[ སྐྱོན་ཡོན་གཉིས་ཀྱི་ཐོག་ནས་དཔྱད་བརྗོད་བྱ་དགོས། ]
ཡིད་ལྷུང་ཚེ་རིང་བཀྲ་ཤིས།
དེ་རིང་ཁ་སང་ནི་དྲྭ་ལམ་ཁག་སོ་སོ་ནས་བོད་ཡིག་མི་འབྲི་ཞིང་བོད་སྐད་མི་བཤད་པའི་ཚོགས་སྡེ་དང་མི་སྒེར་བཅས་ལ་མིང་བཏགས་མཛུབ་སྟོན་གྱིས་ཅིར་ཡང་སྡིགས་བཞིན་པའི་སྒང་ཞིག་རེད། དོན་དངོས་ཀྱིས་ལ་རྒྱ་དང་རིགས་ཞེན་གྱི་རྒྱབ་ལྗོངས་སུ་བཙན་ཕྱིའི་རྣམ་པ་ཙམ་གྱིས་འབྱེད་དཀའ་ན་ཡང་། འདི་ལ་གཞོན་སྐྱེས་གང་མང་མང་ཞིག་གིས་སེམས་ཁུར་དང་སྤོབས་པ་ཆེན་པོས་དཔྱད་བརྗོད་ཀྱི་རི་བོ་བརྩེགས་ཡོང་བ་ནི་དངོས་ནས་དགའ་འོས་པ་ཞིག་ཅི་ལ་མིན།
ལྷག་པར་དུ་བོད་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཉག་གཅིག་ཏུ་ལགས་པས། འདིའི་ཉམ་རྒུད་ལ་སེམས་ཁུར་དང་འཕེལ་རྒྱས་ལ་ཡི་རང་བྱེད་དགོས་པ་ནི་འུ་ཅག་སུས་ཀྱང་འགན་འཁྲི་ཡིན་པར་བཤད་ཅི་དགོས། དེའི་ཕྱིར་བོད་མི་རང་གི་འཁོར་ཡུག་ནས་མི་རིགས་རང་ལ་བོད་སྐད་མི་བཤད་ཅིང་བོད་ཡིག་མི་འབྲི་བ་ཡང་ངོ་ཚའི་གནས་རེད།
འོན་ཏེ་ང་ཚོ་ནི་གནས་ལུགས་དྲང་བདེན་གྱི་རྩ་བར་སྙེག་མཁན་ཞིག་ཡིན་ན། ད་ལྟ་སྡིགས་སྨོད་བྱེད་བཞིན་ཁོ་ཚོ་ཤི་བོ་རེད་འདུག་ཅེས་དང་བོད་གྲལ་ནས་ཕུད་ཀྱིན་ཡིན་ཟེར་སའི་གླུ་བ་དེ་ཚོས་བོད་ལ་བཞག་པའི་བྱས་རྗེས་ནི། སྦྲགས་སྐད་ཀྱིས་ལྷད་པའི་བོད་སྐད་འཁྱར་འཁྱོར་རེ་བཤད་ཤེས་པ་དང་། གྲོང་སྐད་ཕལ་སྐད་ཀྱིས་ལྷད་པའི་བོད་ཡིག་དག་ལ་མ་དག་པ་རེ་འབྲི་ཐུབ་པ་ཙམ་ལས་ལག་རྗེས་གང་ཡང་དམན་པའི་འུ་ཅག་ལས་ནི་ཡན་དང་ཡན་ཞིག་རེད། རྒྱལ་ཁབ་དང་མི་རིགས་གཞན་གྱིས་ནི་ཁོང་ཚོ་ལ་བོད་ཀྱི་གླུ་བ་གྲགས་ཅན་གྱི་སྙན་པ་མཐོ་རུ་སྒྲེང་ནས་མཆིས་ཤིང་འུ་ཚོས་དེ་ལས་ཡོངས་སུ་ལྡོག་འགྲོ།
མ་གཞི་ནས་ང་ཚོ་མང་པོ་ཞིག་གིས་སྐྱོན་རེ་རིག་བཞག་ན་ཐད་ཀར་མྱི་དེ་སྐྱོན་ཅན་མ་རུང་བ་ཞིག་ཏུ་བརྩི་ཞིང་། བོད་སྐད་རེ་མ་བཤད་ན་ཐད་ཀར་བོད་སྐད་གཏན་ནས་བཤད་མི་ཤེས་མཁན་དུ་འཇོག་པ་ནི། སྔ་རྒོལ་གྱི་འདོད་པ་མ་གོ་བར་དགག་སྒྲུབ་ཀྱི་ཉི་མ་ཤར་ཞེས་པའི་དཔེར་ལས་མ་འདས། དེའི་ཕྱིར་རི་བོང་ཅལ་འདྲོགས་ཀྱི་འུར་ལ་དགའ་བའི་ང་ཚོས་ངན་སྨད་ཁོ་ན་བྱེད་རྒྱུ་ལས་ཅི་ཡང་མི་ཤེས་པ་ནི་ང་ཚོའི་ངོ་ཚ་དང་། རང་མི་རིགས་ཀྱི་ཀུན་སྤྱོད་དང་ཤེས་རབ་ལ་སྨད་པའི་འབྲས་རྟགས་སུ་ཡང་གྱུར་འདུག་སྟེ། ལེགས་ཆ་ལ་ཕྲག་དོག་དང་སྐྱོན་ཆ་ལ་འཕྱར་སྨོད་ཉག་གཅིག་ལས་ཐབས་ཤེས་བླང་དོར་སོགས་ཀྱི་ལམ་སྟོན་རབ་ཏུ་དབེན་པས་སོ།།
དེའི་ཕྱིར་མི་གང་ཞིག་ལ་དཔྱད་བརྗོད་གནང་དུས་མི་དེའི་སྐྱོན་ཡོན་གཉིས་ཀྱི་ཐོག་ནས་གླེང་ཐུབ་དགོས་པ་ལས། ངན་པ་དགུ་འཛོམས་དང་ལེགས་ཆ་གཅིག་མེད་ཀྱི་སྐྱོན་བརྗོད་འདི་དག་ནི་མི་རིགས་རྩ་མེད་གཏོང་བའི་མཚོན་ཆར་ཡང་མི་འགྲོ་པའི་ངེས་པ་མེད། ད་འདི་ལྟར་ལྟས་ཡོང་ན་“བོད་ནི་ནང་ཕན་ཚུན་ཕྲག་དོག་དང་འགྲན་རྩོད་ཀྱི་ཀློང་དུ་ཤི་འགྲོ་”ཞེས་པའི་སྐད་ཆའི་ནང་ལ་ཏག་ཏག་འགྲོ་གིན་ཡོད་ཚོད་རེད། དེ་ནི་ང་ཚོའི་ལག་རྗེས་ཡིན་འགྲོ་ཨང་།
སྤྱིར་ན་མི་རིགས་དེའི་ཆབ་དཔལ་རིག་གསུམ་གྱི་འཕེལ་རིམ་དང་འཚར་ལོངས་ལ་དཔྱད་བརྗོད་ནི་མ་ཡོད་ཐབས་མེད་ཅིག་ཏུ་ལགས། འོན་ཀྱང་དཔྱད་བརྗོད་དེ་དག་མི་རིགས་དེ་གནས་པ་ལ་མཐུན་འགྱུར་དུ་འགྲོ་བ་ལས་གཞན་དུ་དགོས་པ་ཆུང་། བོད་སྐད་བཤད་པ་དང་བོད་ཡིག་འབྲི་བ་ནི་ང་ཚོའི་བྱས་རྗེས་དང་འཇོན་ཐང་དུ་བརྩི་རིན་གང་ཡང་མེད། དེ་ནི་རང་གི་ངོ་གདོང་མཚོན་བྱེད་ཙམ་ཡིན། དེ་མ་ཤོད་མ་བྲིས་པའི་ཕྱོགས་ནས་གནས་ལུགས་ཚུལ་མཐུན་གྱི་དགག་པ་ནན་གྱིས་རྒྱག་ཡོང་ན་དེ་ལ་རྟག་པར་དགའ་བསུ་ལས་མེད།
འོན་ཀྱང་བོད་མི་རིགས་ཀྱི་ངོ་དགོང་སྨད་པའི་སྐྱོན་བརྗོད་དེ་དག་ནི་ནམ་ཡང་འདོར་བྱ་ཡིན་པའང་ཤེས་ལོས་དགོས། མདོར་ན་མི་རིགས་རང་གི་ཀུན་སྤྱོད་མ་བརླག་པའི་སྒོ་ནས་འགྲོ་ཤེས་དགོས། ད་རུང་གཙོ་བོ་ངོ་མ་དེ་ནི་རང་ཉིད་ཀྱི་ངོས་ནས་བོད་ལ་ཞབས་འདྲེན་མ་ཤོར་བའི་ཐོག་ནས་གཞན་ལ་དཔྱད་བརྗོད་བྱས་ན་ལྷག་ཏུ་མཛེས་འགྲོ་སྙམ། དེས་ན་མི་དེའི་ལག་རྗེས་ལ་ཡི་རང་རྒྱབ་སྐྱོར་དང་སྐྱོན་ཆ་ལ་གུ་ཡངས་མཛུབ་སྟོན་བྱེད་པ་ནི་ཡར་རྒྱས་ཀྱི་མན་ངག་ཉག་གཅིག་ཡིན་པར་འདུག གང་ལྟར་ཡང་འུ་ཅག་གིས་དུས་ནམ་ཡིན་ཡང་སྐྱོན་བརྗོད་ཁོ་ནས་ཁྱེར་ཡོང་བའི་མཇུག་འབྲས་ལ་བལྟ་ཤེས་དགོས་སོ།།
༢༠༢༢/ ༩/ ༦
རྩོམ་ཁུངས། བོད་ཀྱི་རྩོམ་རིག
No comments:
Post a Comment