སྨུག་པ་འཐིབས་བྱུང་། སྨུག་པ་ནི་བོད་ཡིག་སློབ་འབྲིང་གི་མགོ་ལ་འཐིབས་བྱུང་ཨང་།
གནམ་གཤིས་ལ་ལྟ་ཤེས་མཁན་ཞིག་ཡིན་ཚེ། དེ་ཕྱིས་ནས་བོད་ཡིག་སློབ་འབྲིང་ལ་སྨུག་པ་འཐིབ་རྒྱུ་ཡིན་པ་ཤེས་སླ་ཡང་། ཉེ་ཆར་མ་གཏོགས་མི་མང་པོས་དེ་ཚུལ་མ་ཤེས། སྤྲིན་པ་དཀར་ནག་མཉམ་སྡེབ་ཀྱི་ཡོལ་བས་ཉི་འོད་འགོག་ཐུབ་པ་བྱུང་བའི་གླགས་དང་བསྟུན་ནས། སྨུག་པ་འདི་ཐོལ་གྱིས་བོད་ཡིག་སློབ་འབྲིང་གི་ནམ་མཁར་མཆེད་པ་རེད། ཚང་མ་གཉིད་ལས་སད་དུས། རང་གི་ལས་གནས་སྨུག་པས་བཏུམས་འདུག་པ་མཐོང་བ་དང་། ཁོར་ཡུག་གསར་པ་ལ་ཤིན་ཏུ་མི་ལོབ་པའི་སྐད་ཆ་རེ་བརྗོད་འདོད་ཅི་འདྲ་ཆེ་ན་ཡང་། ལས་གྲོགས་མང་པོ་ཁ་རོག་གེར། མགོ་བོ་སྒུར་ནས་རང་རང་གི་གཞུང་སྒྲུབ་མདུན་ཅོག་ཏུ་རང་གི་རེའུ་མིག་ཅི་ཞིག་སྐོང་བར་བྲེལ་བས། འཆམ་མཐུན་གྱི་བསམ་བློས་སེམས་མགོ་མནན་པ་དང་མཆིལ་མའི་གྲོགས་དང་བསྡེབས་ནས་མགྲིན་ལམ་གྱི་སྐད་ཆ་སྒོག་སེ་མིད་དགོས་བྱུང་།
ད་ལྟ་བཤད་ན། ཡོད་ཚད་ལེ་འདེད་ཀྱི་ཚིག་ཏུ་ཟད་མོད་ཀྱི། སྨུག་པ་ལངས་སའི་མཚོ། རྦབ་རྡོ་ཆད་སའི་བྲག་ཅེས་པ་ལྟར། བོད་ཡིག་སློབ་འབྲིང་གི་སྨུག་པ་ནི་ཕྱོགས་གཅིག་ནས་བཤད་ན་ང་ཚོའི་སྣང་མེད་དང་དག་སྣང་གི་བསམ་སྦྱོར་གྱིས་ཁྲིད་འོངས་པ་ཞིག་ཏུ་སྣང་། ང་ཚོ་ཡང་གནམ་གཤིས་གནས་ཚུལ་ཤེས་མཁན་དེ་དག་གི་ཁར་ཉན་ཏེ། གཅིག་རྒྱབ་གཅིག རྫ་རྒྱབ་གངས་བྱས་ནས་དར་ཕྱར་དུང་འབུད་ཀྱིས་ལྷ་གསོལ་ཀླུ་འབོད་བྱས་ཡོད་ན། སྨུག་པ་འདི་རི་ལ་མ་ཐོགས། རླུང་གིས་མ་ཆོད་པར་ཐད་ཀར་བོད་ཡིག་སློབ་འབྲིང་གི་མགོར་འཐིབས་ཨེ་ནུས་ཀྱང་སྙམ་མོ།།
སྤྱིར་བཤད་ན། སྨུག་པ་འདི་བོད་ཡིག་སློབ་འབྲིང་གི་ཁོར་ཡུག་ལ་ལྷུང་ཤས་ཤིན་ཏུ་ཆེ་སྟེ། བོད་ཡིག་སློབ་འབྲིང་གི་གནས་ཡུལ་ནི་རང་གའི་གནས་ཤིག་མ་ཡིན་པར་རྒྱབ་ན་རི་བོའི་འགྱིང་ལེགས་ཤིང་། མདུན་ན་ཆུ་མོའི་བཞུར་རྒྱུན་མཛེས་པ། དཔྱིད་ཀྱི་ཕོ་ཉའི་སྐད་སྙན་དང་པོ་འདི་ནས་གྲགས་པར་བཤད་ཅིང་། དགུན་གྱི་ཁ་བའི་མེ་ཏོག་བཞད་ས་ཆེས་ཆེ་བའང་འདི་ཡིན་སྐད། ཡུལ་འདིའི་ས་ཁམས། ས་འདིའི་གནས་གཤིས་ཀྱི་ཁྱད་ཆོས་ཆེས་མངོན་ས་འདི་ཡིན་པས། ཆུ་སྤྲིན་གྱི་འདུ་འགོད་ལས་བྱུང་བའི་སྨུག་པ་ཐོག་མར་འཐིབས་སའང་འདི་ཡིན་ཞེས་ལོ་རྒྱུས་ཀྱི་དེབ་ཐེར་དུ་གསལ་མོད། རང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་སྲོལ་མེད་པས་ན་འདི་དག་ཇི་ལྟར་ཤེས།
ཁྱོད་ཀྱིས་ལྟོས་དང་། སྨུག་པ་ནི་འདི་འདྲ་ཞིག་ཡིན་ཏེ། གྲང་ངར་མི་འདུག་ཅེ་ན་ཉི་མ་མེད་ལ། མུན་པ་མི་འདུག་ཅེ་ན་མདུན་ལྗོངས་མཐོང་དུ་མེད། སྨུག་པའི་ནང་དུ་སོང་གིན་སོང་གིན། མཐར་མིག་མདུན་གྱི་རྡོག་སྣེ་གང་བོས་ང་ཚོ་ཡིད་ཚིམས་ཏེ། རྒྱང་རིང་དང་ཨ་སྔོན་གྱི་མངའ་ཐང་བརྗེད་འགྲོ་ལ། རང་ཉིད་གང་ནས་འོངས་པའི་ཕྱིར་ལམ་ཡང་འདེད་མི་ཤེས་པར་འགྱུར། ཕར་བལྟས་ན། ཁྱོད་རང་གང་དུ་འགྲོ་བར་སྨུག་པས་བཀག་འགོག་ཕྲ་མོ་ཙམ་ཡང་བཟོ་ཡི་མེད་པ་འདྲ་མོད། དོན་དུ། ཁྱོད་ནི་ཇི་ལྟར་སོང་ཡང་སྨུག་པའི་ཆུ་རྡུལ་གྱི་དྲ་བ་ལས་གང་དུའང་ཕྱིན་མེད། སྨུག་པར་མཚོན་ན། ཁྱོད་ནི་སྒང་པ་བོད་ཀྱི་བྱིས་པ་གཅེས་པོ་ཞིག ང་ལ་མཚོན་ན། ཁྱོད་ནི་སྨུག་ལོང་ཁྲོད་ཀྱི་གྲོགས་པོ་ཀླད་མེད་ཅིག
དེ་ཡང་སྨུག་པ་འཐིབས་བསྡད་ན་གནས་འདི་བོད་ཡིག་སློབ་འབྲིང་ཡིན་པ་ཤེས་ཐབས་བྲལ་བ་དེ་རེད། སློབ་མ་གསར་པ་ཞིག་བོད་ཡིག་སློབ་འབྲིང་འཚོལ་དུ་སླེབས་ན། ང་ཚོས་ཅི་ཞིག་སྟོན་ནམ། བོད་ཡིག་སློབ་འབྲིང་འདི་རེད་ཅེས་མཛུབ་མོས་མདུན་ཕྱོགས་བསྟན་ན་དེ་ནི་སྨུག་པའི་ཕུང་པོ་ཞིག་མ་ཡིན་ནམ། སྨུག་ལོང་ཞིག་བསྟན་ནས་འདི་ནི་བོད་ཡིག་སློབ་འབྲིང་ངོ་ཞེ་ན་དམུས་མོང་ཞིག་ཡིན་ན་མ་གཏོགས་སུ་ཞིག་ཡིད་ཆེས་ངེས། ཆེས་གཙོ་བོ་ནི། སྨུག་པ་འཐིབས་ཡུན་རིང་ན། བོད་ཡིག་སློབ་འབྲིང་གི་སློབ་ཁང་དང་དཔེ་མཛོད་ཁང་སོགས་ཀྱི་གྱང་རྩི་ཆུ་རྡུལ་གྱིས་ཟོས་ཏེ། ཡོད་ཚད་སྨུག་པ་བཞིན་དཀར་མིན་ནག་མིན་ཏུ་འགྱུར་འགྲོ་བ་རེད།
གཞན་ཡང་སྨུག་པ་འཐིབས་བསྡད་ན། རང་ཅག་ནི་སྨུག་ལང་ལོང་ཁྲོད་ནས་མགོ་འཁོར་འགྲོ་བ་དེ་རེད། སྨུག་པས་ཁྱོད་ལ་རྡོག་སྣེ་གང་གི་བར་སྣང་སྤྲད་པ་དེ་ཁྱོད་ཀྱིས་རང་ལ་དབང་བའི་ནམ་མཁའ་ཐོབ་སོང་སྙམ་ནས་ཧ་ཅང་དགའ་བར་གྱུར་ཏེ། རང་ཁྱིམ་མཛེས་བཟོ་དང་། གླུ་ལེན་བྲོ་རྡུང་གི་ངང་ནས་ཉིན་མཚན་སྐྱེལ་ཞིང་། ཚོགས་པ་མང་པོ་བསྒྲིགས་ནས་ངུ་དགོད་སྐྱུག་གསུམ་བྲོ་བའི་བྱེད་སྒོ་སྣ་ཚོགས་སུ་གཡེང་བ་སོགས་ཤེས་རབ་ཀྱི་ཕ་མཐའ་མཐོང་བའི་སྒོ་ཀུན་འགོག་པ་ལ་ཐེ་ཅི་ཡང་མི་ཚོམ་པར་འགྱུར་ངེས། ཁྱོད་ཆེ་ན་ང་ཆེ། གཡག་ཆེ་ན་རྭ་ཆེ་བ་ནི་ཕྱོགས་གཅིག་ནས་བལྟས་ན་གུ་དོག་པའི་ཁོར་ཡུག་གིས་བསྐྲུན་པ་སྟེ། སྨུག་པས་ང་ཚོར་ཏག་ཏག་ཁོར་ཡུག་འདི་འདྲ་སྐྲུན་པ་རེད། དེ་ལས་ཀྱང་འཇིགས་སུ་རུང་བ་ནི། ང་ཚོས་སྨུག་པའི་ནང་ནས་ཕ་རོལ་མི་མཐོང་བར་མ་ཟད། མཚམས་ཤིག་ནས་ང་ཚོ་རང་ཉིད་ཀྱང་མི་མཐོང་བར་འགྱུར་བ་དེའོ།།
ང་དང་སྨུག་པ་གཉིས་ཀྱི་འབྲེལ་བ་རྒྱུན་རིང་ཞིང་དྭངས་མཐའ་མེད། ངའི་མེས་པོ་མི་ཉུང་བ་སྨུག་པའི་ནང་ནས་འཇིག་རྟེན་འདི་དང་བྲལ་སོང་ཟེར་ལ། ངའི་ཨ་ཕྱིའི་མིག་ནང་གི་ནག་ཐིག་ཚེ་གང་བོར་ཡལ་བ་མེད་པ་དེ་ཡང་སྨུག་པའི་ནང་ནས་བྱུང་སྐད། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། སློབ་ཆུང་སྐབས་སུའང་སྨུག་པ་འཐིབས་མྱོང་བ་དྲན་ལ། སློབ་འབྲིང་དང་སློབ་ཆེན་ནི་སྨོས་ཅི་དགོས། ནམ་ཡང་སེམས་སུ་ཐོགས་ནས་བསམ་གཞིག་དང་སྐྱོ་གདུང་གི་ཐ་མག་ལ་མེ་སྒྲོན་བྱེད་ནི། ཕ་ཡུལ་དུ་འཐིབས་པའི་སྨུག་པ་དང་། ལས་ཁུངས་སུ་འཐིབས་པའི་སྨུག་པ་དེ་རེད། དེ་བས། ང་ཞེ་ན། སྨུག་པའི་ནང་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན་ལ། སྨུག་པ་ཞེ་ན། ང་ལྟ་བུའི་མགོ་འཚོས་ནས་འགྲོ་འདུག་བྱེད་མཁན་ཞིག་ཡིན།
སྨུག་པས་ང་ལ་དོགས་པ་ཟ་བ་བཞིན། ངས་ཀྱང་སྨུག་པ་ལ་དོགས་པ་ཟ་བཞིན་ཡོད་སྟབས། བོད་ཡིག་སློབ་འབྲིང་གི་སྨུག་པ་མཐོང་འཕྲལ་ཕྱིར་བལྟས་མེད་པར་དབུགས་ཐེངས་གཅིག་གིས་རི་མགོ་མཐོན་པོ་ཞིག་བསྙེགས་ནས་ཕྱིན་པ་ཡིན། རྒྱུན་པར་ལུས་སྦྱོང་ཅུང་ཟད་བྱས་པ་ཤིན་ཏུ་སྨན་ཏེ། རང་གི་དམིགས་ཡུལ་གྱི་རི་རྩེར་བདེ་བླག་ངང་འབྱོར་བ་དང་། མྱུར་བ་མྱུར་དུ་མིག་མདུན་གྱི་ཡུལ་ལྗོངས་ལ་བལྟས་པ་ན། ཨ་ཙི། ཕྱི་རིམ་ནང་རིམ་དང་སྟེང་རིམ་འོག་རིམ་གྱི་ཟོལ་དུ་འཕྱོ་བའི་སྨུག་པ་ནི་བོད་ཡིག་སློབ་འབྲིང་གཅིག་པོ་མ་ཡིན་པར། ཕ་གའི་མི་དམངས་ཁྲིམས་ཁང་དང་ཚུར་ཀའི་མི་དམངས་སྨན་ཁང་སོགས་ལས་ཁུངས་མི་ཉུང་བ་ཞིག་ཏུའང་འཐིབས་འདུག་པ་མཐོང་བའི་མོད་ལ། བདག་གི་སེམས་པ་ནི་བསྐལ་པའི་བྲག་རྡོས་མནན་པ་ལྟར་ཤིན་ཏུ་ལྕི་བར་གྱུར་ཅིང་། བྱང་སྣེའི་འཁྱགས་རི་དང་ཕྲད་པ་ལྟར་ཤིན་ཏུ་གྲང་བར་གྱུར།
ནུབ་མལ་ལ་ཉལ་དུས། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས་ཡིན་ནམ། མི་རིང་བར་གཉིད་དུ་ཡུར་ཞིང་། རྨི་ལམ་ཡང་ཡག་པོ་ཐེངས་གསུམ་རྨིས་བྱུང་། རྨི་ལམ་མགོ་མའི་ནང་དུ། སྨུག་པ་དཀྲོག་མཁན་སྐོར་ཞིག་ཐོན་ཏེ། ང་ཚོ་ལ་སྨུག་པ་ཇི་ལྟར་དཀྲོག་ན་ད་གཟོད་སྨུག་པའི་ནང་ནས་མགོ་མི་འཁོར་བའི་ལམ་སྟོན་གནང་བཞིན་འདུག རྨི་ལམ་བར་མའི་ནང་དུ། ང་ཚོ་ཚང་མས་མཐུན་པའི་ལག་རྡང་སྦྲེལ་ཏེ་ཕྱོགས་གཅིག་ནས་ཕྱོགས་གཞན་དུ་སྨུག་པ་འདེད་བཞིན་མཆིས། རྨི་ལམ་ཐ་མའི་ནང་དུ། སྨུག་པ་ཇི་ཙམ་འཐིབས་ནའང་། སྨུག་པའི་ཁྲོད་ནས་བོད་ཡིག་སློབ་འབྲིང་ཞེས་པའི་སྒོ་བྱང་དེ་ལྷན་ནེ་ལྷང་ངེར་བུད་ནས་སྐལ་ལྡན་གཞོན་ནུའི་མིག་གི་རྒྱན་དང་ཡིད་ཀྱི་སོས་སྨན་དུ་གྱུར་འདུག ཀྱེ་མ། བདག་ནི་རྨི་ལམ་འདི་ལས་གཏན་དུ་མ་སད་ན་སྐྱིད་པ་ལ་ཨང་།
༢༠༢༢ ལོའི་ཟླ་༧ པའི་ཚེས་༡༤ ཉིན་ས་བོན་རྙེད་ཅིང་། ཟླ་༨ པའི་ཚེས་༡༥ ཉིན་ཡོངས་སུ་འགྲུབ་པར་བྱས།
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
མདོ་སྨད་རྔ་བ་ཁུལ་སྐ་ཆུ་རྫོང་གི་མི་ཡིན། ༢༠༠༦ལོར་མཚོ་སྔོན་དགེ་ཐོན་སློབ་གླིང་གི་བོད་དབྱིན་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན། སྐབས་དེའི་སློབ་གཉེར་སྐབས་སུ་དབྱིན་ཡིག་གི་ལམ་ནས་འཛམ་གླིང་རྩོམ་རིག་སློབ་སྦྱོང་བྱས་པ་དེ་ཁོའི་བོད་ཡིག་གི་སྒྲུང་གཏམ་གསར་རྩོམ་གྱི་གྲོགས་སུ་ཤར། ༢༠༠༤ལོའི་སྦྲང་ཆར་དེབ་བཞི་པའི་སྟེང་དུ་ཐོག་མའི་བརྩམས་ཆོས་ལོ་མའི་ཟིན་ཐོ་ཞེས་པ་སྤེལ་བ་ནས་བཟུང་། སྔ་ཕྱིར་བོད་ཀྱི་དུས་དེབ་གཙོ་གྲས་ཁ་ཤས་ཀྱི་སྟེང་དུ་སྒྲུང་གཏམ་རེ་འགའ་སྤེལ་མྱོང་། བརྩམས་ཆོས་གཙོ་བོ་ལ་སྒྲུང་གཏམ་ཕྱོགས་བསྒྲིགས་«སྐྱ་མོ་ལས་»དང་། སྒྲུང་རིང་«རྨི་ལམ་འཁྲུག་པའི་ལོ།» སྒྲུང་ཐུང་བསྡུས་དེབ་«ཕ་ཡུལ། ཕ་ཡུལ་»སོགས་ཡོད།
No comments:
Post a Comment