ཇེའུ་མི་རིགས་ཀྱི་ལོ་རྒྱུས་སྙན་ངག ཡ་ང་བའི་ཡུལ་བྱོལ་བ། I གསར།

ཡ་ང་བའི་ཡུལ་བྱོལ་བ། 


རྩོམ་མཁན་ཨུའུ་ཌིན། སྒྱུར་མཁན་ན་བུན།

གོ་ཐོས་སུ། གྲོང་ཁྱེར་འདི་གར་ཚེ་སྲོག་ས་ཡ་བཅུ་འཚོ། 

ཁ་ཤས་གཞལ་ཡས་ཁང་དུ་འཚོ། ལ་ཤས་ཁུང་བུར་འཛུལ་ནས་འཚོ། 

ད་དུང་ང་ཚོར་འཚོ་གནས་མེད། སྙིང་ཉེ། ད་དུང་ང་ཚོར་འཚོ་གནས་མེད།


གནའ་སྔ་མོར་ང་ཚོར་མེས་རྒྱལ་ཟེར་བ་ཞིག་ཡོད་མྱོང་ལ། དེ་དངོས་གནས་ཡིན་ཨང་སྙམ། 

འཛམ་གླིང་ས་ཁྲར་ལྟོས་དང་། དེ་གར་ཁྱོད་ཀྱིས་ང་ཚོའི་མེས་རྒྱལ་བརྙེད་ངེས། 

ང་ཚོ་རང་གི་མེས་རྒྱལ་དུ་ལོག་མི་ཕོད། སྙིང་ཉེ། ད་ལྟ་ང་ཚོ་རང་གི་མེས་རྒྱལ་དུ་ལོག་མི་ཕོད། 


ལྷ་ཁང་འདབས་ཀྱི་གྲོང་གསེབ་ཏུ། སྐམ་ཞིང་རྙིད་པའི་ལྡུམ་ཤིང་སྐྱེས་ཡོད། 

དཔྱིད་དཔལ་ཚེས་ཐེངས་རེར། གསར་སྐྱེས་མེ་ཏོག་ཁྲ་ལམ་མེར་བཞད། 

སྔོན་ཆད་ཀྱི་ལམ་ཡིག་བེད་སྤྱོད་མི་འདུག སྙིང་ཉེ། སྔོན་ཆད་ཀྱི་ལམ་ཡིག་བེད་སྤྱོད་མི་འདུག


དོན་གཅོད་པས་མདུན་ཅོག་སྒང་ལ་ཁུ་ཚུར་གྱིས་རྡེག་ནས། 

གལ་ཏེ་ཁྱོད་ལ་ཕྱི་སྐྱོད་ལམ་ཡིག་མེད་ན། ཁྱེད་རང་ཡུལ་ཤོར་བ་ཤི་བོ་ཞིག་རེད།ཅེས་ཟེར། 

ཡིན་ནའང་ང་ཚོ་ད་དུང་གསོན་པོ་ཡིན། སྙིང་ཉེ། ང་ཚོ་ད་དུང་གསོན་པོ་ཡིན།


ང་ཚོགས་ཁང་ཞིག་ཏུ་ཕྱིན། ཁོང་ཚོས་ང་ལ་རྐུབ་སྟེགས་ཤིག་སྤྲད་དེ། 

ལོ་རྗེས་མར་ཕྱིར་ལོག་རྩིས་ཡོད་དམ་ཞེས། ཞེ་ཚིག་མང་ཙམ་བསྲེས་ནས་དྲིས་སོང་། 

དེ་ལྟ་ནའང་དེ་རིང་ང་ཚོ་གང་དུ་ལོག་གམ། སྙིང་ཉེ། དེ་རིང་ང་ཚོ་གང་དུ་ལོག་གམ། 


ང་མི་མང་ཚོགས་འདུར་ཞུགས། ཚོགས་གཙོ་ཡར་ལངས་ནས། 

གལ་ཏེ་ང་ཚོས་ཁོ་ཚོ་ནང་ལ་ཡོང་བཅུག་ན། ཁོ་ཚོས་ངེད་ཅག་གི་ཉིན་རེའི་འཚོ་ཚིས་འཕྲོག་འགྲོ།" ཅེས་ཟེར། 

ཁོས་སྐད་ཆ་དེ་གཟས་ནས་ངེད་གཉིས་ལ་བཤད་པ་རེད། སྙིང་ཉེ། ཁོས་སྐད་ཆ་དེ་གཟས་ནས་ངེད་གཉིས་ལ་བཤད་པ་རེད། 


སྣང་བ་ཞིག་ལ། ངའི་རྣ་ལམ་དུ་འབྲུག་གྲགས་ནས་ཐོག་ལྡིར་སོང་སྙམ། 

ཧེ་ཊི་ལིར་ཡུ་རོབ་ལ་སླེབས་ནས།ཁོ་ཚོ་ངེས་པར་དུ་ཚར་གཅོད་དགོས།ཞེས་ཟེར། 

ཀྱེ་ཧུད། ང་ཚོ་ཧེ་ཊི་ལེར་གྱི་སེམས་ནང་ན་འདུག སྙིང་ཉེ། ང་ཚོ་ཧེ་ཊི་ལེར་གྱི་སེམས་ནང་ན་འདུག་ཨང་། 


ཧཱ་པ་ཞིག་སྟོད་གོས་ཁུད་དུ་གཅུད་དེ། རྣོ་ཁབ་གཟེར་བ་མཐོང་སོང་། 

སྒོ་ཆེན་བརྐྱངས་ཏེ། བྱི་ལ་ཞིག་ཁྱིམ་དུ་འཛུལ་བཅུག་པའང་མཐོང་སོང་། 

ཡིན་ནའང་དེ་ཚོ་འཇར་མན་གྱི་ཇེའུ་མི་རིགས་མ་རེད། སྙིང་ཉེ། དེ་ཚོ་འཇར་མན་གྱི་ཇེའུ་མི་རིགས་མ་རེད། 


ང་སྟེང་ཕྱོགས་ཀྱི་གྲུ་ཁར་སོང་ནས། གྲུ་གཟིངས་ཀྱི་འབབ་སྟེགས་སྟེང་དུ་བསྡད། 

ངས་ཉ་མོ་འཁྱུག་རྩལ་ལ་ལྟ་དུས། དེ་ཚོ་རང་དབང་ཡིན་པ་འདྲ། 

མ་མཐར་ཡང་གོམ་ཞེང་བཅུ་ཡི་མཚམས་ནས། སྙིང་ཉེ། མ་མཐར་ཡང་གོམ་ཞེང་བཅུ་ཡི་མཚམས་ནས། 


ངས་ནགས་ཚུལ་ཞིག་བརྒལ་དུས། སྡོང་སྟེང་གི་བྱ་ཚོགས་མཐོང་སོང་། 

དེ་ཚོར་ཆབ་སྲིད་པ་གདོད་ནས་མི་འདུག ཞེ་ལྷོད་ནས་གྲེ་འགྱུར་སྒྲོག 

དེ་ལྟ་ནའང་དེ་ཚོ་འགྲོ་བ་མིའི་རིགས་འདྲ་བོ་ཡེ་མི་འདུག སྙིང་ཉེ། དེ་ཚོ་འགྲོ་བ་མིའི་རིགས་འདྲ་བོ་ཡེ་མི་འདུག 


གཉིད་གོང་དུ། ངས་ཨར་ཁང་ཆིག་སྟོང་རྩེག་པའི་ཐོག་ཁང་ཞིག་མཐོང་སོང་། 

དེ་ལ་སྒེའུ་ཁུང་ཆིག་སྟོང་འདུག རྒྱ་སྒོ་ཆིག་སྟོང་འདུག 

དེ་ལྟ་ནའང་ང་ཚོར་དེའི་ནང་གི་གཅིག་ཀྱང་མི་དབང་། སྙིང་ཉེ། ང་ཚོར་དེའི་ནང་གི་གཅིག་ཀྱང་མི་དབང་། 


ང་ཁ་བ་ཟིམ་ཟིམ་འབབ་པའི་ཐང་སྟོང་ཞིག་ཏུ་བསྡད། 

དམག་དཔུང་སྟོང་ཕྲག་བཅུས། ཧྲག་སྒྲིག་ནས་མདུན་ཕྱོགས་སུ་འོང་གིན་འདུག 

ངས་ཁྱེད་རང་བཙལ་ང་རང་བཙལ། སྙིང་ཉེ། ངས་ཁྱེད་རང་བཙལ་ང་རང་བཙལ།


ཟུར་མཆན། <<ཡ་ང་བའི་ཡུལ་བྱོལ་བ་>>ཞེས་པའི་ལོ་རྒྱུས་སྙན་རྩོམ་འདི་སྙན་ངག་པ་ཨུའུ་ཌིན་གྱིས་ཕྱི་ལོ་༡༩༣༩ ལོར་གསར་རྩོམ་མཛད་ཅིང་། སྙན་རྩོམ་འདིའི་ནང་དུ་དུས་སྐབས་དེར་ནཱ་ཙེ་འཇར་མན་གྱི་དམར་གསོད་འོག་ཏུ། སྐྱབས་མེད་མགོན་མེད་ཀྱི་ཇེའུ་མི་རིགས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་འཁྱར་བའི་གནས་སྟངས་དང་དེའི་ལོ་རྒྱུས། ཧེ་ཊི་ལེར་གྱི་གཉའ་གནོན་དང་དེའི་འཇིགས་སྐྲག མི་རིགས་དབྱེ་འབྱེད་ཀྱི་བྱུང་རིམ་ལོ་རྒྱུས་དངོས་བརྩམས་པར་བཞེད།



རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས། 

སྐུ་ཞབས་ཨུའུ་ཌིན་(W.H Auden 1907 - 1973)དབྱིན་ཡུལ་དུ་སྐྱེས། ནུབ་གླིང་གི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གསར་རྩོམ་ཐད་ནས་མཛད་རྗེས་རླབས་ཆེན་བཞག་མྱོང་བའི་སྙན་ངག་པ་གྲགས་ཅན་ཞིག་རེད། ནུབ་ཕྱོགས་ཀྱི་རྩོམ་རིག་གར་སྟེགས་སུ་ཁོང་ལ་ ༼དུས་རབས་ཉེར་གཅིག་པའི་བསམ་བློ་བ་ཆེན་པོ་༽ ཞེས་པའི་མཚན་གནས་ཐོབ་མྱོང་། ཁོང་གི་སྙན་ངག་གསར་རྩོམ་གྱི་ཁ་ཕྱོགས་གཙོ་བོ་དེང་རབས་ལུགས་ཀྱི་རྩོམ་ཐབས་སྤྱད་ནས། འཛམ་གླིང་དམག་ཆེན་དང་པོ་གཉིས་པའི་སྔ་རྗེས་ཀྱི་ཆབ་སྲིད་རིག་པ་དང་སྤྱི་ཚོགས་རིག་པ། སེམས་ཁམས་རིག་པ། ལྷག་པར་དུ་ངན་རུལ་དུ་གྱུར་བའི་ཀུན་སྤྱོད་དང་མི་གཞི། དེ་འབྲེལ་གྱི་སྤྱི་ཚོགས་འཚོ་གནས་ཀྱི་གནད་དོན་གཙོ་སྙིང་དུ་འཛིན། 

སྙན་རྩོམ་གཙོ་བོར་<<ཡ་ང་བའི་དུར་མཆོད་>(Funeral Blues) དང་། <<འཇིགས་སྐྲག་གི་དུས་རབས།>>(The Age of Anxiety) <<རྒྱ་མཚོ་དང་མེ་ལོང་>>(The Sea and the Mirror)སོགས་འདུག 




No comments:

Post a Comment

Adbox