『རྩོམ་མཁན་ཧྥ་རའོ་སི་ཊི། སྒྱུར་མཁན་ན་བུན།』
གསེར་མདོག་གི་ནགས་ཀླུང་ཁྲོད་དུ། ལམ་སྣེ་གཉིས་ཁ་ཁ་སོ་སོར་གྱེས་འདུག
དགོང་པ་མ་ཚོམ། བདག་ནི་ཐོག་ཐག་ཏུ་ལམ་གཉིས་ལ་ཞུགས་ཐབས་མ་བྱུང་།
འགྲུལ་བ་ཞིག་གི་ཚུལ་དུ། བདག་སོམ་གཞིག་ངང་ཡུན་རིང་འགྲེངས་ནས།
ནགས་གསེབ་ཏུ་སྣོལ་བའི་སྐྱོག་མདོ་དེ་གར། བདག་གིས།
ལམ་ཕྲག་གཅིག་གི་ཕ་མཐར་རྒྱང་ལྟ་བྱས།
དེའི་རྗེས་སུ། བདག་རང་ལམ་ཕྲན་གཞན་དེར་ཞུགས་ཤིང་།
དེ་ནི་རྩྭ་ལྗང་གིས་ཁེངས་ཏེ། སྔར་སོང་གི་འགྲུལ་བའི་རྐང་རྗེས་ཙམ་མེད་པས།
ལྷག་ཏུ་ཡི་གར་འོངས། ལྷག་ཏུ་དང་བ་འདྲེན།
ཕར་བལྟས་ཚོད་ཀྱིས། ལམ་གཉིས་ཀྱི་གང་ཞིག་གདམས་ཀྱང་།
ཕན་ཚུན་རིག་འདྲ་བར་སྣང་།
ཞོགས་པ་དེར། སྟོན་ལོའི་གསེང་དུ་ལམ་གཉིས་ཀ་བདེ་གཟར་མེད་པར་འཐེན་ཞིང་།
ད་དུང་། འགྲུལ་བའི་རྡོག་བརྫིས་མ་ཐེབས་པར་གདའ།
ད་ནི། ལམ་ཕྲན་གཅིག་ཕྱིས་སུ་བགྲོད་པར་བྱའོ།།
དེ་ལྟ་ནའང་། རྡོག་ལམ་འདི་ལ་ཕ་མཐའ་བྲལ་པས།
བདག་སླར་ཡང་གནས་འདིར་སླེབས་མིན་རྗོད་ཁག
ནམ་ཉི་མ་ཞིག་ལ། ལོ་ཟླ་རྫོགས་ནས་རྒ་བར་གྱུར་རྗེས།
ཡུལ་གང་ཞིག་ཏུ། བདག་གིས་ཕྱིར་འདང་གི་མངན་པ་འཐེན་བཞིན།
མ་གདམས་པའི་ལམ་དེ་དྲན་སྲིད་ཅིང་།
བདག་གིས། གདོད་ནས་འགྲུལ་བས་བརྒལ་མ་མྱོང་བའི་ལམ་དེ་གདམས་པས།
ད་གཟོད་བདག་གིས། མི་ཚེའི་བགྲོད་ལམ་གཞན་ཞིག་ངེས་པར་གྱུར།
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
སྐུ་ཞབས་ཧྥི་རའོ་སི་ཊི་(Robert Frost 1874 – 1963)ཨ་རིའི་ཞིང་གྲོང་གི་གནའ་དེང་ལུགས་ཀྱི་རྩོམ་རིག་གསར་རྩོམ་མཁན་དང་འཁྲབ་གཞུང་རྩོམ་པ་པོ། སློབ་གསོ་བ་གྲགས་ཅན་ཞིག་རེད་ལ། ཡུལ་དེའི་མངའ་སྡེའི་གྲོང་ཁྱེར་སན་ཧྥ་རན་སེ་ཁོ་(San Francisco)ནང་འཚར་ལོངས་བྱུང་།
ཁོང་གི་སྙན་ངག་གསར་རྩོམ་གྱི་མཛད་རྗེས་གཙོ་བོ། ནུབ་གླིང་གི་སྲོལ་རྒྱུན་འབྲི་ཐབས་དང་དེང་རབས་ལུགས་ཀྱི་རྩོམ་ཐབས་གཉིས་ཟུང་དུ་སྦྲེལ་ནས། སྒྲ་རྒྱན་ཡང་མ་ཡིན་པར་ཚིག་རྐང་ལྔ་རེའི་ནང་བསྡུས་བརྗོད་ཀྱི་ཚུལ་དུ་བརྩམས་ཤིང་། རྩོམ་ཐབས་དེ་ནི་དུས་རབས་ཉི་ཤུ་བའི་ནང་བྱོན་པའི་ནུབ་གླིང་གི་དེང་རབས་ལུགས་ཀྱི་རྩོམ་མཁན་གཞན་དག་ལས་ཀྱང་གསར་རྩོམ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཏུ་བཞེད་ཅིང་། སྔ་རྗེས་སུ་ཐེངས་༤ ལ་ཨ་རིའི་ཆེས་མཐོའི་རྩོམ་རིག་གཟེངས་རྟགས་(Pulitzer prizes)ཐོབ་མྱོང་།
འཐུས་ཚབ་སྙན་ངག་ལ། <<རིན་ཐང་བྲལ་བའི་ལག་སྐྱེས།>>(The Gift Outright) <<མྱི་མ་ཞུགས་པའི་ལམ།>>(The Road Not Taken) <<ཁ་བ་ཟིམ་ཟིམ་གྱི་མཚན་མོར། བགྲོད་ལམ་ནགས་ཀྱིས་བཅད།>>(Stopping by Woods on a Snowy Evening) <<བར་གྱང་ལ་གཟབ་རོགས།>>(Mending Wall) སོགས་འདུག
No comments:
Post a Comment