཀྱི་མིག་རྒྱང་དང་དམག་དོན་ཐབས་ཤེས་སོགས་ཕྱོགས་མང་པོ་ནས་དབྱེ་ཞིབ་ཀྱིས་གྲུ་གུ་ཚོ་ཁག་ལས་“ཟི་ཅིན(俟斤)ཚོ་ཁག་ནི་བོད་ཁམས་དང་ཉེ་ལ། བར་དུ་བྱེ་ཐང་གཅིག་ཁོ་ན་ལས་ཆོད་མེད་པས། སྐྱ་དམག་གློ་བུར་དུ་བྱུང་ན། ཉིན་བཅུ་ཡང་མི་དགོས་པར་བོད་ཀྱི་རྒྱལ་སར་བསྙེགས་ཐུབ་11)”པ་གསལ་པོར་ཤེས་ནས་མུ་མཐུད་དུ་གྲུ་གུའི་ས་ཁོངས་རྩོད་ལེན་གྱི་ལས་ལ་ཞུགས་པ་ཡིན་ཏེ། “ཁྱིའི་ལོ་ལ་བབ་སྟེ་(སྤྱི་ལོ 686)། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཁྲྀ་འབྲིང་གྱྀས། དྲུ་གུ་ཡུལ་དུ་དྲང་ཞེས་བགྱྀ་བ་ལས། ཕྱྀ་དལ་ཏེ། དབྱར་འདུན་ཤོང་སྣང་འདུས། དགུན་བྲ་མ་ཐང་དུ་འདུསྟེ། ཤངས་མང་ཆད་དུ་ཞྀང་གྱྀ་ཕྱིང་རྀལད་བཏབ་ཕར་ལོ་གཅིག12)”ཅེས་པ་དང་། “ཕགི་ལོ་ལ་བབ་སྟེ་(སྤྱི་ལོ 687)། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཁྲྀ་འབྲྀང་གྱིས། དྲུ་གུ་གུ་ཟན་ཡུལ་དུ་དྲངས།13)” ཞེས་པ་ནས་“གླང་གི་ལོ་ལ་བབ་སྟེ་(སྤྱི་ལོ 689)། བཙན་པོ་ཉེན་ཀར་གྱྀ་ཐང་བུ་ར་ན་བཞུགས་ཤྀང༌། བཙན་མོ་ཁྲྀ་བངས། འ་ཞ་རྗེ་ལ་བག་མར་གཤེགས། བློན་ཆེ་ཁྲྀ་འབྲྀང་དྲུ་གུ་ཡུལ་ནས་སླར་འཁོརཏེ། དགུན་འདུན་ཕུལ་པོ་ཉ་ཤ་ཚལ་དུ་འདུས་པར་ལོ་ཆིག14)”ཅེས་སོགས་བཀོད་པ་ལས་མགར་བུ་འདི་གྲུ་གུ་ནས་ལོ་གསུམ་ལ་བསྡད་པ་གསལ་བས་དགོས་པ་དང་དམིགས་ཡུལ་ཁྱད་པར་བ་རེ་ཡོད་པ་ལོས་ཡིན་མོད། འོན་ཀྱང་རང་རེའི་ཡིག་ཚང་གཞན་དག་ཏུ་གསལ་པོར་གསུངས་མེད། དེ་ཡང་<<ཐང་ཡིག་རྙིང་མ་>>ཡི་བམ་པོ་དོན་བདུན་པའི་བློན་ཝེ་ཏེ་ཅཱ་(韦特价)ཡི་ལོ་རྒྱུས་སུ་ཆ་འཕྲིན་གལ་ཆེན་ཞིག་བཀོད་ཡོད་པ་ལས་མགར་བུ་འདི་ཉིད་གྲུ་གུར་འགྲོ་བའི་རྒྱུ་མཚན་ཤེས་ཐུབ་པ་ཡིན་ཏེ། བོན་ཝེ་ཏེ་ཅཱ་ལ་ནི་“ཁྲེས་ཀུང་ཁྲི་ལོ་དང་པོའི་ཟླ་བཅུ་བར། ཡང་བསྐྱར་ཡན་རན་ཏའོ་(燕然道)གཡུལ་འདེགས་དམག་སྤྱི་ཆེན་པོར་བཀའ་བསྩལ་ནས། གྲུ་གུ་འགོག་པར་བཏང་།15)”ཞེས་བཀོད་ཡོད་ལ། ཁྲེས་ཀུང་ཁྲི་ལོ་དང་པོ་ནི་སྤྱི་ལོ་685 ལོ་སྟེ་ཁྱིའི་ལོ་ལ་བབས་ཡོད། དེ་བས་ཁྱི་ལོའི་ལོ་མཇུག་དེ་ཉིད་དུ་མགར་ཁྲི་འབྲིང་གྲུ་གུར་ཆས་ཀྱང་ལས་ཚེགས་མང་པོས་འགྲོ་མ་ཐུབ་པར་ཕྱི་ལོ་སྟེ་ཕག་གི་ལོ་ལ་དཔུང་དྲངས་ནས་ཕེབས་པའི་དགོས་པ་ཤེས་ལ། དེ་ནས་མུ་མཐུད་དུ་ལོ་གསུམ་ལ་གྲུ་གུའི་ས་མཚམས་སྲུང་ཞིང་གྲུ་གུ་བའི་བློ་ཁ་བོད་ལ་དྲངས་པ་རེད།
འོན་ཀྱང་། བློན་ཆེན་ཁྲི་འབྲིང་གྲུ་གུ་ནས་ཕྱིར་ལོག་ནས་ཡུན་རིང་མ་འགོར་བར་ཐང་གི་དམག་དཔོན་ཝང་ཞའོ་ཅེ་ཡིས་སྡེ་བཞི་མངའ་འོག་ཏུ་བསྡུས་པས། 695ལོའི་སྟག་ལ་རྒྱ་དུར་གྱི་དམག་འཁྲུག་བྱུང་བ་དང༌། 697ལོར་ཐང་ལ་གྲུ་གུ་ཚོ་བཅུ་བགོ་དགོས་པའི་བླང་བྱ་བཏོན་པ་ཡིན་ཏེ། “དེང་གོང་མ་ནས་འདུམ་བྱེད་པར་ལུང་གནང་བས། རྒྱལ་ཁབ་གཉིས་ནས་མཐའ་སྲུང་རུ་དཔུང་གཏོར་ཏེ། ཀུན་ལ་བདེ་ལམ་བསྐྲུན་ཞིང་རང་ས་རང་གིས་གཉེར་ན། འཁྲུག་རྩོད་ཞི་བས་ཤིན་ཏུ་ལེགས་པོ་མིན་ནམ། དེ་ཡང་ནུབ་ཕྱོགས་གྲུ་གུ་ཚོ་བཅུ་དང་སྡེ་བཞིའི་རྒྱལ་ཁབ་རྣམས། སྐབས་རེར་བོད་ལ་དབང་ཞིང་སྐབས་རེར་རྒྱ་ལ་གཏོགས་པ་ནི་ཐེངས་མང་པོར་བྱུང་བའི་བསྐྱར་ཟློས་ཀྱི་གནད་དོན་ཞིག་རེད། དེ་བས་ཁོ་བོའི་རེ་འདུན་ནི་གོང་མས་དྲིན་གྱིས་བསྐྱངས་ཏེ། ས་དེ་གའི་སྲུང་དམག་ཕྱིར་འཐེན་ནས་རྒྱལ་ཕྲན་སོ་སོར་བགོ་རྒྱུ་དང་། ལ་ཕྲན་རེ་རེར་རྗེ་བོ་བསྐོས་ཤིང་སྲིད་དབང་བཙུགས་ནས་རང་ས་རང་ལ་སྲུང་དུ་བཅུག་ན། རྒྱ་ལ་མི་དབང་ལ་བོད་ལའང་མི་གཏོགས་པས། མི་རྣམས་ཀྱི་སེམས་ཁྲལ་ཞི་ཞིང་རི་ལུང་བདེ་ལ་བཀོད་པ་མིན་ནམ་16)” ཞེས་པའི་རེ་བ་བཏོན་པར་མ་ཟད། “གལ་སྲིད་ཁོ་བོར་དངོས་གནས་རྒྱ་ལ་གནོད་པའི་སེམས་དང་གླགས་འཚོལ་བའི་བློ་ཡོད་ན། ཀན་ཀྲིག་(甘州)དང་ལེང་ཀྲིག་དེ་ཐང་གི་གཡས་ཕྱོགས་ནས་ཅི་ཧྲིའི་(积石)བར་དུ་ལེ་བར་ཉིས་སྟོང་ཙམ་ལས་མེད་ལ། ཁོད་ཡངས་སའི་སྲིད་ལ་ལེ་བར་ཉིས་བརྒྱ་སུམ་བརྒྱ་ལྷག་དང་། ཁོད་དོག་སར་ལེ་བར་བརྒྱ་ཙམ་་ལས་མེད་དེ། དམག་འདྲེན་འདོད་ན་ཀྲང་དབྱེའམ་(张掖) ཡུས་མིན་(玉门)ནས་བྱུང་ནས། རྒྱལ་ཁབ་ཆེན་པོར་དཔྱིད་ལ་ལོ་ཏོག་གདབ་ཏུ་མ་བཅུག་ན། སྟོན་ལ་འབྲས་བུ་ལེན་རྒྱུ་མེད་དེ། དེ་ལྟར་ལོ་ལྔ་དྲུག་ཙམ་ནས་གཡས་ཕྱོགས་ཀྱི་མཚམས་གཅོད་ཆོག17)” ཅེས་བཙན་སྐུལ་བྱས་པར། ཐང་ནས་མགར་བུའི་གྲོས་གཞི་ལྟར་གྲུ་གུ་བགོས་ན་ཡུན་རིང་འབད་པའི་འབྲས་བུ་ཤོར་བར་མ་ཟད། བོད་ཀྱིས་མུ་མཐུད་དུ་གླགས་བཙལ་བའི་ཁོར་ཡུག་སྤྲད་པ་ཡིན་པས། མགར་བུའི་འདོད་པ་ལྟར་དུ་གཅོད་མི་རུང་བ་དང་། མགར་བུའི་འདོད་པ་ལས་འགལ་ན་ཤར་མཐའ་རུ་དཔུང་གི་སྦྱོར་བ་འབྱུང་བར་དོགས་ནས་བློན་ཀུན་གྱིས་བགྲོས་མཐར། བློན་པོ་ཀོ་ཡོན་ཀྲིན་གྱིས་ཡི་གེ་ཕུལ་ཏེ་གྲོས་གཞི་བཏོན་པ་ལྟར། “རྒྱལ་ཁབ་ཀྱིས་སྡེ་བཞི་ལ་ཕངས་སེམས་སྐྱེས་པ་མིན་ལ། གནས་དེ་ནས་བོད་ཁམས་ཀྱི་མཇུག་མཚམས་བཀག་སྡོམ་གྱིས་བོད་ཀྱི་སྟོབས་ཤུགས་སིལ་བུར་གཏོར་ཏེ། ཤར་ཕྱོགས་ལ་བཙན་འཛུལ་གྱི་ནུས་ཤུགས་སེལ་རྒྱུ་དེ་ཡིན་པ་དང་། གཞན་ཡང་། དེང་ཁྱོད་ཀྱི་འདོད་པ་བཞིན་དུ་སྡེ་བཞི་བཅད་ན། བོད་ཀྱི་སྟོབས་ཤུགས་ཇེ་ཆེར་འཕེལ་ནས་ཤར་ཕྱོགས་ལ་གནོད་པར་སྐྲག་པ་ཡིན། དངོས་གནས་ཤར་ཕྱོགས་འདོད་པ་མིན་ན། འ་ཞའི་ཚོ་ཁག་རྣམས་དང་མཚོ་སྔོན་པོའི་སྔར་གནས་རྣམས་ཕྱིར་རྒྱ་ལ་སྤྲོད་དང་། གྲུ་གུའི་ཟི་ཅིན་ཚོ་ཁག་བོད་ལ་དབང་ཆོག་18)” ཅེས་ཁྲི་འབྲིང་གི་ལན་དུ་བཏབ་པར་མ་ཟད། ཐང་བློན་ཀོ་ཡོན་ཀྲིན་གྱི་གྲོས་གཞིའི་ཡི་གེ་གཞན་ཞིག་སྟེ། རྗེ་དང་མགར་བར་དུ་དཀྲུག་ཤིང་འཕེན་རྒྱུའི་གྲོས་གཞི་ལག་བསྟར་བྱས་པ་ཡིན་པས། མགར་ཚང་ལ་བཀྱོན་འབབ་རྒྱུའི་ས་བོན་ནི་སྤྱི་ལོ་695 ལོའི་སྟག་ལ་རྒྱ་དུར་གྱི་དམག་འཁྲུག་གི་རྒྱལ་ཁ་ནས་བཏབ་པ་དང་། མྱུ་གུ་ནི་697 ལོའི་གྲུ་གུ་འཕྲོག་རྩོད་ཀྱི་ང་རྒྱལ་དང་བཙན་དྲགས་ལས་འབུས་པ་ཡིན་ལ། འབྲས་བུ་ནི་698 ལོར་མགར་ཚང་ཚར་བཅད་པ་ལས་སྨིན་པ་ཡིན།
བཞི། དཔོན་གནས་ལམ་ལུགས་འཐུས་ཚང་གིས་ལྔ་བརྒྱ་ཆེན་པོ་གསར་དུ་བསྐོས་པ། ལྔ་བརྒྱ་ཆེན་པོ་ནི། “དམག་མིའི་འབོར་གྲངས་ལྔ་བརྒྱ་ཡས་མས་ཀྱི་དམག་དཔོན་ཞིག”19)ཡིན་པས་སྟོང་དཔོན་གྱི་མངའ་འོག་ལ་གཏོགས་པའི་དཔོན་གནས་ཤིག་ཡིན། བཙན་པོ་ཁྲི་སྲོང་བཙན་ཡབ་སྲས་ཀྱི་སྐུ་རིང་ནས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་དབྱེ་ཞིང་། སྟོང་སྡེ་རེར་སྟོང་དཔོན་རེ་བསྐོ་བཞག་བྱས་ཤིང་ཟངས་ཀྱི་ཡིག་ཚང་བསྩལ་བ་ལས། ལྔ་བརྒྱ་ཆེན་པོའི་གོ་གནས་བསྐོ་འཇོག་གི་ལམ་ལུགས་མ་བྱུང་། འོན་ཀྱང་སྐབས་དེ་ནས་བཟུང་སྟོང་དཔོན་གྱི་མངའ་འོག་ཏུ་བརྒྱ་དཔོན་དང་དེ་ལ་གཏོགས་པའི་བཅུ་དཔོན་སོགས་དཔོན་ཆུང་ལམ་ལུགས་ཆགས་ཡོད་པ་རིགས་པས་འགྲེ་ཆོག དེ་ལྟར་མིན་ན་དམག་དཔུང་སྦྱོང་བརྡར་དང་བཀའ་ལུང་ཁྱབ་བསྒྲགས།
གཡུལ་གྱི་སྦྱོར་བ་སོགས་རྩོམ་དུས་དམག་སྟོང་ཕྲག་ཁ་ཤས་ལ་སྟོང་དཔོན་ཁོ་ནས་བཀོད་འདོམས་བྱེད་མི་ཐུབ་པ་ལས་གསལ་པོར་ཤེས། ཡིན་ཡང་། སྟོང་དཔོན་གྱི་“ཁོངས་སུ་དམག་སྟོང་ཕྲག་བཅུ་ཡོད་པས་20)”བརྒྱ་དཔོན་ཡང་མང་པོ་ཡོད་ངེས་ཕྱིར་དུས་བཅད་ཀྱི་བཀའ་ལུང་དང་དམག་བརྡ་ཁྱབ་བསྒྲགས་བྱེད་པར་དཀའ་ངལ་བྱུང་བ་དང་། ཁྱད་པར་དུ་དྲག་པོ་དཔུང་གི་གཡུལ་སྦྱོར་ལ་མཁས་པའི་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་དམག་སྲིད་ཀྱི་དབང་ཡོངས་རྫོགས་བཟུང་རྗེས། སྟོང་དཔོན་དང་བརྒྱ་དཔོན་གྱི་བར་འབྲེལ་མི་འཚམ་ཞིང་ཚགས་མི་དམ་པའི་སྣང་ཚུལ་གསལ་པོར་མངོན་པ་བཅས་ལ་གཞིགས་ནས་དཔོན་པོའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྦྲུལ་གྱི་ལོ་སྟེ་སྤྱི་ལོ་693 ལོར། “དབྱརད་འདུན་སྐྱི་སྟག་ཙལ་དུ་འདུསྟེ། ལྔ་བརྒྱ་ཆེན་པོ་བསྐོས། 21)” དེ་ནས་བཟུང་ལྔ་བརྒྱ་ཆེན་པོའི་ལམ་ལུགས་མུ་མཐུད་དུ་རྒྱུན་འཛིན་འཐུས་ཚང་དུ་བཏང་ནས། སྤྱི་ལོ་707 ལོར། “དགུན་འདུན་འོན་ཅང་དོར་བློན་ཆེན་ཕོ་ཁྲྀ་གཟིགས་གྱྀས་བསྡུས་སྟེ། ལྔ་བརྒྱ་སྟོང་བུ་རྗེར་བཅོས།22)” དེ་བས་ཆོས་འབྱུང་དེབ་ཐེར་དུ་གསུངས་པའི་སྟོང་སྡེ་དྲུག་ཅུར་གཏོགས་པའི་སྟོང་བུ་ཆུང་ནི་འདི་ནས་བྱུང་བ་ཡིན་ནམ་སྙམ།
མདོར་ན། <<སྲིད་དོན་མེ་ལོང་>>དུ། “མགར་ཁྲི་འབྲིང་བཙན་བྲོད་ནི་མགར་སྟོང་བཙན་གྱི་བུ་ཡིན་ལ། ཁོའི་སྤུན་ཆུང་འབྲིང་རྩན་རྩང་སྟོན་དང༌། སྟ་གུ་རི་ཟུང་། བཙན་ཉེན་གུང་རྟོན་བཅས་ཚང་མར་བློ་རིག་ལྡན། མགར་སྟོང་བཙན་བཀྲོངས་རྗེས། ཁྲི་འབྲིང་གིས་ཁོའི་གོ་གནས་བཟུང་བ་དང་། སྤུན་ཆུང་གསུམ་གྱིས་དམག་དོན་གཉེར་ནས་མཐའ་མཚམས་སྲུང་བས་ཁྱིམ་མཚེས་རྒྱལ་ཁབ་རྣམས་འཇིགས་ཤིང་སྐྲག་23)” ཅེས་སོགས་བཀོད་པ་དང་། དེང་རབས་ཀྱི་བོད་རིག་པ་སྨྲ་བ་ཝང་ཡོ་སོགས་ཀྱིས་མགར་ཁྲི་འབྲིང་བཙན་བྲོད་ནི་“ཐུགས་དཀྱེལ་ཆེ་ཞིང་ཐབས་ལ་མཁས་པའི་བོད་བཙན་པོའི་དུས་ཀྱི་ཆབ་སྲིད་པ་དང་དམག་དོན་པ་ཡིན།”24) ཞེས་གནའ་དེང་གཉིས་སུ་སྤུན་ཟླ་མི་རིགས་རྣམས་ཀྱིས་གདེང་འཇོག་མཐོན་པོ་གནང་བའི་མགར་བུ་འདི་ཡིས། བཙན་པོ་ཁྲི་མང་སྲོང་མང་བཙན་དང་ཁྲི་འདུས་སྲོང་མང་པོ་རྗེ་གཉིས་ཀྱི་སྐུ་རིང་དུ་བློན་མཛད་པ་དང་། ཁྱད་པར་དུ་ཁྲི་འདུས་སྲོང་སྐུ་ན་ཕྲ་དུས་སུ་བློན་ཆེན་པོའི་ཁུར་དང་ལེན་གྱིས་ནང་གི་མཁོས་བགྱིས་ཤིང་ཕྱི་ཡི་དགྲ་བཏུལ་ནས་བཙན་པོའི་མངའ་ཐང་མུ་མཐུད་དུ་དར་བར་དམག་སྲིད་འབྱོར་བ་བཅས་ཕྱོགས་གང་ཐད་ནས་མཛད་རྗེས་གང་མང་བཞག་སྟེ་མི་ཚེ་ཡི་རིན ཐང་བསྐྱེད་ཀྱང་། མཐའ་མར་རང་སྲོག་རང་གིས་ལེན་དགོས་པའི་སྐྱོ་འབྲས་བྱུང་བ་ཡིན་ནོ། །།
ཟུར་བལྟའི་དཔྱད་གཞི།
1༽10༽23༽苏晋仁・通鉴吐蕃史料・[M]·拉萨:西藏 人民出版社,1985.5.12.16.17.
2༽3༽9༽12༽13༽14༽21༽22༽ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་ སྐྲུན་ཁང་གིས1995ལོར་པར་དུ་བསྐྲུན་པའི་<<བོད་ཀྱི་བརྡ་རྙིང་ཡིག་ཆ་་་ བདམས་བསྒྲིགས་>>ཀྱི་ཤོག་ངོས 75.78.399–402.75.75.76.77. 87བཅས་ན་གསལ།
4༽6༽15༽ 刘昫等撰《旧唐书》卷十七.列传第十七,
5༽ཏུན་ཨེ་ནི་སྤྱི་ལོ 197ནས 264བར་འཚོ་ལ་རྒྱལ་ཁབ་གསུམ་གྱི་དུས་ཀྱི་དམག་དཔོན་ཞིག་ཡིན།
7༽ དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གྱིས་བསྒྱུར་ཅིང་མཚོ་་་ སྔོན་མི་རིགས་དཔེ་སྐྲུན་ཁང་གིས 1983ལོར་པར་དུ་བསྐྲུན་པའི་<<ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་>>ཀྱི་ཤོག་ངོས་142 ན་གསལ།
11༽16༽17༽18༽杜佑撰《通典》卷一九零吐蕃传.见钦定 四库全书
19༽20༽ ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས 1997ལོར་ པར་དུ་བསྐྲུན་པའི་<<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་>>ཀྱི་ཤོག་ངོས་17.16ན་གསལ།
24༽ 王尧 陈践・敦煌本吐蕃历史文书[M]·北京: 民族出版社,1992.279.
རྩོམ་པ་པོ།
མཐའ་བ་བཀྲ་ཤིས་དོན་འགྲུབ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། སྔོན་མར་སློབ་གསོ་པུའུ་ཡི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་བསྐྱེད་སྲིང་འཆར་གཞི་དང་ཀན་སུའུ་ཞིང་ཆེན་རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི“ཁག་གཅིག་བཞིའི”ཤེས་ལྡན་མི་སྣའི་གྲས་སུ་བདམས། རྒན་ཁོང་རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་སྟེ་ཕྱི་རྒྱལ་ཏུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དག་སྒྲིག་གི་ལས་ཀར་ཞུགས་ཤིང་། བརྩམས་ཆོས་ལ་ཆེད་དེབ་གཉིས་དང་བསྒྱུར་དེབ་གཅིག རིག་གཞུང་དཔྱད་རྩོམ་40ལྷག་ཡོད།
ཡོང་ཁུངས། ཙོང་ཁ་དཔེ་ཁང་།


No comments:
Post a Comment